《ཤིང་སྐྱ་ཆུ་རིས》དཔེ་འཕྲིན་དང་འབྲེལ་བའི་གཏམ་གར་བཏང་གོ་ཆོད་མ།

སྙན་ངག་ནི་མ་གཞི་ནས་ཡི་གེའི་སྒྲིག་སྦྱོར་ལས་གྲུབ་པའི་རྩོམ་རིག་གི་སྐད་ཆའི་རོལ་རྩེད་ཙམ་ལགས་པས་ཐ་སྙད་ཀྱི་བཀོད་སྒྲིག་དང་ཚིག་སྦྱོར་གྱི་སྒྱུ་རྩལ་ལ་དང་དོད་ཆེ་རུ་བྱེད་དགོས་པ་ལས།ཟབ་ཅིང་རྒྱ་ཆེ་བའི་གནས་ལུགས་ཀྱི་གསར་བཤད་དག་ནི་སྙན་ངག་གི་སྐབས་སུ་བབས་པའི་འགན་འཁྲི་མ་ཡིན་པར་འདོད་པ་དང་།དེ་ཡང་སྙན་ངག་པའི་ཤུགས་དྲག་པའི་ཚོར་འདུའམ་ཡིད་ཀྱི་འགྱུར་བ་མཚོན་བྱེད་ཡིན་ཙ་ན།དུས་རབས་དང་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ནས་རྩོམ་པ་པོའི་ཡིད་ངོར་བསགས་པའི་འཚོ་བའི་མྱོང་སྣང་ཟབ་མོ་བརྗོད་དགོས་པ་ལས་གཞན།ངེས་པར་དུ་མི་ཚེའི་བདེན་པ་དང་།སྐྱེ་འཆིའི་ངོ་བོ།ཚེ་སྲོག་གི་གསང་བ།སྣོད་བཅུད་ཀྱི་ཆོས་ཉིད་སོགས་ཀྱང་སྙན་ངག་གི་བརྗོད་བྱར་བྱེད་རིགས་པར་འདོད་པའི་ལུགས་གཉིས་མཆིས་པ་ལས།ཁོ་བོ་ནི་ཕྱི་མའི་ལུགས་ལ་འཐད་དེ།རང་ཅག་འགྲོ་བ་མིའི་རྣམ་རྟོག་གི་འཕྲོ་འདུ་ལ་མཐའ་མེད་ཅིང་།སྙན་ངག་པ་རང་རང་གི་ཤེས་ཡོན་གྱི་ཆུ་ཚད་དང་གོ་རྟོགས་ཀྱི་མཐོ་དམན།སྒྱུ་རྩལ་གྱི་བློ་སྦྱོང་།འཚོ་བའི་མྱོང་བརྒྱུད།འཇིག་རྟེན་ལྟ་ཚུལ་སོགས་མི་འདྲ་བའི་དབང་གིས་བརྗོད་བྱའི་བློས་བསླངས་ཀྱི་ཆ་ལའང་མཐའ་གཅིག་ཏུ་ངེས་བཟུང་མེད་པར་རྟ་མོག་མོག་གི་སྤུ་ལྟར་སྣ་ཚོགས་ཤིག་འབྱུང་ངེས་པས་སོ།།སྙན་ངག་གི་ལས་དང་པོ་བར་གྱུར་བའི་སོ་སྐྱེས་ཕལ་བ་ཞིག་གིས་རང་ཉིད་ཀྱི་འཚོ་བའི་བརྒྱུད་རིམ་ཁྲོད་ཀྱི་ཆགས་སྡང་དགའ་སྐྱོའི་ཡིད་འགྱུར་གསོན་པོ་སྒྱུ་རྩལ་གྱི་ལམ་ནས་སྙུག་རྩེར་དྲངས་པ་སྙན་ངག་ཡིན་ལ།སྣང་སྲིད་ལ་དབང་འབྱོར་བའི་སྐྱེས་ཆེན་གང་ཞིག་གིས་ཚད་མཐོ་བའི་ཉམས་རྟོགས་ཀྱི་ཀློང་ནས་འཁོར་འདས་ཀྱི་གནས་ལུགས་ཟབ་མོ་མགུར་དབྱངས་སུ་གྱེར་བ་སྙན་ངག་མིན་ཞེས་སུ་ཞིག་གིས་སྨྲ་བར་སྤོབས།རྗེ་བདག་ཉིད་ཆེན་པོའི་<<རྟེན་འབྲེལ་བསྟོད་པ>>དང་<<ལྕང་སྐྱའི་ཨ་མ་ངོས་འཛིན་གྱི་རྫུན་གཏམ་བྲག་ཅའི་དབྱངས་སྙན>>ལྟ་བུར་མཚོན་ན་ཡང་།ཚིག་སྦྱོར་གྱི་ཉམས་འགྱུར་ཐད་ལ་རྨད་དུ་བྱུང་བའི་ཁྱད་ཆོས་མངའ་བ་སྨོས་མེད་ལགས་ཀྱང་།ཀུན་གྱིས་རྐན་སྒྲ་འཆོར་བའི་སྙན་ངག་གི་གྲགས་འགུལ་ཆེན་པོ་དེ་འདྲ་བསླངས་པའི་རྒྱུ་རྐྱེན་གཙོ་བོ་ཕུན་སུམ་ཚོགས་པའི་ནང་དོན་ལ་རག་ལས་པར་སུས་ཀྱང་བསྙོན་དུ་མེད་དོ།

