ང་དང་ཁྱོད་ཀྱི་ལས་དབང་།

སྦྲ་སྲས་གངས་བུ་འཛུམ་གྲོལ།

འཚོ་བ་ཟེར་བ་སྡུག་གི་རི་མོ།།

འཇིག་རྟེན་འཁོར་བ་དགོད་གཏམ་རྩེར་མོ།།

སྐྱོ་བའི་སྡུག་གཏམ་ན་ཟུག་འཚོ་བ།།

ང་དང་ཁྱོད་ཀྱི་ལས་དབང་དམར་པོ།།

 

མཛེས་སྡུག་གངས་ཅན་ཁ་བའི་ཡུལ་གནས།།

བདེ་བདེ་སྐྱིད་སྐྱིད་འདྲ་བའི་འཚོ་བ།།

དཀའ་སྡུག་མིག་ཆུའི་ཕྲེང་ཐག་རི་མོ།།

ང་དང་ཁྱོད་ཀྱི་འཁོར་བའི་ལས་དབང་།།

 

 དྲན་གདུང་སྙིང་གི་དམར་ཆུང་དམ་བུ།།

ལྷག་བསམ་ཟླ་བའི་འོད་ཟེར་ལམ་ལམ།།

བརྩེ་དུང་འགྱུར་མེད་མཚོ་མོ་རང་འཁྱིལ།།

ང་དང་ཁྱོད་ཀྱི་ལས་དབང་ཟབ་མོ།།

 

 ཞེ་མཐུན་སྙིང་གི་དམར་ཆུང་བུ་མོ།།

གཡང་འཁྱིམ་དྲོན་མོའི་ལྷན་འཛོམས་དགོད་སྒྲ།།

སྐྱིད་ལ་སྡུག་པས་འཚོ་བའི་རང་མདངས།།

ང་དང་ཁྱོད་ཀྱི་འཚོ་བས་ལས་དབང་།།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།