ལོ་རྒྱུས་སྙན་རྩོམ་རིང་མོ《གེ་སར་སྒྲུང》གི་མཛེས་པ་གློག་བརྙན་ཁྲོད་མངོན་པ།

—གློག་བརྙན《གེ་སར་འཆམ》ཞེས་པའི་ཐོག་མའི་གཟིགས་འབུལ་སྟེང་གི་ཟུར་བྲིས།  

微信图片_202001071015531(4731275)-20200110104125.jpg

  微信图片_20200107101553(4731273)-20200110104129_副本.jpg

འཁྲབ་ཁྲིད་པས(གཡོན་གྱི་དང་པོ)སྒྲིག་སྦྱོར་ལ་གྲོས་མོལ་བྱེད་བཞིན་པ།    

རྨ་ཆུའི་མགོ་ཁུངས་སུ་འབོད་པའི་རྨ་ཡུལ་རྩྭ་ཐང་ནི་བོད་རིགས་ཀྱི་དཔའ་བོ་གེ་སར་རྒྱལ་པོའི་ཕ་ས་རུ་གྲགས་པ་ནང་བཞིན། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་བོད་མི་ཐུན་མོང་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་དོན་བརྗོད་སྙན་ངག་རིང་པོ་ཞིག་ཡིན་ཞིང་། བརྗོད་བྱའི་དོན་གྱི་ཆ་ནས་བོད་གནའ་བོའི་རིག་གནས། དམངས་སྲོལ་བཅས་མཚོན་པའི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་ངག་རིང་མོ་ཞིག་ཡིན། ཁྱད་མཚར་བའི་རིག་གནས་འདི་མགོ་ལོག་ས་ཁུལ་དུ་དེང་གི་བར་རྒྱུན་བསྐྱངས་ཐུབ་པ་འདིས་གེ་སར་རིག་གནས་དར་སྤེལ་དང་རྨ་ཆུའི་མགོ་ཁུངས་སྲུང་སྐྱོབ་བྱེད་པར་ཐུན་མོང་མ་ཡིན་པའི་དོན་སྙིང་ལྡན་ལ། མི་རིགས་མཐུན་སྒྲིལ་གསར་འཛུགས་བྱེད་པའི་ཐད་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད།

ཟླ་དང་པོའི་ཚེས3ཉིན། མགོ་ལོག་ལྷ་སྲས་ཇོ་རུ་དམངས་སྲོལ་རིག་གནས་ཚད་ཡོད་ཀུང་སི་དང་མཚོ་སྔོན་ཧྲེང་ཡིང་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིས་མཉམ་འབྲེལ་སྒོས་ཕབ་སྐྲུན་བྱས་པ་དང་། ན་གཞོན་འཁྲབ་ཁྲིད་པ་རྒྱ་ཤུལ་དུང་ཆུང་ལགས་ཀྱིས་གསར་རྩོམ་དང་འཁྲབ་ཁྲིད་བྱས་པའི་གློག་བརྙན《གེ་སར་འཆམ》 ཞེས་པ་ཟི་ལིང་བན་ཏ་གློག་བརྙན་ཁང་ནས་ཐོག་མའི་གཟིགས་འབུལ་མཛད་སྒོ་བསྡུས།

ས་གནས་ཀྱི་མགོ་ཁྲིད་དང་གེ་སར་རིག་གནས་ལ་དུངས་ཞེན་ཆེ་བའི་མཁས་པ་དང་། རིགས་སོ་སོའི་མང་ཚོགས300ཙམ་གྱིས་དུས་མཉམ་དུ་ཐེངས་འདིའི་མཛད་སྒོར་ཞུགས་ཤིང་གློག་བརྙན་ལ་བལྟས།