སྤྱིར་སྙན་ངག་ལ་ཕྱི་དང་ནང་གི་སྒྲིག་གཞི་གཉིས་ཡོད་པ་ལས།ཕྱིའི་སྒྲིག་གཞི་ནི་གོ་རིམ་དང་ངེས་གཏན་མེད་པའི་རྩོམ་པ་པོའི་ནང་སེམས་ཀྱི་ཚོར་འདུ་ཤུགས་དྲག་པོའམ་ཕྲ་ཞིང་ཕྲ་བ་དེ་རིགས་མཚོན་བྱེད་ཀྱི་ལྡེམ་ཤུགས་ཆེ་བའི་མིང་ཚིག་གི་ཚོགས་པ་ཙམ་ཡིན་ཞིང་།ནང་གི་སྒྲིག་གཞིའམ་བརྗོད་བྱ་ནི་བཀག་རྒྱ་དང་ཚོད་འཛིན་མེད་པར་རྩོམ་པ་པོར་གསར་དུ་བསྐྱེད་པའི་མྱོང་ཚོར་ཏེ་ལྕགས་གོང་དམར་འབར་བ་ལྟར་ཐོག་མཐའ་ཀུན་ཏུ་ཚ་ལམ་ལམ་བྱེད་བཞིན་པའི་གློ་བུར་བའི་དགའ་བ་དང་ཁྲོ་བ་ལ་སོགས་པའི་སེམས་བྱུང་འབའ་ཞིག་ལགས་པས།ནང་གི་སྒྲིག་གཞིའམ་བརྗོད་བྱས་གཙོ་ཁྲིད་ཀྱི་ནུས་པ་འདོན་པ་དང་ཕྱིའི་སྒྲིག་གཞིའམ་རྣམ་པས་དེ་ལ་རམ་འདེགས་ཀྱི་ནུས་པ་འདོན་པ་ཡིན་སྟབས།དེ་གཉིས་ལ་རྗེས་སུ་འགྲོ་ལྡོག་གི་འབྲེལ་བ་ངེས་ཅན་ཞིག་ལྡན་པས་སྙན་ངག་གི་ཚིག་སྦྱོར་དང་སྐད་ཆའི་སྒྱུ་རྩལ་ལ་རྩ་བ་ནས་དང་དོད་མ་བྱས་ན་ག་ལ་འགྲིག་ཀྱང་།ཚིག་སྦྱོར་གྱི་རྒྱན་ཆ་འདོགས་སའི་གཞིར་གྱུར་བའི་བརྗོད་བྱའི་བླ་སྲོག་ལ་དོ་སྣང་དང་གཙིགས་ཆེན་བྱེད་མི་དགོས་པ་ཡང་ཡེ་ནས་མ་ཡིན་ནོ།།སྙན་ངག་ཚད་ལྡན་ཞིག་འཁྱོངས་པ་ལ་རྩོམ་པ་པོས་ངེས་པར་དུ་ཚིག་དང་དོན་ཟུང་འཇུག རྣམ་པ་དང་བསྟན་དོན་ཟུང་འཇུག བསམ་བློ་དང་སྒྱུ་རྩལ་ཟུང་འཇུག་བཅས་བྱེད་དགོས་སྙམ།

སྙན་ངག་གི་སྐད་ཆ་ནི་མ་མཐར་ཡང་བློས་བཞག་གི་དོན་སྤྱི་ཚད་མཐོན་པོ་དང་ཚགས་དམ་པའི་གཏན་ཚིགས་རང་བཞིན་པར་བརྟེན་ནས་ཕ་རོལ་བོར་གོ་བརྡ་སྤྲོད་བྱེད་ཡིན་པས།ལྡེམ་ཤུགས་ཆེ་བའི་སྒྱུ་རྩལ་རང་བཞིན་གྱི་ངག་སྦྱོར་ལ་བརྟེན་ནས་ཀློག་མཁན་རྣམས་ལ་བསམ་ཡན་གྱིས་ཚོར་ཐུབ་པའི་འཚོ་བའི་དཔེ་རིས་དང་སྣང་བརྙན་བྱེ་བྲག་པ་ཞིག་སྟེར་བར་བྱེད།གཞན་དུ་ན་སྙན་ངག་ནི་ཆེས་མཐོ་བའི་སྐད་ཆའི་སྒྱུ་རྩལ་ཅིག་ལགས་པས་རང་ངོས་ནས་ཟོར་ཡངས་པ་དང་ཐ་སྙད་ཀྱི་གོ་དོན་ཀློང་ཡངས་པ།སྒྱུ་རྩལ་གྱི