གསར་སྐྱེས་ལྗང་བུའི་ཚོགས་ཀྱི་ལང་ཚོའི་རང་མདངས།

—རྒྱལ་ཡོངས་བོད་ཀྱི་མཐོ་འབྲིང་སློབ་མའི་རྩོམ་ཡིག་འགྲན་སྡུར་དང་དེའི་སྐོར་གྱི་གནས་ཚུལ་རགས་རིམ།

  ལུས་ལ་ལང་ཚོའི་སྐྱེ་སྟོབས་ཀྱི་བཀྲག་མདངས་མངོན་ཞིང་། བློ་ལ་རིག་པའི་སྦྱང་སྟོབས་ཀྱི་ཤེས་བརྩོན་བརྟན་པའི་མཐོ་འབྲིང་གི་སློབ་གྲོགས་དག་ལ་མཚོན་ན།  དུས་རབས་དང་སྤྱི་ཚོགས་ཀྱི་བསྐོས་ཐང་དང་རང་ཉིད་ཀྱི་འདུན་མ་སོགས་ཀྱི་དབང་གིས། སློབ་གླིང་གི་འཚོ་བའི་ཕྱི་ནང་ཐམས་ཅད་སློབ་སྦྱོང་དང་རྒྱུགས་གཞི་ཁོ་ནས་འགེངས་པར་བྱས་ཡོད་ཚོད། ཐ་ན་ཉལ་བའི་རྨི་ལམ་ཡང་འདྲི་གཞི་གྱོང་པོའི་མདུད་པ་མ་འཁྲོལ་བའི་སེམས་ངལ་གྱིས་དཀྲུགས་པར་བྱས་པ་ལྟ་བུའི་ཁུར་ཤིན་ཏུ་ལྕི་བས་ན། ངེད་ཚགས་པར་ཁང་གིས་སློབ་མ་ཚོའི་སློབ་སྦྱོང་གི་ཁུར་གནོན་བག་ཙམ་ཕོགས་ཏེ་རང་ཉིད་ཀྱི་ཁོར་ཡུག་ལ་ཕྱོགས་སྒོ་མོ་ནས་མིག་ཡེངས་མནོ་བསམ་བགྱི་བར་ལམ་སྣ་ཞིག་འདྲེན་ཆེད།  རང་ཉིད་དང་ཉེ་འཁོར་གྱི་མིའི་བར་དང་། རང་ཉིད་དང་རང་བྱུང་ཁམས་ཀྱི་བར། རང་ཉིད་དང་རང་སེམས་ཀྱི་བར་བཅས་ལ་གླེང་མོལ་ཕྲན་ཙམ་བགྱི་བའི་གོ་སྐབས་ཤིག་སྤྲད་པ་དང་། ཁོ་ཚོས་རང་གི་ཁོར་ཡུག་དང་སྤྱི་ཚོགས། རང་ཉིད་དམ་རང་སེམས་བཅས་ལ་ངོས་ཟིན་རྣལ་མ་ཞིག་འདྲོངས་ཐུབ་ན་སྙམ་པའི་ཉིང་དགོས་ལ་དམིགས་ཏེ། ད་རེས་ཀྱི་རྒྱལ་ཡོངས་བོད་ཀྱི་མཐོ་འབྲིང་སློབ་མའི་རྩོམ་ཡིག་འགྲན་སྡུར་གྱི་བྱ་འགུལ་འདི་སྤེལ་བ་ལགས།

   ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་གྱི་བྱ་འགུལ་འདི་ནི2016ལོའི་ཟླ4པའི་ཚེས1ཉིན་ནས2016ལོའི་ཟླ12པའི་ཚེས30བར་ཏེ། ཁྱོན་བསྡོམས་དུས་ཡུན་ཟླ་ངོ་དགུ་ཙམ་གྱི་རིང་ལ་ཕྱོགས་སོ་སོའི་མཐོ་འབྲིང་སློབ་མ་དག་གི་རྩོམ་ཡིག་བསྡུས་པ་དང་། དེ་ལས་ལེགས་ཤོས་དག་ཚགས་པར་གྱི་ངོས་སུ་བཀོད་པ་ཡིན། དེ་ཡང་ཐོག་མར་བརྙན་འཕྲིན་དང་རྒྱང་སྒྲོག  དྲ་བ་དང་ཡིག་ཐོག་སོགས་ནས་རྩོམ་བསྡུའི་བརྡ་སྦྱོར་སྤེལ་བར་མ་ཟད། ཆེད་མངགས་རྩོམ་སྒྲིག་པ་བོད་ཁུལ་གྱི་སློབ་འབྲིང་མང་པོར་སོང་ནས་ཡུལ་དངོས་ནས་རྩོམ་སྐུལ་ཡང་བྱས་པར། སློབ་གྲྭ་ལ་ལས་ནི་བྱ་འགུལ་འདི་ལ་འོས་འཚམ་གྱི་དང་དོད་བྱས་ཏེ། བསྟུད་མར་སློབ་མའི་རྩོམ་ཡིག་མང་པོ་འདི་ག་རྩོམ་སྒྲིག་ཁང་དུ་བསྐུར་བྱུང་ལ། སློབ་གྲྭ་ལ་ལས་ནི་དོ་སྣང་ཅི་ཡང་མི་བྱེད་ལ། སློབ་མའི་རྩོམ་ཡིག་གཅིག་ཀྱང་ང་ཚོར་བསྐུར་མ་བྱུང་བའི་གནས་ཚུལ་འདུག  གཞན་ཡང་། རྩོམ་བསྡུའི་དུས་བཅད་ཡོལ་རྗེས་སུ་ད་གཟོད་ཚ་ཚ་འུར་འུར་གྱིས་ང་ཚོར་རྩོམ་ཡིག་བསྐུར་བ་དང་འབྲེལ་བ་བྱེད་མཁན་གྱི་སློབ་མའང་མི་ཉུང་བ་མཆིས། གང་ལྟར་རྩོམ་བསྡུའི་དུས་བཅད་དེའི་ནང་དུ་འདི་ག་རྩོམ་སྒྲིག་ཁང་ལ་ཁྱོན་བསྡོམས་བོད་ལྗོངས་དང་སི་ཁྲོན། ཀན་ལྷོ། མཚོ་སྔོན་གྱི་ས་ཁུལ་སོ་སོ་དང་ནང་ལོགས་ཀྱི་མཐོ་འབྲིང་འཛིན་གྲྭ་ཁག་ནས་བསྐུར་བའི་རྩོམ་ཡིག་བདུན་ཅུ་ལྷག་འབྱོར་བ་དང་། དེ་དག་ཀྱང་རེ་རེ་བཞིན་རྩོམ་སྒྲིག་པས་ནན་ཏན་གྱིས་ཞིབ་ཀློག་བྱས་ཤིང་ཞུས་ཐེངས་དང་པོ་དང་གཉིས་པ། མཐའ་ཞུས་བཅས་བརྒྱུད་དེ་ཚགས་པར་དུ་བཀོད་པ་དང་། དེ་ལས་བརྗོད་བྱ་དང་རྗོད་བྱེད་ཀྱི་ངོས་ཐད་ནས་ཐེངས་འདིའི་བྱ་འགུལ་གྱི་བླང་བྱ་དང་མི་མཐུན་པའམ་ཡང་ན་རྩོམ་པ་པོས་མུ་མཐུད་དུ་བརྗོད་བྱ་དང་རྗོད་བྱེད་གཉིས་ཐད་ནས་ཇེ་ལེགས་སུ་གཏང་ཐུབ་ངེས་སྙམ་པའི་རྩོམ་ཡིག་རྣམས། ང་ཚོས་ནུས་ཚོད་ཀྱི་བསམ་ཚུལ་ཕྲན་བུ་རེ་བཏོན་ཅིང་། ཁོ་ཚོའི་རྩོམ་འབྲིའི་ནུས་པ་མཐོར་འདེགས་འབྱུང་བར་རྔོ་ཅུང་ཙམ་ཨེ་ཐོགས་སྙམ་པའི་ཀུན་སློང་གཙང་མས་ཁོ་ཚོར་ཕྱིར་བསྐུར་ནས་བཟོ་བཅོས་རྒྱག་པའི་རེ་བའང་ཞུས་པ་ཡིན།

ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་ནི་མཐོ་འབྲིང་སློབ་མ་དག་ལ་དམིགས་པ་ཡིན་པས། འགྲན་ཞུགས་པ་རྣམས་ཀྱིས་བྲིས་པའི་རྩོམ་ཡིག་དག་སྤྱིའི་ཆ་ནས་དགའ་སྐྱོ་ཆགས་སྡང་གི་ཡིད་ཀྱི་ཉམས་འགྱུར་མངོན་པར་གསལ་བ་དང་། ལེགས་ཉེས་དགེ་སྐྱོན་གྱི་ལྟ་ཚུལ་འཛིན་སྟངས་ལ་རྙོག་དྲ་མེད་པར་སྣ་གཅིག་ཏུ་སོང་བའམ་ཡང་ན་ཤིན་ཏུ་དྭངས་ཤིང་གཙང་བ། རྩོམ་གྱི་སྒྲིག་གཞི་བཀོད་སྟངས་གོ་རིམ་ཅན་དང་གཏན་ཆགས་ཅན་དུ་བྱས་པ་སོགས་ཀྱི་ཁྱད་ཆོས་དང་ལྡན་པ་ལས་གཞན། དེ་ལས་འགོངས་པའི་སྒོ་ནས་འཚོ་བའི་ནང་གི་དོན་དག་ཕྲན་ཚེགས་ཏེ་མི་རྣམས་ཀྱིས་རྒྱུན་པར་ལས་བཞིན་པ་དང་བརྒྱུད་མྱོང་ཡང་སྤྱིར་བཏང་མཉམ་མི་འཇོག་པ་དེ་འདྲ་བརྗོད་བྱར་བཀོད་པ་དང་། རྩོམ་གྱི་བརྗོད་བྱ་དང་སྐད་ཆ་སྤྲོ་མཚར་ཅན་དུ་ཕྱོགས་པ་ཡང་འདུག་པ་སོགས་ཀྱིས་ཐེངས་འདིའི་འགྲན་རྩོམ་གྱི་ནང་དོན་ཅུང་ཟད་ཕུན་སུམ་ཚོགས་པ་ཞིག་ཏུ་ཐོན་འདུག  དེ་ལས་ཐེངས་འདིའི་ཚགས་པར་གྱི་སྟེང་དུ་བཀོད་པའམ་ཡང་ན་མཐའ་མའི་དཔྱད་འདེམས་ཀྱི་ནང་དུ་ཚུད་པའི་རྩོམ་ཡིག་སོ་དྲུག་ཙམ་ཡོད་པ་དང་། དེའི་ཁྲོད་གཞན་རྩོམ་ལ་ལད་ཟློས་བྱས་པ་ཚད་ལས་འདས་པའི་རྩོམ་ཡང་རེ་གཉིས་ཐོན་འདུག་པ་ང་ཚོ་རྩོམ་སྒྲིག་པ་དག་གིས་རྗེས་ནས་ཤེས་པས། རྗེས་ཕྱོགས་སྣང་ཚུལ་དེ་འདྲ་འབྱུང་བ་ལ་སྔོན་འགོག་བྱེད་ཆེད། འགྲན་ཞུགས་པའི་རྩོམ་ཡིག་དཔྱད་འདེམས་ཀྱི་མིང་ཐོ་ལས་ཕུད་པ་ཡིན། རྩོམ་བསྡུའི་དུས་བཅད་རྫོགས་རྗེས། དཔྱད་འདེམས་ཀྱི་ལས་ཀ་དྲང་བདེན་འདྲ་མཉམ་ཞིག་ཡོང་ཆེད། རྩོམ་སྒྲིག་པ་དག་གིས་གྲོས་མོལ་ལྟར་སྤྱི་ཚོགས་སྟེང་གི་མིང་དུ་གྲགས་པའི་རྩོམ་པ་པོ་དང་དཔྱད་བརྗོད་པ། རྩོམ་སྒྲིག་པ་བཅས་མི་ལྔ་སྟེ། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་དགེ་རྒན་ཆེན་མོ་དོན་གྲུབ་ཚེ་རིང་དང་མཚོ་སྔོན་ཞིང་ཆེན་རིག་གནས་ཁང《བོད་ཀྱི་དམངས་སྲོལ་རིག་གནས》རྩོམ་སྒྲིག་ཁང་གི་ཚེ་རྒྱལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང《སྦྲང་ཆར》རྩོམ་སྒྲིག་ཁང་གི་བཀྲ་ཤིས་དོན་གྲུབ། མཚོ་སྔོན་ཞིང་ཆེན་རིག་རྩལ་ལྷན་ཚོགས་ཀྱི་འགྱུར་མེད་རྡོ་རྗེ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང《སྦྲང་ཆར》རྩོམ་སྒྲིག་ཁང་གི་ཆོས་སྐྱོང་བཅས་གདན་ཞུ་བྱས་ཏེ་དཔྱད་འདེམས་ཚན་ཆུང་ཞིག་ཆེད་དུ་བཙུགས་ཐོག  འདི་ག་ཚགས་པར་སྟེང་དཀོད་ཟིན་པའམ་དཔྱད་འདེམས་སུ་ཚུད་པའི་རྩོམ་ཡིག་རྣམས་ལ་དཔྱད་འདེམས་པ་དག་གིས་རང་རང་སོ་སོ་ནས་ཟླ་ངོ་གཅིག་དང་ཕྱེད་ཀའི་རིང་ལ་ཞིབ་ཀློག་བྱས་པ་རེད།

 ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་གྱི་དཔྱད་འདེམས་ནི་འཚོ་བའི་བདེན་པ་དང་བསམ་བློའི་བཀོད་པ། སྒྱུ་རྩལ་གྱི་རིན་ཐང་བཅས་འོས་འཚམ་གྱི་ཚད་གཞིར་བཟུང་ཞིང་།  འདྲ་མཉམ་དང་དྲང་བདེན་སྲོག་ཏུ་འཛིན་པའི་བླང་བྱ་ལྟར།  2017ལོའི་ཟླ2པའི་ཚེས25ཉིན་དཔྱད་འདེམས་པ་རྣམས་གནས་གཅིག་ཏུ་ཚོགས་ནས་འདེམ་ཤོག་འཕངས་ཤིང་། རང་རང་གི་དཔྱད་འདེམ་གོ་རིམ་ཁྲོད་འགྲན་ཞུགས་རྩོམ་ཡིག་དག་ལ་བལྟས་པའི་མྱོང་ཚོར་དང་སྦྲགས་ནས་དཔྱད་བསྡུར་བྱས་པ་དང་། མཇུག་མཐར་དཔྱད་འདེམ་ཚན་ཆུང་གིས་རྩོམ་ཡིག་འགྲན་སྡུར་གྱི་ཐོག་མའི་བླང་བྱ་ལྟར་བྱ་དགའ་ཨང་དང་པོ་གཅིག་དང་། ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ། གཞན་ཡང་རྟིང་སྐུལ་བྱ་དགའ་ལྔ་བཅས་བདམས་ཐོན་བྱུང་། དེ་དག་ལས་ཐུན་རིན་རྫོང་མི་རིགས་སློབ་འབྲིང་མཐོ་གསུམ་འཛིན་གྲྭ་དང་པོའི་སློབ་གྲོགས་སྙིང་མོ་དཔའ་ཡི་རྩོམ་ཡིག《ཁ་ཆར་དང་བུ་ཡུག་ཁྲོད་ཀྱི་ལང་ཚོའི་མེ་ཏོག》ཅེས་པ་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ཡུས་ཧྲུའུ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་མཐོ་གཉིས་འཛིན་གྲྭ་གསུམ་པའི་སློབ་གྲོགས་སྐལ་བཟང་གཡང་སྒྲོན་གྱི་རྩོམ་ཡིག《འབྲོང་མདའ་ལ་སོང་བའི་མྱོང་ཚོར》ཞེས་པ་དང་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་མཐོ་གསུམ་འཛིན་གྲྭ་གཉིས་པའི་སློབ་གྲོགས་ཚེ་བརྟན་བཀྲ་ཤིས་ཀྱི་རྩོམ་ཡིག《ཐབ་ཚང་ནང་གི་སྐད་ཆ》ཞེས་པ་གཉིས་ལ་སོ་སོར་བྱ་དགའ་ཨང་གཉིས་པ་ཐོབ།  གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་མཐོ་གཉིས་འཛིན་གྲྭ་དང་པོའི་སློབ་གྲོགས་བསོད་ནམས་རྒྱལ་མཚན་གྱི་རྩོམ་ཡིག《ཕ་ཡུལ་བཀླགས་པ》དང་། ལྷ་ས་སློབ་འབྲིང་གི2018ལོའི་འཛིན་གྲྭ་བདུན་པའི་སློབ་གྲོགས་བསོད་ནམས་ལེགས་བཤད་ཀྱི་རྩོམ་ཡིག《གཉན་པོ་གསང་བ》། ཡུས་ཧྲུའུ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་མཐོ་གཉིས་འཛིན་གྲྭ་གསུམ་པའི་སློབ་གྲོགས་རྒྱལ་མཚན་ནོར་བུའི་རྩོམ་ཡིག《འདས་དོན་ཞིག》བཅས་ལ་སོ་སོར་བྱ་དགའ་ཨང་གསུམ་པ་ཐོབ། དེ་མིན་ཧུའུ་པེ་ཞིང་ཆེན་ཧང་ཀང་གྲོང་ཁྱེར་ལིན་ཧུའུ་མཐོ་འབྲིང་གི་མཐོ་གཉིས་འཛིན་གྲྭ་བཅུ་བའི་སློབ་གྲོགས་རིག་ཤེར་གྱི་རྩོམ་ཡིག《རལ་བ》དང་། རྩེ་ཁོག་རྫོང་མི་རིགས་མི་རིགས་སློབ་འབྲིང་དང་པོའི་མཐོ་གཅིག་འཛིན་གྲྭ་བཞི་བའི་སློབ་གྲོགས་འཇིགས་བྱེད་སྐྱབས་ཀྱི་རྩོམ་ཡིག《འབྲོག་ཁྱི་ཞིག་གི་ལས་དབང》། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གསུམ་པའི་མཐོ་གསུམ་འཛིན་གྲྭ་དང་པོའི་སློབ་གྲོགས་ཨོ་རྒྱན་ཚེ་རིང་གི་རྩོམ་ཡིག《རླབས་ཆེ་བའི་བརྩེ་བ》། ནག་ཆུ་ས་གནས་མི་རིགས་མཐོ་འབྲིང་གི་མཐོ་གསུམ་འཛིན་གྲྭ་བཅུ་གསུམ་པའི་སློབ་གྲོགས་བསོད་ནམས་དར་རྒྱས་ཀྱི་རྩོམ་ཡིག《ཐེམ་སྐས་གཉིས་པ》། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་མཐོ་གཅིག་འཛིན་གྲྭ་བཅུ་གཅིག་པའི་སློབ་གྲོགས་ཁྲི་ཟླ་གཞོན་གྱི་རྩོམ་ཡིག《སློབ་གླིང་གསར་བར་ཞུགས་པའི་མྱོང་ཚོར་དང་བློ་བསྐྱེད》བཅས་ལྔ་ལ་སོ་སོར་རྟིང་སྐུལ་བྱ་དགའ་ཐོབ་པས། ཁོང་ཅག་ལ་ཁ་ཞེ་གཉིས་མེད་ཀྱིས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག  རྗེས་སོར་ཡང་མུ་མཐུད་དུ་རྩོམ་འབྲིའི་རྒྱུན་མི་གཏོང་བའི་རེ་སྐུལ་ཞུས་པ་ཡིན།  དེ་མིན་ཐེངས་འདིའི་འགྲན་སྡུར་གྱི་བྱ་དགའི་གྲས་སུ་མ་ཚུད་པ་དག་ལ་མཚོན་ན་ཡང་། ཁྱེད་ཅག་གི་རྩོམ་ཡིག་བྲིས་པ་གཞན་དག་ལས་ཞན་པས་ནི་མ་ཡིན་པར་འགྲན་སྡུར་སྤེལ་སྟངས་ཀྱི་ཚད་བཀག་གི་དབང་དུ་སོང་བ་ཁོ་ནར་ཟད་པ་ནི། ཐེངས་འདིའི་དཔྱད་འདེམས་ཀྱི་དཔྱད་བསྡུར་ཁྲོད་ནས། དཔྱད་འདེམས་པ་དག་གིས་མཐའ་གཅིག་ཏུ་རྩོམ་ཡིག་མང་པོ་ཞིག་བྱ་དགའི་ཨང་རིམ་དུ་མ་ཚུད་པ་ལ་ཕངས་སེམས་ཆེན་པོ་སྟོན་པར་བྱེད་ལ། རྩོམ་ཡིག་མང་པོ་ཞིག་ལ་གདེང་འཇོག་མཐོན་པོར་གནང་པས་ཀྱང་མཚོན་པས་ན། ཁྱེད་ཅག་ལ་ཡང་སྙིང་ཁོང་རུས་པའི་གཏིང་ནས་རྟེན་འབྲེལ་དང་བཀའ་དྲིན་ཞུས་པ་ཡིན། 

