བོད་མིའི་འབྱུང་གནས། མཛེས་པའི་ལྷོ་ཁ།

ཚེ་དབང་དཔལ་འབྱོར།

བརྗིད་ཆགས་རི་བོ་ཧི་མ་ལ་ཡའི་བྱང་གི་རྒྱུད།།
ཆུ་མོ་ཡར་ཀླུང་གཙང་པོའི་དཀྱིལ་མཚམས་གནས་གྱུར་པའི།།
གངས་ཅན་ཁ་བའི་ལྗོངས་ཀྱི་ལོ་རྒྱུས་ཆུ་མགོ་སྟེ།།
རིག་གནས་ཕ་སའི་ཞིང་གི་ལྷོ་ཁའི་རྒྱན་འགའ་གླེང་།།

བོད་ཀྱི་གནས་རི་རྩ་ཆེན་གོང་པོ་རི་སྟེང་དུ།།
ཕ་རྒྱུད་སྤྲེལ་རྒན་བྱང་ཕྱུག་སེམས་དཔའ་ཆེན་པོ་དང།།
མ་རྒྱུད་བྲག་གི་སྲིན་མོ་མཉམ་དུ་བསྡུས་པ་ལས།།
བོད་ཀྱི་མི་རྒྱུད་འབྱུང་ཡུལ་གནས་མཆོག་ལྷོ་ཁའི་རྒྱན།།

འཛམ་བུའི་གླིང་དུ་སྙན་གྲགས་བ་དན་རབ་གཡོ་ཞིང་།།
བོད་ཀྱི་དགོན་སྡེ་ཐོག་མར་ཡོངས་སུ་གྲགས་གྱུར་པའི།།
བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྲུབ་གཙུག་ལག་ཁང་།།
གནས་མཆོག་ལྷོ་ཁའི་རྒྱན་དུ་གྱུར་བ་ཨེ་མ་མཚར།།

གནའ་བོའི་བོད་ཀྱི་བཟོ་བསྐྲུན་བཀོད་པ་དམིགས་བསལ་ཅན།།
སྙན་གྲགས་རབ་གཡོའི་པུར་རྒྱལ་བཙན་པོའི་གདན་གྱི་ས།།
བོད་ཀྱི་མཁར་གྱི་ཐོག་མར་ཡོངས་སུ་གྲགས་གྱུར་བའི།།
ཕོ་བྲང་ཡུམ་བུ་བརླ་མཁར་གནས་མཆོག་ལྷོ་ཁའི་རྒྱན།།

 

མི་ལས་ཚེ་སྟོད་བསགས་པའི་སྡིག་སྒྲིབ་དག་པའི་ཕྱིར།།
མར་པའི་བཀའ་བཞིན་བཞེངས་པའི་བཟོ་བཀོད་དགུ་བརྩེགས་ཅན།།
བཀའ་རྒྱུད་བསྟན་པའི་མ་དགོན་སྲས་མཁར་དགུ་ཐོག་དགོན།།
གནས་མཆོག་ལྷོ་ཁའི་རྒྱན་དུ་གྱུར་པ་ཉམས་རེ་དགའ།།

ཁུ་བྱུག་ལོ་རྒྱུས་འབྲེལ་བའི་བྱ་ས་ལྷ་ཁང་གཅིག།།
མུ་ཏིག་ཐང་ག་བཞུགས་པའི་ཁྲ་འབྲུག་ལྷ་ཁང་གཉིས།།
ལོ་རྒྱུས་གནས་འབབ་མཐོ་བའི་བཙན་ཐང་ལྷ་ཁང་གསུམ།།
ཡར་ཀླུང་གནས་གསུམ་ལྷོ་ཁའི་རྒྱན་དུ་གྱུར་བར་མཚར།།

མིག་ལ་ཕན་པའི་ངོ་མཚར་རྟག་སྤྱན་འབུམ་པ་གཅིག།།
ཚེ་ལ་ལྷག་པར་ཕན་པའི་ཚེ་བཅུད་འབུམ་པ་གཉིས།།
བསོད་ནམས་གོང་དུ་འཕེལ་བའི་དགོན་ཐང་བུམ་པ་གསུམ།།
ཡར་ཀླུང་རྟེན་གསུམ་ལྷོ་ཁའི་རྒྱན་དུ་གྱུར་བར་མཚར།།

དབེན་གནས་བསམ་ཡས་མཆིམས་བུའི་ནགས་ཀྱི་དུར་ཁྲོད་གཅིག།།
ངོ་མཚར་ཡར་ཀླུང་ཤེལ་གྱི་བྲག་གི་དུར་ཁྲོད་གཉིས།།
གྲ་སྣང་ཟངས་མཚོའི་སྤང་གི་དུར་ཁྲོད་ཆེན་པོ་བཅས།།
ཡར་ཀླུང་གྲགས་ཅན་དུར་ཁྲོད་རྣམ་གསུམ་ངེད་ཚའི་རྒྱན།།