་ལྡེམ་ཤུགས་ཆེ་བ།ཀློག་པ་པོས་རང་གི་མྱོང་བ་དང་འབྲེལ་ཏེ་གོ་བ་བླངས་ཆོག་པ་ཞིག་ཅིས་ཀྱང་ཡིན་དགོས།སྙན་ངག་གི་སྐད་ཆ་ནི་ཡིད་འགྱུར་སྟོན་བྱེད་ཡིན་པས་ངེས་པར་དུ་ཚིག་སྣ་ཐུང་ཞིང་བསྡུས་པ་དང་།དོན་འདུས་ཤིང་དབྱངས་འགྲོས་གསལ་བ།ཚོར་འདུ་ཤུགས་དྲག་པ་བཅས་ཀྱི་ཁྱད་ཆོས་ལྡན་པའི་སྒོ་ནས་རྩོམ་པ་པོའི་ནང་སེམས་ཀྱི་འགྱུར་བའམ་འདུ་ཤེས་ཕྲ་ཞིང་ཕྲ་བ་དེ་ཇི་བཞིན་དུ་མཚོན་པར་བྱེད་ཐུབ་པ་ཞིག་ཡིན་དགོས།བརྗོད་བྱའི་སྙིང་བོ་ཚད་ཀྱིས་དཔག་དཀའ་བ་ཞིག་རྗོད་བྱེད་ཀྱི་རྣམ་པ་མིང་ཚིག་གི་ཚོགས་པ་ཆེས་ཉུང་ཞིང་བསྡུས་པ་དག་གིས་སྒྱུ་རྩལ་རང་བཞིན་དུ་སློང་སྐྲུན་བྱེད་པ་འདི་ཡང་རྩོམ་རིག་གི་རྣམ་པ་གཞན་ལ་མེད་ཅིང་སྙན་ངག་ཁོ་ནར་མངའ་བའི་ཐུན་མིན་གྱི་ཁྱད་ཆོས་ཉག་གཅིག་ཡིན་པར་འདོད།

སྤྱིར་ན་སྟོང་བའི་ཁམས་ཆེན་པོ་ལ་མཐའ་དང་མུ་མེད་པ་བཞིན་སྙན་ངག་གི་བརྗོད་བྱ་ལའང་སུས་ཀྱང་ཚད་བཟུང་བར་མི་ནུས་ན་ཡང་།ཕུལ་དུ་བྱུང་བའི་སྙན་ངག་ཅིག་ཡིན་ཕྱིན་ངེས་པར་དུ་དུས་རབས་དང་སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་དགོས་ཏེ།བསམ་བློ་དང་སྒྱུ་རྩལ་གྱི་ཆ་ནས་དུས་རབས་ཀྱི་མཚོན་ཤུགས་མེད་པའི་སྙན་ངག་ཅིག་གིས་དུས་སྐབས་གསར་བའི་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་མཚོན་མི་ཐུབ་ཅིང་ཀློག་མཁན་གྱི་དགའ་ཕྱོགས་དང་ཡང་མཐུན་སྡེབ་བྱེད་མི་ཐུབ་པས།སྒྱུ་རྩལ་གྱི་འགུག་ཤུགས་ཉམས་པའི་བརྩམས་ཆོས་དེ་དག་དུས་རབས་འདིའི་རྩོམ་སྟེགས་སུ་རྐང་ཚུགས་དཀའ་བར་སྙམ།ཚོར་འདུ་ཤུགས་དྲག་ཅིག་ལ་མ་བརྟེན་པར་སྙན་ངག་གི་བརྩམས་ཆོས་བཟང་པོ་ཞིག་འབྱུང་དཀའ་སྟེ།སྙན་ངག་པར་འཚོ་བའི་ཁྲོད་ཀྱི་མིག་མཐོང་ལག་ཟིན་དུ་གྱུར་བའི་རྒྱུ་ཆ་རྣམས་མཁོ་བ་སྨོས་མ་དགོས་ཀྱང་།དེ་ལས་ཀྱང་གལ་ཆེ་བ་ནི་འཚོ་བ་མངོན་པར་མཚོན་ཐུབ་ཅིང་གཞན་ལ་མེད་པའི་མྱོང་རྟོག་གསར་བ་དེ་ཡིན།སྙན་ངག་པའི་མྱོང་ཚོར་དེ་ཡུན་རིང་ལ་བསམ་གཞིག་བྱས་པ་བརྒྱུད་དེ་བྱུང་བ་ཞིག་མིན་པར་སྐད་ཅིག་མའམ་ཆེས་ཐོག་མའི་མྱོང་ཚོར་ཁྱད་པར་བ་དེ་ཡིན་པས།སྙན་ངག་པར་མཚོན་ན་ཐེངས་དང་པོའི་ཚོར་བ་དེ་