ཞེ་ལ་ཐོག་པའི་བུ་མོ།

                     ཧ་སྲས་སྤྲིན་ཆར།


ཁ་ཚིག་འཇམ་པོ་ཡིན་པས་སྙིང་གི་ཕྱེད་ལ་ཐོག་སོང་།།
ཞེ་འདང་དམ་པོ་ཡིན་པས་བརྩེ་བའི་རི་མོ་བྲིས་སོང་།།
འགྱུར་མེད་བརྩེ་བ་མཚོན་པའི་མཚན་མོ་ཟླ་བའི་འོག་ནས།།
གསང་གཏམ་ཤུབ་ཤུབ་བཤད་པ་ད་རུང་ཡིད་ནས་བརྗེད་མེད།།
ཞེ་མཐུན་ཁྱོད་ཉིད་དྲན་པ་ལུས་ཀྱི་བ་སྤུའི་མང་ཡིན།།

གསང་བའི་བརྡ་རྟགས་དམར་པོ་ཤོག་དཀར་སྟེང་ལ་བྲིས་ཡོད།།
ཟིན་ཐོ་བོར་བརླགས་མེད་ན་ད་རུང་འབྲི་རྒྱུ་བྱས་ཡོད།།
ཁ་སང་གླེང་བའི་གཏམ་རྒྱུད་དེ་རིང་རྒྱང་ལ་སྐུར་མེད།།
ཕན་ཚུན་འཐད་པ་མིན་ན་བཙན་པོས་སྒོ་ཁ་མི་རྡུང་།།
ལ་གཞས་ཚོད་ཚོད་མི་ལེན་སེམས་ལ་རྨ་ཁ་ཕོག་འགྲོ།།

རྫ་མགོའི་རྫི་རོགས་བུ་མོ་ཞེ་ལ་ཐོག་པ་མིན་ན།།
མགོ་དཀྲིས་གློ་ཁ་དེ་ནི་ཁྱོད་ཀྱི་ཕྱོགས་ལ་མི་གཏོང་།།
ཞེ་ནས་བརྗེད་མེད་ཡིན་འདྲའི་དམ་ཚིག་དམར་ནག་དེ་ཡང་།།
བྲག་རིའི་ངོས་ལ་མི་བརྐོ་རང་གི་རུམ་ལ་བཅུགས་ཆོག། 
ཞེ་སེམས་གཙང་བོར་མ་འདྲེས་བུ་མོ་ཁྱོད་ལ་འདྲིས་སོང་།།

མཚན་ལམ་རིང་མོ་རིང་མོ་མི་ཚེའི་འཁྲབ་གཞུང་ཡིན་ན།།
འཁྲབ་ཚིག་རེ་རེའི་བར་ན་བུ་མོའི་གཤིས་ཀ་སྦས་ཡོད།།
གཞུང་རྒྱུད་དྲང་མོ་དྲང་མོ་ང་ཡི་ཡིད་རྟོན་ཡིན་ན།།
འཕྲིན་ཡིག་བརྒྱ་སྟོང་མང་བོ་བུ་མོའི་ཕྱོགས་སུ་བསྐུར་འདོད།།
ཞེ་ལ་ཐོག་པའི་བུ་མོ་གླིང་གི་འབྲུག་མོའི་ཡན་རེད།།

ལུས་སེམས་གཉོམ་པོ་གཉོམ་པོ་ཞེ་མཐུན་བུ་མོ་ཁྱོད་རེད།།
སྣང་བ་ཨ་འགྲིག་ཆ་འགྲིག་ངེད་གཉིས་ལས་དབང་འདི་རེད།།
སེམས་ཀྱི་གཏད་སོ་གཅིག་ལ་ལས་ཀྱི་བསྐོས་ཐངས་འདྲ་བ།།
ལ་ཁའི་ཉི་འོད་བཞིན་ཏུ་འཕགས་པའི་ཡུལ་ལ་སོང་ཡང་།།
བརྗེད་རྒྱུ་མེད་པའི་བུ་མོ་ཁྱོད་ལས་སུ་ཞིག་ཡོད་རེད།།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།