དཔྱད་འདེམས་གནང་སྐབས་དཔྱད་འདེམས་ཚན་ཆུང་གི་ཚན་གཙོ་ཆོས་སྐྱོང་ལགས་ཀྱིས་ཐེངས་འདིའི་འགྲན་ཞུགས་རྩོམ་ཡིག་ལ་གདེང་འཇོག་ཆེན་པོ་གནང་ཞིང་། བྱ་འགུལ་འདིས་བོད་ཀྱི་མ་འོངས་པའི་རྩོམ་པ་པོ་སྐྱེད་སྲིང་དང་མཐོ་འབྲིང་སློབ་མའི་རྩོམ་འབྲིའི་ནུས་པ་མཐོར་འདེགས་གཏོང་བ་ལ་དགེ་མཚན་མི་དམན་པ་ཐོན་ངེས་ཡིན་པ་དང་།  ཕྱིས་སུ་ཡང་བྱ་འགུལ་འདི་འདྲ་མུ་མཐུད་དུ་སྤེལ་ཐུབ་ན་དགེ་མཚན་ཆེ་བར་བསྙད། དཔྱད་འདེམས་པ་གཞན་དག་གིས་ཀྱང་དེར་མཐུན་གྱི་བསམ་ཚུལ་བཏོན། ཐེངས་འདིའི་བྱ་དགའ་ཐོབ་མཁན་ཨང་དང་པོར་དམངས་སྒོར2000དང་། ཨང་གཉིས་པར་སོ་སོར་དམངས་སྒོར1500རེ། ཨང་གསུམ་པར་སོ་སོར་དམངས་སྒོར1000རེ། རྟིང་སྐུལ་བྱ་དགའ་ལ་སོ་སོར་དམངས་སྒོར500རེ་དང་། གཞན་ཡང་བྱ་དགའ་ཐོབ་མཁན་ཡོངས་དང་མཛུབ་སྟོན་དགེ་རྒན་རྣམས་ལ་བྱ་དགའི་དཔང་ཡིག་འབུལ་བར་གཏན་ཁེལ་བྱས་ཡོད།

   མཇུག་ཏུ་ཞུ་འདོད་པ་ནི་ང་ཚོར་རྩོམ་ཡིག་འགྲན་སྡུར་གྱི་བྱ་འགུལ་སྤེལ་བའི་ཉམས་མྱོང་དབུལ་བ་དང་། རྩོམ་སྒྲིག་པའི་ཆུ་ཚད་ཞན་པ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་ཐེངས་འདིའི་རྒྱལ་ཡོངས་བོད་ཀྱི་མཐོ་འབྲིང་སློབ་མའི་རྩོམ་ཡིག་འགྲན་སྡུར་ཁྲོད་མ་འདང་ས་དང་མ་ཤེས་པའི་སྐྱོན་ཅི་རིགས་མཆིས་སྲིད་པ་ལ་མཛུབ་སྟོན་ཡོ་བསྲང་གི་བསམ་ཚུལ་ལྷུག་སྩོལ་ཡོད་པར་ཞུ་བ་དང་། རྗེས་མར་ང་ཚོས་མཉམ་དུ་ཐུན་ཐོང་གི་བགོ་སྐལ་དུ་སྨིན་པའི་ཚགས་པར་གྱི་པར་ངོས་ཆུང་ཆུང་འདིའི་སྐྱེད་ཚལ་ནས། གསར་སྐྱེས་ལྗང་བུའི་ཚོགས་ཀྱི་ལང་ཚོའི་རང་མདངས་ཆེས་ཆེར་རྒྱས་པར་ཆུ་ལུད་དྲོད་གསུམ་གྱི་རམ་འདེགས་གང་ནུས་ཐོན་པར་འབད་དོ་ཞེས་གུས་པས་ཕུལ་བའོ། །

_DSC8841.JPG

རྩོམ་པའི་གོ་ཆ་རྙེད་གྱུར་ཅིག

—རྒྱལ་ཡོངས་བོད་ཀྱི་མཐོ་འབྲིང་སློབ་མའི་རྩོམ་ཡིག་འགྲན་སྡུར་ལས་འཕྲོས་པ།

ཆོས་སྐྱོང་། 

ཐོག་མར།ངས《མཚོ་སྔོན་བོད་ཡིག་གསར་འགྱུར་ཁང》གིས་བསྒྲུབས་པའི་མཐོ་འབྲིང་སློབ་མའི་རྩོམ་ཡིག་འགྲན་སྡུར་ཁྲོད་ཞུགས་ཤིང་།གཟིགས་བཟོས་ཐོབ་དང་མ་ཐོབ་པའི་སློབ་གྲོགས་ཚོར་ཁྱད་མེད་དུ་རྟེན་འབྲེལ་ཞུས་པ་དང་།དེ་ལས་ཀྱང་གཟིགས་བཟོས་ཐོབ་པའི་གཞོན་ནུ་རྣམ་དཔྱོད་ཅན་ཚོར་སེམས་བསམ་པའི་གཏིང་ནས་གུས་འདུད་མཚོན་པ་ཡིན།