ནི་མེད་མི་རུང་ཞིང་ཧ་ཅང་གལ་ཆེན་པོར་སྣང་།སྙན་ངག་གི་རྩ་བའི་ཉེར་ལེན་ནམ་རྒྱུ་རྐྱེན་གཙོ་བོ་ནི།རྩོམ་པ་པོས་ལྟ་ཞིབ་དང་ཉམས་ལེན་བྱས་པ་བརྒྱུད་དེ་གདམ་གསེས་བྱས་པའི་ཕྱི་རོལ་ཡུལ་གྱི་བྱ་དངོས་ཐུན་མོང་མ་ཡིན་པ་དེས་རང་གི་སྣང་ངོར་བསྐྱེད་པའི་དགའ་སྐྱོ་ཆགས་སྡང་གི་མྱོང་ཚོར་ཟབ་མོ་དེ་ཡིན་པ་ལས་བྱ་དངོས་དེ་ཉིད་མིན།སྙན་ངག་ནི་ཐོག་མ་ནས་རྟོག་ཚོར་གྱི་ཀློང་ན་འཚོ་ཞིང་གནས་པ་ཞིག་ཡིན་པས།སྤྱི་ཚོགས་འཚོ་བ་ངོ་མ་དེ་སྙན་ངག་མིན་ལ།སྙན་ངག་གིས་མི་རྣམས་ལ་བཞག་པའི་བག་ཆགས་ཀྱང་དངོས་ཡོད་དང་རྒྱང་ཐག་ཆེས་རིང་བ་ཞིག་ཡིན་ནོ།།

གཟར་བོའི་བྲག་ངོས་ལ་ཀི་བཏབ་ན་ཡ་ལན་སྟེར་བ་ནང་བཞིན་སྙན་ངག་ནི་རྩོམ་པ་པོའི་ཡིད་ངོ་ནས་འཚོ་བར་སྤྲད་པའི་རང་བྱུང་གི་ཚུར་སྣང་འབའ་ཞིག་ཡིན་ནའང་།སྒྲུང་གཏམ་ལྟར་ཐད་ཀར་འཚོ་བ་མཚོན་པ་མིན་པར་འཚོ་བས་རྩོམ་པ་པོར་བསྐྱེད་པའི་ཡིད་ཀྱི་འགྱུར་བའམ་ཚོར་འདུ་ཤུགས་དྲག་པོ་དེ་མཚོན་བྱེད་ཡིན་པས།སྙན་ངག་པའི་ཡིད་ཀྱི་འགྱུར་བ་དེ་ཡང་ངེས་པར་དུ་ཁོ་རང་ཉིད་ཀྱིས་གསར་དུ་ཚོར་ཞིང་རང་ཉིད་ཁོ་ནར་གཏོགས་པའི་མྱོང་སྣང་ཐུན་མོང་མ་ཡིན་པ་ཞིག་ཡིན་དགོས།ང་ཚོས་ཚིག་སྦྱོར་གྱི་སྙན་ཆ་དང་བསྡེབས་ཏེ་སྙན་ངག་རིང་ཐུང་ཅི་རིགས་བྲིས་ཀྱང་ཀློག་པ་པོའི་ཡིད་སེམས་ལ་གཡོ་འགུལ་ཅུང་ཙམ་ཡང་བསྐྱེད་མི་ཐུབ་པར་མ་ཟད་རང་ཉིད་ཁོ་ནར་གཏོགས་པའི་རྩོམ་གཤིས་ཐུན་མོང་མ་ཡིན་པ་ཞིག་ཆགས་ཐུབ་ཀྱིན་མེད་པའི་རྒྱུ་རྐྱེན་གཙོ་བོ་ཡང་མཐར་གཏུགས་ན།རྩོམ་པ་པོ་ཁོ་ནར་གཏོགས་པའི་ཡིད་འགྱུར་རམ་མྱོང་ཚོར་ཞིག་མ་ཡིན་པར་ཐུན་མོང་ལ་ཡོད་པའི་མྱོང་སྣང་ངམ་ཀུན་གྱི་མཐོང་ཐོས་ཀྱི་སྤྱོད་ཡུལ་དུ་འགྱུར་བཞིན་པའི་རྒྱུན་ལྡན་གྱི་སྣང་ཚུལ་དཀྱུས་མ་དག་བརྗོད་པའི་རྐྱེན་གྱིས་ཡིན་པར་སྙམ།སྙན་ངག་ཅིག་ཏུ་རིག་པ་སྐྱེན་པོའི་ཚིག་དང་འཕྱོར་བོའི་མིང་བརྡ་ཅི་འདྲ་སྤུངས་ཡོད་ན་ཡང་།ཁྱད་དུ་འཕགས་པའི་ཡིད་འགྱུར་དང་བྲལ་ཚེ་བཅོས་མའི་མེ་ཏོག་གིས་ར་ཡིག་གཉིས་པའི་དགའ་སྟོན་མི་འཕེལ་བའི་དཔེ་ལྟར་ཀློག་པ་པོའི་ཡིད་ཀྱི་རེ་འདོད་སྐོང་མི་ཐུབ་བོ།