ཕ་ཡུལ་མགོ་ལོག་དར་ལག་ནས་ཡིན་པའི་རྒན་པོ་བཀྲ་ཤིས་བསྟན་པས་ལུས་ལ་དུས་ཆེན་གྱི་མཆོར་གོས་སྤྲས་ནས་གཟིགས་འབུལ་མཛད་སྒོའི་སྟེང་དུ་ཡོང་ཡོད་ལ། གཟིགས་འབུལ་མཛད་སྒོའི་སྟེང་མིང་རྟགས་འགོད་དུས་གདོང་ལ་འཛུམ་གྱིས་ཁེངས་ནས་བཤད་རྒྱུར། “གློག་བརྙན་འདི་ཟི་ལིང་གྲོང་ཁྱེར་དུ་གཟིགས་འབུལ་གནང་རྒྱུ་ཡིན་པ་ཤེས་རྗེས། ཉིན་གཉིས་ཀྱི་སྔོན་ནས་ཟི་ལིང་དུ་ཐོན་ཡོད་ལ་དེ་རིང་དངོས་སུ་བལྟ་ཐུབ་པར་དགའ་བོ་བྱུང་། རང་ཉིད་ཀྱང་གེ་སར་སྒྲུང་བཤད་རྒྱུར་ཧ་ཅང་དགའ།ཡར་སྔོན་གེ་སར་སྒྲུང་རང་ཉིད་ཀྱིས་བཤད་ཤེས་པ་དེ་ཡིག་ཐོག་ཏུ་འགོད་ཐུབ་པ་ཙམ་བྱུང་ན་དགའ་སྤྲོ་སྐྱེས།ཐེངས་འདིའི་གློག་བརྙན་ལས་གེ་སར་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་དར་སྤེལ་གཏོང་རྒྱུ་ནི་ང་ཚོའི་ཕྲག་ཏུ་བབས་པའི་འོས་འགན་ཞིག་ཡིན་པར་ངེས་ཤེས་སྔར་ལས་ཟབ་མོ་སྐྱེས་པས། གློག་བརྙན་འདི་ང་ཚོ་ལ་མཚོན་ན་གནམ་ལོ་གསར་པའི་ལེགས་སྐྱེས་བཟང་པོ་ཞིག་རེད”ཟེར།

《གེ་སར་འཆམ》ཞེས་པ་ནི་ས་གནས་དེར་ཕུན་སུམ་ཚོགས་པའི《གེ་སར》རིག་གནས་ཐོན་ཁུངས་དང་བྱིས་པའི་བརྗོད་བྱ་རྒྱབ་ལྗོངས་བྱས་ནས་གསར་རྩོམ་བྱས་པའི་གློག་བརྙན་དང་།རང་ཡུལ་གྱི་བརྗོད་བྱ་མཚོན་པའི་གློག་བརྙན་ཞིག་ཡིན་པར་མ་ཟད། “བསམ་བློའི་རང་བཞིན་དང་།སྒྱུ་རྩལ་རང་བཞིན། ལྟད་མོའི་རང་བཞིན”བཅས་གཞི་གཅིག་ཏུ་འདྲེས་པའི་ཕུལ་བྱུང་བརྩམས་ཆོས་ཤིག་ཀྱང་ཡིན། དེ་ལས་མགོ་ལོག་མི་དམངས་ནི་དཀའ་ཚེགས་ལ་མི་སྐྲག་པ་དང་། ཕུགས་བསམ་དོན་དུ་གཉེར་བ།མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་བྱེད་པ་བཅས་ཀྱི་ཆོད་སེམས་མངོན་པར་མཚོན་པ་དང་། གློག་བརྙན་འདི་རྒྱལ་ཁབ་རིམ་པའི་གེ་སར་རིག་གནས་སྲུང་སྐྱོབ་ཚོད་ལྟའི་ཁུལ་གྱི་ཐོན་རྫས་རབ་དང་རིམ་པའི་ནང་གི་ཆ་ཤས་ཤིག་ཡིན་པའི་ཐད་ནས། གེ་སར་ལོ་རྒྱུས་མཚོན་པའི་སྙན་ངག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་ཁྱབ་ཁོངས་གསར་པ་ཞིག་ཕྱེས་ཡོད།