སྤྱི་ལོ2016ལོའི་ཟླ4པའི་ཟླ་མཇུག་ནས་བཟུང་སྟེ།སྤྱི་ལོ2016ལོའི་ཟླ12པའི་ཟླ་མཇུག་བར་དུ།ངག་སྒོ་ཡངས་ལ་འཆར་སྒོ་མྱུར་བའི་བོད་མདོ་དབུས་ཁམས་གསུམ་གྱི་མཐོ་འབྲིང་སློབ་མ་རྣམས་ཀྱིས་སོར་མོའི་འདུ་བྱེད་ལས་འཁྲུངས་པའི་རྩོམ་ཡིག་མང་བོ་བསྐུར་ཅིང་།དེ་དག་ལས་ལེགས་པའི་ལེགས་པ་དང་ཕུད་ཀྱི་ཡང་ཕུད་དུ་བརྩིས་རུང་བའི་རྩོམ་ཡིག36《མཚོ་སྔོན་བོད་ཡིག་གསར་འགྱུར》སྟེང་དངོས་སུ་སྤེལ་ཏེ།རྒྱ་ཆེའི་ཀློག་པ་པོ་ཀུན་གྱི་གཟིགས་མོར་བཀྲམ།

ད་རེབ་རྩོམ་ཡིག་འགྲན་སྡུར་དེའི་དཔྱད་འདེམ་པར་བསྐོས་པ་ནི་རྩོམ་སྒྲིག་ཁང་གིས་བོང་བ་གསེར་གཟིགས་ཀྱི་བཀའ་དྲིན་བསྐྱངས་པ་ལས་མ་འདས་མོད།ཁོང་ཅག་གི་རེ་བ་ཆུད་ཟོས་སུ་མི་གཏོང་བའི་ཀུན་སློང་མཚོན་བྱེད་དུ།དུས་ཡུན་ཟླ་ངོ་གཅིག་ཙམ་གྱི་ལས་ཞོར་ཁོམ་ལོང་བེད་སྤྱོད་ཅི་ཐུབ་ཀྱིས།རྩོམ་ཡིག36མགོ་ནས་མཇུག་བར་ཐེངས་མིན་དུ་མར་བཀླགས་ཤིང་རང་ཚོད་ཀྱིས་དཔྱད་པ་གཏོང་ཁུལ་དང་ཨང་རིམ་སྒྲིག་མདོག་བགྱིས་ཏེ། སྤྱི་ལོ2017ལོའི་ཟླ2པའི་ཚེས་ཉེར་བཞིའི་ཉིན།དཔྱད་འདེམ་པ་གཞན་བྱིངས་དང་གྲལ་གཅིག་ཏུ་འཛོམས་ཐོགཡང་ཡང་རྩད་སྡུར་དང་བགྲོ་གླེང་།ཐ་ན་དཔྱད་འདེམ་པ་ཕན་ཚུན་གདམ་ཡུལ་གཅིག་ཏུ་མ་མོལ་བར་ཚིག་རྩོད་བྱུང་བའི་ཚད་ལ་གཏུགས་མོད་ཀྱི།འོན་ཀྱང་ཁོང་པ་རྣམས་ནི་བློ་སྦྱོང་མཐོ་བ་དང་བསམ་ཤེས་སྒོམ་ནུས་པ་ཅན་ཤ་སྟག་ཏུ་ངེས་ཕྱིར།མཇུག་མཐར་འདེམ་ཤོག་འཕེན་པའི་མང་གཙོའི་ལས་རིམ་དུ་ཞུགས་ནས་བྱ་དགའི་རིམ་པ་ཐག་ཆོད་བྱུང་།དེ་ལྟ་དེ་ལྟར།ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་གྱི་དཔྱད་འདེམ་ལས་ཀ་དེ་བདེ་བླག་ངང་མཇུག་རྫོགས་པ་ཡིན།

གལ་སྲིད།ནོར་བུའི་ནོར་ངོ་མ་ཟིན་པ་དང་ཙན་དན་སོལ་བར་བསྲེགས་པའི་རྨོངས་ཚོད་དམ་ལས་འཛོལ་གྱི་ཆ་ཅི་རིགས་མཆིས་ཚེ།ད་ལྟ་མྱུར་དུ་ཁྱེད་རྣམ་པར་འགྱོད་ཚངས་འབུལ་བར་རངས་པའི་མཚུངས་སུ།དེ་ཡང་འཛམ་གླིང་ཕྱི་ནང་ཀུན་ཏུ་དར་བའི་དཔྱད་འདེམ་གྱི་གྲུབ་ཆ་ཞིག་ཏུ་ལྟ་བས་ན།བདག་ཅག་དཔྱད་འདེམ་པ་ཕལ་བ་དག་གིས་ནི་ག་ལ་ནུས་ཏེ་ཡེ་ནས་མི་ནུས་སོ།།

དེ་ལྟར། དཔྱད་འདེམ་གྱི་གོ་རིམ་རགས་ཙམ་ངོ་སྤྲད་པའི་རྗེས་སུ།ཁོ་བོས་ཐེངས་འདིའི་དཔྱད་འདེམ་གྱི་ལས་ཀར་ཞུགས་པའི་ཉམས་མྱོང་འགའ་ངོ་སྤྲོད་ཞུ་རྒྱུ་ཡིན།

སྤྱིའི་ཆ་ནས་བལྟས་ན།འགྲན་སྡུར་དུ་ཞུགས་པའི་རྩོམ་ཡིག་ཕལ་མོ་ཆེའི་རྗོད་བྱེད་སྙན་ཞིང་སྦྱོར་བ་བདེ།དཔེ་དོན་འཚམ་ཞིང་གཏན་ཚིགས་བཙན། ཚིག་གི་དག་ཆ་དང་དོན་གྱི་གནད་འབྱིན་ལུགས་ཀྱང་མཐོ་འབྲིང་སློབ་མའི་ཆུ་ཚད་ལས་ཆེས་ཆེར་འགོངས་པའི་སྣང་བ་འགོག་མིན་དུ་སྟེར་བར་བྱེད།དེ་ལྟའི་མཚན་གཞིར་བགྲང་རུང་བའི་རྩོམ་ཡིག་ནི་བགྲང་གིས་མི་ལང་ནའང་།འདིར་རེ་རེ་ནས་འདྲེན་པའི་སྐལ་བ་མ་ཤར་ཏེ།ཤེས་འདོད་རྣམས་ཀྱིས་ཞིབ་པར་ཀློགས་དང་གསལ་བར་ངེས།