   ཕུལ་དུ་བྱུང་བའི་སྙན་ངག་གི་བརྩམས་ཆོས་ཤིག་ཡིན་ཕྱིན།རྩོམ་པ་པོས་རྒྱང་ཐག་རིང་བའི་ཡུལ་ཞིག་ནས་ཁོའི་སྡུག་བསྔལ་ལམ་གཞན་གྱིས་ཐོས་མ་མྱོང་བའི་སེམས་གཏམ་གང་མང་ཞིག་མི་གཞན་ལ་ཉམས་འགྱུར་དང་བཅས་ཏེ་བཤད་པའམ་སྙན་ཞིང་འཇེབས་པའི་གླུ་ཞིག་ལེན་པ་དང་འདྲ་བས།ང་ཚོས་བཀླགས་མ་ཐག་སྐད་ཅིག་ཙམ་ལ་ལུས་ཡོངས་ཚ་ལམ་ལམ་དང་འཁྱག་སིབ་སིབ་བྱེད་པའི་ཚོར་འདུ་ཤུགས་དྲག་པོ་ཞིག་གིས་ཀུན་ནས་འཁྱོམ་ཞིང་བཟློག་ཏུ་མེད་པའི་རྦ་རླབས་ཇི་བཞིན་རང་ཉིད་ཡོངས་སུ་བཏུམས་ཏེ་རང་དབང་མེད་པར་མིག་ཆུ་ཤམ་ཤམ་དུ་འཆོར་བ་དང་ག་ཞ་ལྷང་ལྷང་དུ་དགོད་དགོས་པ་ཞིག་བཅོས་མིན་དུ་འབྱུང་།

སྙན་ངག་ནི་དངོས་པོའི་ཆོས་ཉིད་དམ་གཤིས་ལུགས་ལས་ཆེས་ཆེར་བརྒལ་ཏེ་བསམ་གཞིགས་བྱེད་སྟངས་ཁྱད་པར་བས་མཚོན་པར་བྱེད་པ་ཞིག་ཡིན་ཞིང་རྩོམ་པ་པོའི་ནང་སེམས་ཀྱི་འགྱུར་བ་མངོན་པར་བྱེད་པའི་མག་མོག་གི་སྣང་གཟུགས་ཤིག་ཡིན་པས།ཀློག་པ་པོས་རང་ཉིད་ཀྱི་ཕུན་སུམ་ཚོགས་པའི་ཡིད་འཕྲོ་ལ་བརྟེན་ནས་འཐུས་ཚང་དུ་གཏོང་དགོས་སོ།།དེ་ཡང་རྩོམ་པ་པོའི་སེམས་ཁམས་ཀྱི་མྱོང་སྣང་ངམ་རྟོག་ཚོར་ཕྲ་ཞིང་ཕྲ་བ་དེ་རིགས་རིག་པ་ཀློང་བརྡོལ་ལ་བརྟེན་ནས་རི་མོའི་གཟུགས་སུ་འབྲི་བཞེངས་བྱས་པ་དེ་ནི་ཚོར་འདུ་ཤུགས་དྲག་གི་སྒྱུ་རྩལ་གྱི་ཕུང་བོ་ཞིག་ཡིན་ཕྱིར།སྒྲུང་གཏམ་ལྟར་ཐེངས་གཅིག་ལ་བཀླགས་པ་ཙམ་གྱིས་བརྩམས་ཆོས་ཀྱི་གོ་བ་རྙེད་དཀའ་བས།ངེས་པར་དུ་ཡུན་རིང་གི་བསམ་གཞིགས་དང་ཕུན་སུམ་ཚོགས་པའི་ཡིད་འཕྲོ་ལ་བརྟེན་ནས་དེའི་སྒྱུ་རྩལ་གྱི་གནད་ལ་གཞོལ་བར་བྱས་ན་ད་གཟོད་ཀློག་པ་པོ་དག་གི་ཡིད་ལ་རང་གི་མྱོང་བ་དང་འབྲེལ་བའི་ཚོར་བ་ཐུན་མོང་མ་ཡིན་པ་ཞིག་གིས་རྐྱེན་བྱས་ཏེ་དགའ་བ་དང་ཁྲོ་བ།སྐྱོ་བ་ལ་སོགས་པའི་ཆགས་སྡང་གི་ཚོར་བ་འགོག་ཏུ་མེད་པ་ཞིག་སྐྱེ་ངེས་སོ།།དེ་ལས་ལྡོག་སྟེ་གཞུང་ལུགས་ཆེན་མོའི་ཚད་ཐིག་བཟུང་སྟེ་སྙན་ངག་གི་རིན་ཐང་ལ་ཚིག་འགྲོས་མཐའ་གཅོད་ཀྱིས་སྡོམ་ཚིག་འགོད་པ་ནི་ལོང་བས་གླང་ཆེན་གྱི་གཟུགས་ལ་བརྟགས་པའི་ངང་ཚུལ་ལས་མ་འདས་སོ།།

