སྒམ་པོ་བའི་ཆེ་བཤད།

ཐང་འཁོར་སྒྲོལ་མ་སྐྱབས།(ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན།)

 _____1.jpg

རང་མོས་འཚོ་གཞེས་གནང་བའི་རང་གནས་གྲུ་ག་རེ་ནས།།
ཉིན་མཚན་སོར་མོས་བགྲངས་ལ་དུས་ཀྱི་ཅོང་བརྡ་མི་ཐོས།

ལྟོ་བའི་རྒྱ་ཁྱོན་ཉེར་འཛིན་ཕོར་བའི་མངའ་ཐང་བརྩད་ན།།

སྐྱིད་སྡུག་མི་ཚེའི་སྙིང་བོ་དོན་མེད་གཡང་ལ་འཐིམ་འགྲོ།།


ཉེར་གཅིག་དུས་རབས་བགྲོད་པའི་ཐེམ་སྐས་གོམ་པས་མ་ཚོར།།

ཚན་རྩལ་ཤེས་བྱའི་དུང་བརྡ་ཉན་ཐོས་རྣ་བས་མ་གོ།།

ཨུ་ཚུགས་སྤྱོད་པ་རྩིང་པོ་ང་རྒྱལ་མདོག་ཏུ་སྦྲུམ་ན།།

དོན་གཉིས་རི་མོ་མཇལ་མིན་མཐོང་གསལ་སེམས་ཀྱི་མེ་ལོང་།།


ལྷ་ཆོས་དར་དཀར་རིང་མོ་རྨོངས་པའི་མུན་པས་བཏུམས་ཤིང་།།

མི་ཆོས་གཙང་མའི་རྒྱན་ཆ་མདོ་མེད་སྲོལ་ཏུ་འཁུམས་ན།།

དུད་འགྲོའི་སྤྱོད་པའི་ལས་ལ་ཚད་མ་གཉིས་པ་འཁྲུངས་སམ།།

མ་གཏོགས་རང་བློར་རྟོགས་དང་མི་དཔོག་ལྐོག་གྱུར་མ་ཡིན།།


གནོད་ལྡན་དུ་བའི་དུག་རྫས་ཞིམ་པོའི་ལས་སུ་སྤྱོད་ལ།།

ར་རོའི་ཆང་གི་ནུས་པས་དུད་འགྲོའི་བརྟུལ་ཞུགས་བཟུང་ན།།

དོན་ཀྱི་སྐྱེས་བུ་ཡིན་ནམ་ཀླད་སྙིང་དུག་གིས་བཟོས་པའི།།

ཡིན་མདོག་མི་ཚུགས་བཟུང་ཡང་སྙིང་བོ་གང་ནས་འཁྲུངས་སམ།།


མདོ་མེད་གཏམ་གྱི་རྔ་མ་མནའ་ཚིག་བརྗིད་པོས་བརྒྱན་ཏེ།།

གཡོ་སྒྱུའི་ཟློས་གར་ཟོལ་མ་བཅོས་མའི་འཛུམ་གྱིས་སྤྲས་ན།།

སྙིང་བོ་དོན་ལ་འབྱོར་རམ་གཟུགས་འཛིན་མི་ཚུགས་འཁྱོག་པོ།།

བེམ་པོའི་གཟུགས་བརྙན་མ་གཏོགས་མི་ཡི་རང་ཆོས་མི་འཕྲོད།།


ཕ་མའི་རེ་བ་མི་འགྲུབ་རྔུལ་ཕྲག་ས་རུ་ཟགས་ཤིང་།།

རྒན་གྱི་བསླབ་བྱ་མི་ཐོས་ཟང་ཟིང་འཚོ་བས་བཟི་སྟེ།།

གྲོགས་པོའི་བརྩེ་བ་ཟབ་མོ་སྒོར་མའི་རིན་གྱིས་ཉོས་ན།།

སེམས་ལ་བདེ་སྣང་འབྱོར་རམ་མི་ཚུགས་བདུད་ཀྱི་བང་མི།།


རིལ་འཛིན་གོ་ལ་ཟླུམ་པོ་ཚན་རྩལ་ཤེས་བྱས་ཁྱབ་ཀྱང་།།

རྩིང་གཤིས་སྡོང་རྐང་འཁྱོག་པོར་རེ་བའི་ལོ་འདབ་མ་སྨིན།།

རྨོངས་མུན་གྲོག་རོང་ནང་ལ་འོད་ཀྱི་ཟེར་མ་མི་འཕྲོ།།

མཁྲེགས་གྱོང་ཨུ་ཚུགས་ཚ་པོ་རང་རུས་བརླག་པའི་རྒྱུ་རེད།།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།