སྐད་དང་ཡི་གེ་ཉག་ཕྲ་བའི་གནས་སྐབས་འདི་དང་འདི་ལྟ་བུར།མ་འོངས་པའི་རེ་བ་ཉག་ཅིག་ཏུ་བལྟས་པའི་མཐོ་འབྲིང་སློབ་མ་རྣམས་ལ་མཚོན་ན།ཆུང་དུས་ནས་བོད་ཡིག་གི་རྨང་གཞི་འདི་འདྲ་བརྟན་པོ་ཞིག་ཆགས་ཡོད་པ་ནི་ཤིན་ཏུ་དགའ་འོས་པའི་གནས་ཏེ།གཅིག་ན་དགེ་རྒན་དང་ཕ་མ་བཟང་བོའི་བཀའ་དྲིན་ཡིན་ལ།གཉིས་ན་སློབ་གྲོགས་རང་ཉིད་ཀྱི་ཤ་རུས་འབད་འབུངས་ལ་རག་ལས་པའོ།།

ཐེངས་འདིའི་དཔྱད་འདེམ་གྱི་གོ་རིམ་ཁྲོད།ཚགས་པར་ཁང་གིས་བཏོན་པའི་བརྗོད་བྱ་འབུར་དུ་ཐོན་དགོས་ཤིང་བདེན་དགེ་མཛེས་གསུམ(འདིར་མཛེས་དཔྱོད་ཀྱི་ངོས་ནས་བཞག་པའི་བདེན་དགེ་མཛེས་གསུམ་དེར་གོ་མི་རུང)གྱིས་ཕྱུག་པ་ལས།ནད་མེད་འཁུན་སྒྲ་འབྱིན་པ་དང་ཁུངས་མེད་ཀུ་ཅོ་འདོན་པའི་རིགས་མི་འགོད་པ་དང་།རྗོད་བྱེད་གསལ་དག་ཅིག་ཐོན་དགོས་པ་ལས།སྣང་བ་རབ་རིབ་དང་དོན་མེད་ཚིག་ཤོམ་སྤྲོ་བའི་རིགས་མི་འགོད།ཅེས་པའི་བླང་བྱ་ནན་མོ་ལས་གཞན།ཁོ་བོས་ཐོག་མཐའ་བར་གསུམ་དུ་རྗོད་བྱེད་ཚིག་དེ་རྩ་བའི་རྩ་བར་བཟུང་བ་ཡིན།དེར་རྒྱུ་མཚན་ཡོད་དེ།འགྲན་སྡུར་དུ་ཞུགས་པའི་སློབ་གྲོགས་སུ་དང་གང་ཡང་རུང་།མ་འོངས་པར་རྩོམ་པ་པོ་ཞིག་ཏུ་གྱུར་ཀྱང་མ་གྱུར་རུང་།རྩོམ་པའི་རྣམ་གཞག་རགས་པ་ཡན་ཆད་དེ། ཚིག་སྦྱོར་ལྷུ་འགྲིག་མོ་ཞིག་སྨྱུག་ཁར་ལུད་ཐུབ་པ་བྱུང་ཚེ་ཡང་།དེ་ཉིད་ཁྱོད་ཀྱི་རྒྱུགས་འབྲས་དང་ལས་གནས།འཚོ་བ།མི་ཚེ་བཅས་པར་སྔ་མོ་ནས་འབྲེལ་ཐག་བརྒྱུས་ཡོད་པ་ཞིག་ཅི་ལ་མིན།

མཐོ་འབྲིང་གི་གནས་སྐབས་ཡིན་ནའང་ཆོགསློབ་ཆེན་གྱི་གོ་རིམ་བརྒྱུད་ནའང་འདྲ།གང་ལྟར།ད་དུང་གསར་རྩོམ་གྱི་གནས་སྐབས་སུ་སླེབས་མེད་ཅིང་།ཡོད་ཚད་སྦྱང་རྩོམ་མམ་རྩོམ་འབྲིའི་རྨང་གཞི་འདིང་བའི་ན་ཚོད་ཡིན་པ་བསྙོན་མེད་རེད།ནམ་ཞིག་གསར་རྩོམ་གྱི་ལམ་བུར་ཤེས་བཞིན་གྱིས་ཞུགས་ནའང་།ཐོག་མའི་རྒྱུ་དུས་ཀྱི་རྟེན་འབྲེལ་དེ་འདྲ་གཡོལ་བ་མེད་པར་ཀུན་ནས་བསྒྲིགས་ཤིང་འགྲིག་དགོས།དེས་ན།རྗོད་བྱེད་ཚིག་འདི་ནི་རྩོམ་ལུས་ཉིན་ཐོ་དང་བཅས་པའི་སྔོན་འགྲོའི་ཆ་རྐྱེན་དང་པོར་ངེས་ཤ་སྟག་ཏུ་སྣང་ངོ་།།རྗོད་བྱེད་ཚིག་དེ་ཇི་ལྟར་སྦྱང་བའི་ཐབས་དང་རྣམ་པའི་ཐད།དགེ་རྒན་དམ་པའི་མན་ངག་བསྟེན་པ་དང་དཔེ་ཀློག་སྦྱོར་སྦྱོང་གི་གོམས་གཤིས་སྐྱེད་པ།གུས་རྟག་བརྩོན་འགྲུས་ཀྱི་རྒྱུན་སྲིང་བ་བཅས་ནི་མེད་དུ་མི་རུང་སྟེ།དགེ་རྒན་མ་བསྟེན་པའི་སློབ་མ་དང་།དཔེ་ཀློག་མི་བྱེད་པའི་རྩོམ་པ།བརྩོན་འགྲུས་མི་གོམས་པའི་མཁས་པ་ནི་འཇིག་རྟེན་འདིར་སྲིད་མཐའ་ཙམ་དུ་མཆིས།ཞེས་པ་ནི་ཉམས་མྱོང་གི་གཏམ་གྱི་དང་པོའོ།།