འཚོ་བའི་ཉམས་མྱོང་གི་འོ་མ་དང་།ཚིག་རྒྱན་གྱི་རུ་རྟ།ཤུགས་དྲག་པའི་ཚོར་འདུའི་དྲོད་ཁོལ་སོགས་ལ་བརྟེན་ན་ད་གཟོད་ཕུལ་དུ་བྱུང་བའི་སྙན་ངག་གི་ཞོ་གསར་འབྱུང་ངེས།ཚིག་སྦྱོར་སྙན་ཞིང་རྣ་བར་འཇེབས་པ་ཙམ་གྱིས་སྙན་ངག་ཡིན་པས་ཁྱབ་པ་མེད་ལ།སྒྱུ་རྩལ་གྱིས་བཅིངས་པའི་སྐད་ཆ་ཡིན་ཚད་སྙན་ངག་ཡིན་པས་ངེས་པ་དེ་བས་ཀྱང་མེད་དེ།སྙན་ངག་གི་མཚན་ཉིད་ལ་ལར་ཆེས་མཐོ་བའི་སྐད་ཆའི་སྒྱུ་རྩལ་ཅེས་སྦྱར་ཡོད་པའི་ཚིག་ཟུར་གྱི་ཆེས་མཐོ་བ་ཞེས་པར་ཡང་གོ་བ་ཟབ་མོ་ལེན་རྒྱུ་ཡོད་དོ།།ཡང་གཅིག་བཤད་ན་སྙན་ངག་ནི་བཙིར་ནས་ཐོན་པ་ཞིག་མ་ཡིན་པར་རྩོམ་པ་པོའི་མྱོང་སྣང་གི་ཤེལ་དམ་དུ་འཚོ་བའི་ཕབ་ཀྱིས་བསྙལ་བའི་དགའ་སྐྱོ་ཆགས་སྡང་གི་ཝུ་ཆང་གང་ཞིག་ཤུགས་དྲག་པའི་ཡིད་འགྱུར་གྱི་སྒུལ་སྐྱོམ་དང་འཕྲད་དེ་དབང་མེད་དུ་ཕྱི་རུ་འཕྱུར་འོངས་པ་དེ་ཡིན།སྙན་ངག་ཚད་ལྡན་ཞིག་ཡིན་ཕྱིན་བསམ་བློ་དང་སྒྱུ་རྩལ་གྱི་ཆ་ནས་འབུར་དུ་ཐོན་པའི་བརྗོད་དོན་མངའ་བ་ལས་གཞན།ཉན་པར་སྤྲོ་བའི་རོལ་དབྱངས་ཀྱི་ཉམས་འགྱུར་ཡང་ལྡན་པར་འདོད། “སྙན་ངག་པ་ནམ་རྒྱུན་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པའི་སྐྱོ་སྣང་དང་གདུང་ཚོར།ཁེར་རྐྱང་གི་དམྱལ་ཁམས་འགྲིམ་བཞིན་ཡོད།སྙན་ངག་པ་ནི་བརྩེ་དུངས་ཀྱིས་ཕོངས་པའི་མི་ཡུལ་ལ་བརྩེ་དུང་གི་གནང་སྦྱིན་སྩོལ་མཁན་ཏེ།དུས་ངེས་མེད་དུ་འཕྱུར་ངེས་པའི་མེ་རི་ཆུང་ཆུང་ཞིག་གི་རྣམ་སྤྲུལ་ཡིན།སྙན་ངག་པས་རང་ཉིད་བསྲེགས་ཏེ་མི་ཡུལ་གྱི་འཁྱགས་ཀློང་ལ་དྲོད་ཐིགས་སྩོལ་བཞིན་ཡོད”པས་སྙན་ངག་པའི་ལས་ཀ་ནི་ཆེས་རླབས་ཆེ་ཞིང་དོན་སྙིང་ལྡན་པ་ཞིག་ཏུ་ངོས་བཟུང་ཆོགསྙན་ངག་པར་དྲང་བདེན་གྱི་མི་གཤིས་དང་ཀུན་སློང་ཡག་པོ་དགོས་ཤིང་།དེ་ལས་ཀྱང་གལ་ཆེ་བ་ནི་འགན་འཁྲིའི་བསམ་བློ་མེད་མི་རུང་བ་དེ་ཡིན།ལྷག་པར་དུ་མི་རིགས་ཀྱི་སྙན་ངག་པ་ཞིག་ལ་མཚོན་ན།དུས་དང་རྣམ་པ་ཀུན་ཏུ་རང་མི་རིགས་ཀྱི་བདེ་སྡུག་གླུ་རུ་ལེན་པའི་མགྲིན་ཚབ་པ་ཞིག་ཅིས་ཀྱང་ཡིན་དགོས།

