མ་དག་སེམས་ཀྱི་རང་གཤིས།

                          ཤོ་ཤར་ཨ་ཡུ་རཱ་ཛས། 

  
སྐབས་རེ་འཇིག་རྟེན་ཆོས་ལ་ཞེན་ལོག་སྐྱེ།།
མཚམས་རེ་འཁོར་བའི་ཕུན་ཚོགས་གཉེར་ཡང་འདོད།།
སྐབས་མཚམས་སྐད་ཅིག་འགྱུར་སྐྱེན་སེམས་པ་འདི།།
རླུང་འཁྱེར་བྱ་སྒྲོའི་སྤུན་འགྱུར་ངེས་གཏན་ཅི།།

མཐོན་པོའི་སྟེགས་ནས་བལྟས་ན་དམའ་མོ་སྐྱིད།།
དམའ་མོའི་གདན་ནས་བལྟས་ན་མཐོན་པོ་སྐྱིད།།
མཐོ་དམན་གང་ནས་བདེ་བ་མ་རྙེད་པའི།།
མ་དག་སེམས་ཀྱི་གཤིས་འདི་ཀྱེ་མ་ཧུད།

འཕྱོར་པོ་ཡོད་ཀྱང་འཕྱོར་འདོད་རྫས་བྱུགས་བྲེལ།།
ཕྱུག་པོ་ཡོད་ཀྱང་ཕྱུག་འདོད་སེར་སྣས་བཅིངས།།
ལྟོ་རྒྱབ་ཕྱིད་ཀྱང་འདོད་པས་རྐུ་ལ་བཞུགས།།
འདོད་པའི་རྒྱར་ཚུད་སེམས་འདི་ནམ་ཞིག་ཐར།།

ཁ་ནས་ཐུབ་པའི་ཚིག་ནི་རེ་ཟུང་བཟླས།།
ཞེ་ནས་མ་རུངས་མི་དགེ་ཅི་ཡང་གསོག།
ཚུལ་འཆོས་བཅོས་མར་དགའ་བའི་སེམས་པ་འདི།
བཅོས་མིན་ཆོས་ཀྱི་གཤིས་ལ་ནམ་ཞིག་འབྱོར།།

ལང་ཚོ་ནམ་མཁའི་འཇའ་འདི་བརྟན་ན་རེ།།
རྒས་ནས་སྐྲ་དཀར་སོང་སོང་འཚོ་ན་རེ།།
གསོན་ནས་ལྟོ་རྒྱབ་གཏམ་གསུམ་ངན་ལ་དྭོགས།།
རེ་དྭོགས་འཕྲང་ལ་ལུས་པའི་སེམས་འདི་ཅི།།
 
གཅིག་གི་རྫུན་ཆེན་གསུམ་གྱིས་ལད་མོ་བྱེད།
དེ་ཡི་རྟིང་མར་དྲུག་གིས་འུད་པོར་སྨྲ།།
མཐའ་མར་འུད་ཤོབ་རྫུན་ཆེན་ཀུན་གྱིས་བྱེད།
ནང་སེམས་ཅལ་འདྲོགས་གཤིས་འདི་ང་ཡིས་མཐོང་།།

མཁས་པས་མཁས་པའི་རྒྱབ་ཏུ་འཕྱ་དམོད་བྱེད།
བླུན་པོས་བླུན་པོའི་མདུན་དུ་ཡོད་ཡོད་གླེང་།།
མཁས་བླུན་ཀུན་ལ་རང་ཉིད་ཆེ་འདོད་ཀྱི།།
སེམས་ཀྱི་གཤིས་ཀ་རྡོ་རྗེའི་བྲག་ལས་བཙན།།

རང་སྐྱོན་རྫབ་དྲི་བཅོས་མའི་དར་གྱིས་བཀབ།།
གཞན་སྐྱོན་ནག་ནོག་བར་སྣང་ཁམས་སུ་འཕྱར།།
གཞན་མཚང་སྒྲོག་ནུས་རང་སྐྱོན་མ་ནུས་པའི།།
མ་དག་སེམས་ཀྱི་གཤིས་འདི་ག་དུས་དག།

ད་ལྟ་འདི་རུ་དེ་འཕྲལ་གཞན་ལ་གཡོ།།
ད་ལྟ་བདེ་ཡང་དེ་འཕྲལ་སྡུག་བསྔལ་མྱོང་།།
བདེ་སྡུག་སྐད་ཅིག་མྱོང་སྐྱེན་སེམས་པ་འདི།།
འཁོར་བ་མུན་པའི་ཐང་རུ་ཧད་དེ་ལུས།།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།