བྱེ་བྲག་གི་ཆ་ནས་བལྟས་ན།འགྲན་སྡུར་དུ་ཞུགས་པའི་རྩོམ་ཡིག་ཕལ་མོ་ཆེའི་བརྗོད་བྱ་ལེགས་ཤིང་བདེན་དགེ་མཛེས་གསུམ་གྱི་བླང་བྱ་དང་ཡོངས་སུ་མཐུན།ཕ་མ་སྤུན་མཆེད་དང་དགེ་རྒན་སློབ་གྲོགས།བཟང་ས་རྒྱན་ས་དང་ཕ་ས་ཕ་ཡུལ།ཡང་ན་རང་ཉིད་དངོས་བརྒྱུད་ཀྱི་དོན་དག་དང་མི་སྣ་གཙོར་བཟུང་གིས་བྲིས་པ་མང་།བྲིས་པ་དེ་དག་ཀྱང་དགེ་སྐུལ་དང་དྲིན་གཟོ།འགྱོད་ཚངས་བཅས་ཀྱི་བརྗོད་སྙིང་གིས་གོས་ལ་སྣུམ་བཞིན་དུ་ཟིན་པར་མ་ཟད།ཚན་རིག་ནས་བརྡ་འཕྲིན།བརྡ་འཕྲིན་ནས་གོ་ལ་གཅིག་འགྱུར་གྱི་ཕྱིའི་དངོས་པོའི་ལོངས་སྤྱོད་ཆེས་ཆེར་དར་བའི་གནས་སྐབས་སུ།གཞན་ལྟོས་ཀྱིས་རང་ལྟའི་འདུ་ཤེས་རྙེད་ཅིང་།གཞན་དབང་གིས་རང་སྒེར་གྱི་གོ་རྟོགས་སད་དེ།བོད་མི་རིགས་འདིའི་ཆེ་བཀུར་ཆུང་བྱམས་ཡན་གྱི་ཀུན་སྤྱོད་དང་བཅས་པའི་ཡུལ་སྲོལ་གོམས་གཤིས།རིག་གནས་ལོ་རྒྱུས།བསམ་བློ་སྙིང་སྟོབས་ཐམས་ཅད་དགེ་ལས་སྐྱོན་དུ་ལྟ་བ་དང་།བདེན་ལས་རྫུན་དུ་འདོད་པ་དང་།མཛེས་ལས་བཙོག་ཏུ་སྒོམ་པའི་རིགས་ཉུང་ཉུང་རེད།གནད་འདི་ནི་ཐེངས་འདིའི་རྩོམ་འགྲན་གྱིས་བསྐྱེད་པའི་ཉམས་མྱོང་གལ་ཆེན་ཞིག་སྟེ།མི་རབས་འདིའི་གོང་མ་གོང་མའི་ཁྲོད་དུ་ཅུང་ཟད་མཐོང་དཀོན་པའི་རིགས་སུ་གཏོགས།ཇི་ལྟ་གཞན་དང་འདྲེས་པ་དེ་ལྟར་རང་ཉིད་ཀྱི་ཐོབ་ཐང་དང་།རང་ཉིད་ཀྱི་རིགས་ཞེན།རང་ཉིད་ཀྱི་ཆེ་བ་རྩལ་དུ་གདོན་པའང་མེ་སྟག་ཕུ་དུང་ནས་གསོད་པ་ཁོ་ན་ག་ལ་ཡིན་གྱི།རང་ཉིད་ཡུན་གནས་དང་ཚེ་འཛིན་གྱི་རིག་པ་འཚོལ་བའི་ཐབས་ལམ་ཞིག་ཅི་ལ་མིན་ཏེ་ཡིན་པར་ངེས་སོ།།

མཐོ་འབྲིང་གི་གནས་སྐབས་ཡིན་ནའང་ཆོགསློབ་ཆེན་གྱི་གོ་རིམ་བརྒྱུད་ནའང་འདྲ།གང་ལྟར།རྩོམ་པའི་རྣམ་གཞག་གང་དུའང་བརྗོད་བྱ་འདེམ་ལུགས་དང་ཟུར་ངོས་རྙེད་ཚུལ་ནི་ལམ་གྱི་རིམ་པ་གཉིས་པ་ཡན་ཆད་ཀྱི་དོན་གལ་ཆེན་པོ་ཞིག་རེད།དེ་ལས་ཀྱང་གལ་ཆེ་བ་ནི་སློབ་གྲོགས་ཚང་མས་འགྲོ་བ་མ་ལུས་དང་གོ་ལ་རིལ་མོ་ལྟ་བུའི་བརྗོད་བྱ་གཏོས་ཆེ་བ་ཁུར་དུ་མི་ཐེག་པ་བློ་ཡིས་མི་ཆུན་པ་དག་སོར་མོའི་འདུ་བྱེད་དུ་མ་བསྒྱུར་པར།སོ་སོའི་དངོས་བརྒྱུད་ཀྱི་ཉམས་མྱོང་དཔང་དུ་བཞག་སྟེ་རང་གི་ན་ཚོད་དང་མཐུན་པའི་ཟུར་ངོས་ནས་སམ་རང་གི་བློ་སྦྱོང་ལས་བཙོས་པའི་ལྟ་སྟངས་ཐོག་ནས་བརྗོད་འདོད་ཀྱི་དོན་ཇི་བཞིན་ཡིག་རིས་སུ་འབེབས་ཅི་ཐུབ་བྱས་པ་ནི་ཡང་གཅིག་དགའ་བའི་གནས་ཁོ་ནར་མཐོང་།དེ་མིན།ཚགས་པར་ཁང་གིས་འགྲན་སྡུར་གྱི་བླང་བྱར་བྲིས་པ་བཞིན།ནད་མེད་འཁུན་སྒྲ་དང་ཁུངས་མེད་ཀུ་ཅོ།སྣང་བ་རབ་རིབ་དང་དོན་མེད་ཚིག་ཤོམ་གྱི་ར་བ་ལས་འདའ་ཐབས་མ་མཆིས་སོ། །དེས་ན་བརྗོད་བྱ་འདེམ་ལུགས་དང་ཟུར་ངོས་རྙེད་ཚུལ་གྱི་ངོས་ནས་ཐབས་དང་རྣམ་པ་ཅི་འདྲ་གང་འདྲ་ཡོད་པའི་ཐད།གཙོ་བོའི་གཙོ་བོར་གྱུར་པ་ནི་རང་ཉིད་དངོས་སུ་བརྒྱུད་པའི་ཉམས་མྱོང་དེར་གཙིགས་ཆེན་འཛིན་པ་གལ་ཆེ་ཞིང་།གལ་སྲིད་གཞན་བརྒྱུད་ཀྱི་ཉམས་མྱོང་ཡིན་དུ་ཆུགས་ཀྱང་།དེར་རང་ཉིད་ཀྱི་སེམས་ཤུགས་དང་ལུས་སྟོབས་འཇུག་ཅི་ཐུབ་ཀྱིས་བསྲེགས་བཅད་བརྡར་གསུམ་དང་གཞན་དཔེ་རང་སྟོན།སྐྱིད་སྡུག་མཉམ་མྱོང་།བདག་གཞན་མཉམ་བརྗེ་ལྟ་བུའི་སེམས་བསྐྱེད་ཆེན་པོ་ཞིག་གིས་ཐོག་མ་དྲངས་ཚེ།བརྗོད་བྱ་ཇི་ལྟར་ལེགས་ཤིང་རྒྱ་ཆེ་རུང་།དེ་ནི་ཐོས་ལོ་གོ་ལོ་ཅན་གྱི་ཉམས་མྱོང་རྩིང་རགས་ཅན་དང་ཆུ་སྣ་གར་ཁྲིད་ཅན་གྱི་མཐོང་ལུགས་ཕལ་བ་ཞིག་ལས་མ་འདས་སོ། །དེ་ལྟར་བརྗོད་བྱ་འདེམ་ཚུལ་གྱི་གནད་རེ་གཉིས་རྙེད་དེ།ད་ནི་ཟུར་ངོས་གང་ཞིག་ནས་འཇུག་པའི་ཐད་ལའང་།བསླབ་བྱ་ལེགས་བཤད་མང་བོ་ཡོད་སྲིད་ཀྱི།འོན་ཀྱང་གལ་བོ་ཆེ་ལ་ནན་ཏན་གྱིས་ཞུ་རྒྱུ་ཞིག་ནི།རང་ཉིད་ཀྱི་གོ་རིགས་དང་བསྒྲེས་ཤིང་། བརྩེ་བ་ལྷད་མེད་དང་དུངས་པ་ཟོལ་མེད་ཀྱི་སྒོ་ནས་འབྲི་བ་དེ་རེད།མདོ་དང་རྩ་བ་དེད་ན།རང་ཉིད་ཀྱི་སྨྱུག་ཁ་སྒྱུར་བ་དང་རང་ཉིད་ཀྱི་མིག་དབང་སྤྱོད་པ།རང་ཉིད་ཀྱི་སེམས་བྱུང་ཇི་བཞིན་དུ་འབྲི་བ་ལས་གཞན་གྱི་ནི་མི་འོས་སོ།།ཞེས་པ་ནི་ཉམས་མྱོང་གི་གཏམ་གྱི་གཉིས་པའོ།།