བརྡ་འཕྲིན་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་དུས་རབས་ཀྱི་བརྡབ་གསིག་གིས་འགྲོ་བ་མིའི་རིགས་ཀྱི་འཚོ་བ་དང་བསམ་བློ་ཉིན་རེ་ལས་ཉིན་རེར་སྣེ་མང་རྙོག་འཛིང་ཅན་དུ་སྒྱུར་བའི་སྒང་འདིར།ང་ཚོའི་སྙན་ངག་ཀྱང་དུས་རབས་ཀྱི་འགྲོས་དང་བསྟུན་ཏེ་འཕེལ་རྒྱས་གསར་བ་ཞིག་གི་ཕྱོགས་སུ་བསྐྱོད་དགོས་ཏེ།དྭངས་ཤིང་གཙང་བ་དང་ལྷུང་ལྷུང་གི་སྒྲ་སྙན་འབྱིན་པ་ཙམ་གྱིས་གཙང་ཆུའི་མཛེས་སྡུག་གི་ཆ་ཡོངས་སུ་རྫོགས་པ་མ་ཡིན་པར།བྲག་རྡོ་དང་གཡང་གཟར་ལ་འཕྲད་ཚེ་ད་གཟོད་སྔར་མེད་ཀྱི་ཟིལ་ཤུགས་འཕྱོ་བ་ནང་བཞིན།ཁ་བ་རི་བའི་སྙན་ངག་གིས་ཀྱང་སྲོལ་རྒྱུན་རྐྱང་བ་རྒྱུན་འཛིན་བྱས་པས་མི་ཆོག་པར་ངེས་པར་དུ་བསམ་བློ་དང་སྒྱུ་རྩལ་གྱི་ཆ་ནས་དུས་རབས་རང་བཞིན་དང་།ཐོད་བརྒལ་རང་བཞིན།སྒྱུ་འཕྲུལ་རང་བཞིན་བཅས་ཀྱི་ཉམས་འགྱུར་ལྡན་པའི་ཕྱོགས་སུ་གཞོལ་ཏེ་གསར་བཏོད་ཀྱི་ཐད་ལ་མུ་མཐུད་དུ་ཤུགས་རྒྱག་དགོས།དེ་ལྟར་ན་འཛམ་གླིང་རྩོམ་རིག་གི་གོམ་སྟབས་ཆེན་མོའི་བར་ནས་རང་ལ་འཚམ་པའི་གོ་ས་འཛིན་ཐུབ་ཅིང་རྟག་བརྟན་འཕེལ་རྒྱས་ཀྱི་ལམ་ཁའང་རྒྱུན་འཁྱོངས་བྱེད་ཐུབ་པ་ཡིན་ནོ།།

ད་ནི་རེ་ཞིག་དཀྱུས་ལ་བབས་ན། <<ཤིང་སྐྱ་ཆུ་རིས་>>ཞེས་པའི་སྙན་དེབ་འདི་ནི་ཉིས་སྟོང་བཅུ་གཉིས་ལོའི་ཚུན་ལ་ང་རང་ཁ་པར་གྱི་སྐད་འཕྲིན་དྲ་བར་དངོས་སུ་ཞུགས་པ་ནས།ད་བར་དུ་སྐབས་དང་སྐབས་སུ་ཐད་ཀ་ཐད་སོར་བྲིས་ཤིང་དྲ་ལམ་དུ་སྤེལ་ཟིན་པའི་ཚིགས་བཅད་སྙན་རྩོམ་ཐོར་བུ་སྐོར་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་ནས་གྲུབ་པ་ཞིག་ཡིན།ལར་ཁོ་བོ་ནི་ཕུགས་བསམ་དང་དམིགས་རྒྱང་ཆེན་པོ་མེད་པར་གྲགས་མེད་འགུལ་མེད་ངང་སོས་དལ་བག་ཕེབས་སུ་སྡོད་རྒྱུར་གོམས་པའི་མི་སྒྱིད་ལུག་ཅན་དེ་རིགས་ཀྱི་གྲས་སུ་གཏོགས་ཤིང་། ནམ་ནམ་ཞར་ཞར་འཇིག་རྟེན་འཚོ་ཚིས་ཀྱི་ཀློང་ལ་རྣམ་པར་གཡེང་བའི་ཁར།དཔལ་འབྱོར་གྱི་གཏོང་ཐེབས་མ་འདང་བ་སོགས་ཀྱི་རྐྱེན་དུ་མའི་དབང་གིས་ཉེ་བའི་ཆར་རང་ཉིད་ཀྱིས་བྲིས་པའི་སྙན་ངག་ཡིན་ནོ་ལོ་མཐའ་དག་པར་དུ་བསྐྲུན་འདོད་ཀྱི་མོས་པའང་ངང་ངམ་ཤུགས་ཀྱིས་ལྷོད་དེ་ད་བར་དུ་ནར་འགྱངས་དང་བཏང་སྙོམས་སུ་མི་འཇོག་ཀ་མེད་བྱུང་།ཡིན་ནའང་དེང་གི་ཆར་དྲ་རྒྱའི་སྤྱོད་སྒོ་ཆེ་རུ་ཕྱིན་པ་དང་བསྟུན་ནས་རང་གཞན་ཀུན་གྱི་མི་གཞིའི་རྩ་དོན་ཉམས་དམས