བོད་རྒྱལ་སྲོང་བཙན་སྒམ་པོས་གཙོ་བྱས་ངོ་མཚར་ས།།
རྒྱལ་རབས་རིམ་བྱོན་བཞུགས་པའི་གནས་ཀྱི་བྱིན་ས་ཅན།།
ངོ་མཚར་ཁྱད་འཕགས་ཅན་གྱི་བཙན་པོའི་བང་གསོ་དག།།
གནས་མཆོག་ལྷོ་ཁའི་རྒྱན་དུ་གྱུར་བར་ཨེ་མ་མཚར།།

ཁྱད་འཕགས་ས་ཡི་གླིང་གི་ཞིང་ས་གཤིན་པོའི་ཕུད།།
རིན་ཆེན་འབྲུ་རིགས་སྣ་ལྔ་དར་བའི་ངོ་མཚར་ས།།
བོད་ཀྱི་ཞིང་གི་ཐོག་མར་གྱུར་བའི་སྦ་རས་ཞིང་།།
ངེད་ཚོ་ལྷོ་ཁའི་རྒྱན་དུ་གྱུར་པ་ཉམས་རེ་དགའ།།

ངོ་མཚར་ཆགས་དབྱིབས་ཁྱད་འཕགས་ཅན་གྱི་མཚོ་ཡི་གནས།།
རྒྱལ་ཕྱིའི་ཡུལ་སྐོར་མ་བོས་མགྲོན་བཞིན་འཁོར་བའི་ས།།
སྐད་དུ་གྲགས་པའི་མཚོ་མོ་ཡར་འབྲོག་གཡུ་མཚོ་འདི།།
གནས་མཆོག་ལྷོ་ཁའི་རྒྱན་དུ་གྱུར་བ་ཨེ་མ་མཚར།།

འཛམ་བུའི་གླིང་དུ་ཁྱད་འཕགས་ལྡན་པའི་སྒྱུ་རྩལ་རིགས།།
འཕྱོང་རྒྱས་སྤུན་བདུན་འབག་དཀར་ལྷ་མོས་གཙོ་གྱུར་བའི།།
ཡར་ཀླུང་བཀྲ་ཤིས་ཞོལ་པའི་ལྷ་མོའི་ཚོགས་པ་སོགས།།
གནས་མཆོག་ལྷོ་ཁའི་རྒྱན་དུ་གྱུར་པ་ཉམས་རེ་དགའ།།

ས་མཐོའི་ཁྱད་འཕགས་འབུར་དུ་ཐོན་པའི་རང་བྱུང་མཚེའུ།།
མ་འོངས་ལས་ཀྱི་མངོན་གཟིགས་ལུང་སྟོན་ཁྱད་འཕགས་གནས།།
ངོ་མཚར་ཅན་གྱི་དཔལ་ལྡན་ལྷ་མོའི་བླ་མཚོ་དེ།།
གནས་མཆོག་ལྷོ་ཁའི་རྒྱན་དུ་གྱུར་པ་ཨེ་མ་མཚར།།

སྔོ་ལྗང་ཚང་ཚིང་ནགས་ཀྱི་བཏུམ་པའི་ངོ་མཚར་ཡུལ།།
རང་བྱུང་ཁམས་ཀྱི་མཛེས་པ་རབ་འཕྲོག་རོང་ཡུལ་ཅན།།
ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཡུལ་མོན་གྱི་ཡུལ།།
གནས་མཆོག་ལྷོ་ཁའི་རྒྱན་དུ་གྱུར་བ་ཉམས་རེ་དགའ།།

དཀར་མོ་འབྲུ་ལས་ཐོན་པའི་ས་མཐོའི་སྨན་གྱི་བཟང་།།
འཛམ་གླིང་ཡང་རྩེའི་མཆོག་ཏུ་གྱུར་བའི་ཟས་ཀྱི་རིགས།།
ནད་རིགས་དུ་མ་བཅོས་པའི་ཡར་ཀླུང་གསོལ་ཞིབ་འདི།།
ང་ཚོ་ལྷོ་ཁའི་རྒྱན་དུ་གྱུར་བ་ཨེ་མ་མཚར།།

གཡང་དཀར་ལུག་གུའི་བལ་ལས་ཐོན་པའི་རྒྱུ་སྤུས་གོས།།
གྱོན་ན་ལུས་ལ་འཇམ་ཞིང་རང་རིགས་ཁྱད་ཆོས་མངོན།།
རྒྱལ་ཕྱིར་སྐད་དུ་གྲགས་པའི་གྲ་སྣང་སྣམ་བུ་འདི།།
ངེད་ཚོ་ལྷོ་ཁའི་རྒྱན་དུ་གྱུར་བ་ཉམས་རེ་དགའ།།

མདོར་ན་ལོ་རྒྱུས་རྡོ་རིང་ལྷོ་ཁའི་ཡུལ་གྲུ་འདིར།།
ངོ་མཚར་ཅན་གྱི་གནའ་ཤུལ་བགྲང་གྱི་མི་ལང་བས།།
གོང་གསལ་དག་ནི་རྒྱ་མཚོའི་ནང་གི་ཆུ་ཐིགས་ལས།།
ཞིབ་རྒྱས་ཤེས་དམན་དབང་གི་སྨྲ་བར་མི་སྤོབས་སོ།།

 2016ལོའི་ཟླ་བ1པོར་གམ་པ་རྫོང་གུར་མེ་ཤང་བཅའ་སྡོད་ས་ནས།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།