གློག་བརྙན《གེ་སར་འཆམ》 ནང་དུ་གཙོ་འཁྲབ་པ་བཀྲ་བདེ་སློབ་ཆུང་འགྲིམ་སྐབས་གླིང་སྒྲུང་ལ་ཉན་པའི་གོ་སྐབས་རེག་ནས།རང་ཉིད་ཀྱི་དགའ་ཕྱོགས་ལྟར་གེ་སར་ཟློས་གར་འཁྲབ་རྒྱུའི་འདུན་པ་ཡོད་རུང་།  ཕ་མ་དང་བྱིས་པའི་བསམ་བློའི་འགལ་ཟླའི་ཁྲོད་ཁོའི་ཕུགས་བསམ་མངོན་འགྱུར་བྱེད་པར་གེགས་གང་མང་བྱུང་བ་དང་། བར་དུ་བཀྲ་བདེ་སློབ་བྱོལ་བྱས་ཏེ་རྫོང་རིག་གནས་ཅུས་ཀྱི་སྒྱུ་རྩལ་ཚོགས་པར་ཞུགས་པའི་རེ་ཞུ་བྱས་མོད་དམིགས་ཡུལ་མ་འགྲུབ། མཇུག་མཐར་བཀྲ་བདེའི་ཆོད་སེམས་ལ་ཕ་མ་དང་རྫོང་རིག་གནས་ཁང་གིས་རྒྱབ་སྐྱོར་ཐོབ་སྟེ་ཕུགས་འདུན་རིམ་བཞིན་མངོན་འགྱུར་བྱུང་བ་བརྗོད་ཡོད།

འཁྲབ་ཁྲིད་པ་དུང་ཆུང་ལགས་ཀྱིས། “ང་ཆུང་དུས་ནས《གླིང་སྒྲུང》གི་ལོ་རྒྱུས་སྙན་རྩོམ་རིང་མོའི་རིག་གནས་ཀྱི་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་ལ། ད་ཐེངས་བརྩམས་པའི《གེ་སར་འཆམ》ཡང་མགོ་ལོག་ས་གནས་ཀྱི་ཕུན་སུམ་ཚོགས་པའི་གླིང་སྒྲུང་རིག་གནས་ཀྱི་ཐོན་ཁུངས་ལ་བརྟེན་ནས་གྲུབ་པ་ཡིན།  གློག་བརྙན་འདི་ལས་བྱིས་པའི་མཐོང་སྣེ་ནས་གེ་སར་རིག་གནས་ཀྱི་རིན་ཐང་དང་རྒྱུན་འཛིན་ཀྱི་གལ་ཆེན་རིང་བཞིན་བསྟན་ཡོད”ཅེས་བཤད།

འབྲེལ་ཡོད་མགོ་ཁྲིད་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན།《གེ་སར་སྒྲུང》འདི་ཉིད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མངོན་མིན་ཤུལ་བཞག་རིག་གནས་ཁྲོད་བཞག་ཡོད་པ་དང་། རང་རྒྱལ་གྱི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་གལ་ཆེའི་སྲུང་སྐྱོབ་རྣམ་གྲངས་གྲས་ཀྱི་རེད། མགོ་ལོག་ཁུལ་གྱིས་ཐེངས་འདིའི་གློག་བརྙན《གེ་སར་འཆམ》ལ་དོ་སྣང་ཆེན་པོ་བྱས་པར་མ་ཟད། རྒྱལ་ཁབ་རིམ་པའི་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ས་ཁུལ་འཛུགས་སྐྲུན་བཟོ་འགོད་ཀྱི་གཙོ་གནད་རྣམ་གྲངས་ནང་བཅུག་པ་དང་། སྔ་རྗེས་སུ་གློག་བརྙན་ཕབ་སྐྲུན་ཐད་མ་དངུལ་སྒོར་ཁྲི100ཙམ་བཏང་སྟེ་རོགས་སྐྱོར་ངེས་ཅན་ཞིག་བྱས་ཡོད། གློག་བརྙན《གེ་སར་འཆམ》བདེ་བླག་ངང་གཟིགས་འབུལ་བྱེད་ཐུབ་པ་དེ་གླིང་སྒྲུང་གི་རིག་གནས་སྔོག་འདོན་དང་རྒྱུན་འཛིན། སྲུང་སྐྱོབ། གོང་འཕེལ། དྲིལ་སྒྲོག་བཅས་ཀྱི་ལས་དོན་དེ་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་མཚོན་ལ། གླིང་སྒྲུང་རིག་གནས་ཀྱི་འཕེལ་རྒྱས་ལ་སྟོབས་ཤུགས་གསར་པ་བསྣན་པ་དང་གླིང་སྒྲུང་སྲུང་སྐྱོབ་དང་གསར་གཏོད་ཀྱི་རྣམ་པ་དེ་བས་མང་པོ་ཐོན་པར་ནུས་པ་ཆེན་པོ་ཐོན་ཐུབ་བོ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།