་སུ་འགྲོ་བཞིན་པའི་རྐྱེན་ནམ་གང་ལའང་འདང་མི་རྒྱག་པའི་ལག་གསུམ་པ་ཁ་ཅིག་གིས་གཞན་གྱིས་ངལ་རྩོལ་གྱི་རྔུལ་ཆུས་བསྐྲུན་པའི་བརྩམས་ཆོས་ཀྱི་ཐོན་འབྲས་ལ་ཉུང་མ་རྐང་པས་རྫི་བའི་རྩིས་ཙམ་ཡང་མི་འཇོག་པར་བདག་མེད་ཀྱི་ནགས་ཀློང་ནས་གང་འདོད་ཀྱིས་མེ་ཏོག་འཐུ་བའི་དཔེ་ལྟར་འབྲེག་གཏུབ་གཅོད་གསུམ་གྱིས་འཁྱེར་ལོབས་སུ་འགྲོ་བཞིན་པ་དང་།ཐ་ན་གཞན་གྱི་མིང་ཡིག་བརྗེས་ཏེ་རང་མིང་བཀོལ་བ་སོགས་བག་མེད་རྒྱ་ཡན་གྱི་བྱ་སྤྱོད་སྐྱུག་བྲོ་བ་ཡང་མིག་མཐོང་ལག་ཟིན་དུ་གཅིག་མིན་དུ་མར་མཐོང་ངོ་།བརྒྱ་ལ་མུ་མཐུད་དུ་འདི་ལྟར་སོང་ན་ནམ་ཞིག་བརྩམས་ཆོས་དེ་རིགས་བདག་པོ་རང་ཉིད་ལའང་མི་དབང་བའི་ཚད་དུ་བསླེབ་ཉེན་ཆེ་བ་སོགས་ཀྱི་དགོས་དབང་གིས་དྲ་ལམ་དུ་ཐོར་གྱར་སོང་བའི་སྙན་རྩོམ་ཕལ་མོ་ཆེ་ཕྱོགས་གཅིག་ཏུ་བསྒྲིགས་ནས་པར་དུ་བསྐྲུན་རྒྱུའི་ཀུན་སློང་འབུས་པ་དང་།གློ་བ་ཉེ་བའི་ནང་གྲོགས་སྐོར་ཞིག་གིས་ཀྱང་དེ་ལུགས་ཀྱི་སྐུལ་མ་བྱུང་བ་བཅས་ལ་བརྟེན།རེབ་འདིར“གཞན་གྱི་གཡོ་འཕྲུལ་རླུང་གི་སོར་རྩེ་ཡིས།།ཕྱོགས་སུ་ཁྱེར་བའི་ངག་རིག་མེ་ཏོག་ཚོམ།།འཇིགས་བྲལ་བདེན་སྟོབས་ཚད་མའི་ཕྱག་རྒྱ་ཡིས།།རང་རྩོམ་དེབ་ཀྱི་ཆུན་པོ་གཅིག་ཏུ་བསྡམས།། ”ཞེས་པ་ནང་བཞིན།རྩོམ་སྤུས་ལེགས་ཉེས་དང་བརྗོད་བྱའི་བཟང་ངན་གང་ལའང་མ་བལྟས་པར་དྲ་ལམ་དུ་སྤེལ་ཟིན་པའི་ཚིགས་བཅད་ཀྱི་བརྩམས་ཆོས་ཁག་ལག་ཏུ་ཆུད་ཚད་དཀྱུས་གཅིག་ཏུ་བསྒྲིགས་ཏེ་རང་རྩོམ་ལ་རང་ཉིད་ཀྱིས་བདག་པོ་ཙམ་རྒྱག་པའི་ངལ་བ་བསྟེན་དགོས་བྱུང་།གཞན་དུ་ན་དཔལ་འབྱོར་གྱི་ཁ་སྟབས་དྲག་ཞན་ནམ་ལག་སྔ་གཞུག་གིས་སྙན་དེབ་འདིའི་ཁྲོད་ཀྱི་རྩོམ་སྟངས་ཀྱི་ལག་ཐབས་དང་ཚིག་དུམ་མི་ཉུང་བ་ཞིག་ཡ་ང་དང་བག་ཚའི་དྲི་མ་ཡེ་ནས་དབེན་པའི་གང་ཟག་ཆེ་གེ་མོ་རེ་གཉིས་ཀྱི་མིང་ཐོག་གམ་སྒེར་དེབ་སོགས་སུའང་འབྱུང་སྲིད་པ་ལགས་ན།བདེན་རྫུན་གྱི་སྤུ་རིས་མ་ནོར་བར་འབྱེད་པ་ལ་ཡེ་ཤེས་ཀྱི་སྤྱན་དཀྱུས་རིང་བའི་ཀློག་མཁན་རྣམ་པས་བརྩམས་ཆོས་ཀྱི་ཕ་ངོ་བུ་ངོ་འཕྲོད་ཐུབ་པའི་རེ་འདུན་དང་བཅས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།