རྩོམ་པའི་ལུས་དང་རྟེན་གྱི་ཆ་ནས་བལྟས་ན།འགྲན་སྡུར་དུ་ཞུགས་པའི་བརྩམས་ཆོས་ཕལ་མོ་ཆེ་ནི་ལྷུག་རྩོམ་དུ་གཏོགས་ཤིང་།དེ་མིན།སློབ་ཐུན་གཅིག་དང་སྣ་ནག་མ།ཁ་ཆར་དང་བུ་ཡུག་ཁྲོད་ཀྱི་ལང་ཚོའི་མེ་ཏོག་ལྟ་བུ་སྒྲུང་གཏམ་གྱི་རྒྱུ་ཚོགས་ཡོངས་སུ་ཚང་བའམ་ཡང་ན་སྒྲུང་གཏམ་དང་ཆ་འདྲ་བའི་རིགས་ཀྱང་མཆིས།གཞན་ཡང་རྟེན་གྱི་ཆ་ནས་སྐྱེས་ཕོ་མོ་ཐམས་ཅད་འདྲ་མཉམ་དྲང་བཞག་གིས་ཞུགས་པ་དང་། བུ་མོའི་རྩོམ་ཡིག་བཅུ་ཕྲག་ལོངས་པ་དེས་བརྒྱ་ཆའི་སུམ་ཅུ་ཡས་མས་ཟིན་འདུགཐ་ན་ཨང་དང་པོ་དང་གཉིས་པའི་ཡ་གྱལ་ཡང་སློབ་གྲོགས་བུ་མོ་གཉིས་རེད་དེ།བུད་མེད་གནམ་གྱི་ཕྱེད་ཀའོ་ཞེས་བསྟོད་པའི་མཐེ་བོང་མི་སྒྲེང་རང་དབང་བྲལ།ཡུལ་གྱི་ཆ་ནས་ཀྱང་བོད་མདོ་དབུས་ཁམས་གསུམ་དུ་ཁྱབ་པའི་དགེ་མཚན་མཐོང་།གོང་སྨོས་ཀྱི་གནས་ཚུལ་ལས་གསལ་བོར་རྟོགས་པ་ནི།བོད་ཀྱི་མཐོ་འབྲིང་སློབ་མ་ཚོའི་རྩོམ་འབྲིའི་ཡོན་ཏན་དང་ཆུ་ཚད་དེ་ཡུལ་དང་རྟེན་གྱི་ཁྱད་པར་མེད་པར་ཅུང་མཐོ་བར་སྣང་བ་དེ་རེད།ལྷག་དོན།ལྷུག་རྩོམ་འབྲི་བ་དང་ལྷུག་རྩོམ་ནས་མགོ་བརྩམས་ཏེ་རྩོམ་འབྲིའི་ལས་ཀར་འཇུག་པའམ།ཡང་ན་རྩོམ་རིག་གསར་རྩོམ་གྱི་རྨང་གཞི་འདིང་བ་ནི་གདམ་ག་མ་ནོར་བའི་ལམ་གྱི་མཆོག་དང་ཡང་དག་པར་ཁོ་བོས་འདོད་དོ།།ལྷུག་རྩོམ་ནི་རྩོམ་ལུས་ཀུན་གྱི་མ་མ་ལྟ་བུར་བསྔགས་ཤིང་།ལྷུག་རྩོམ་ལ་བྱང་བར་གྱུར་ཚེ།རྩོམ་ལུས་གཞན་གང་ལ་འཇུག་དགོས་ཀྱང་།ཐ་སྙད་ཀྱིས་ཕྱུག་པ་དང་ཞིབ་འབྲིའི་ནུས་པ་ལྡན་པ།སྤྱི་ཁོག་དབུབ་པའི་བློ་བཀོད་འཛོམས་པ་བཅས་ཀྱི་དགེ་མཚན་ཁྱད་པར་བ་མཆིས།དེང་གི་དུས་འདིར་རྩོམ་པ་པོར་རློམ་པ་འགའ་རེས་ཀྱང་ཚིག་ལྷུག་གི་སྒོ་ནས་བརྗོད་དོན་གསལ་བོ་ཞིག་དགྲལ་དགོས་ཟེར་ན་ཅུང་ཁག་པའི་གནས་ཚུལ་རྒྱུན་མཐོང་དུ་སྣང་བས།མཐོ་འབྲིང་སློབ་མ་ཐེ་བའི་གཞོན་ནུ་རྩོམ་དགའ་རྣམས་ཀྱིས་ཉིན་ཐོ་ཡན་ཆད་ཀྱི་ལྷུག་རྩོམ་འབྲི་སྦྱོང་བྱེད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་པོར་མཐོང་སྟེ།འདིར་ཡང་དང་འོར་གྱིས་ནན་བཅགས་བྱས་པའི་ཚུལ་བཟུང་བ་ཡིན།

མཐོ་འབྲིང་གི་གནས་སྐབས་ཡིན་ནའང་ཆོགསློབ་ཆེན་གྱི་གོ་རིམ་བརྒྱུད་ནའང་འདྲ།གང་ལྟར།རྩོམ་ལུས་གང་ཞིག་ལྷུར་ལེན་པ་ནི་གནས་སྐབས་སུ་རྒྱུགས་འབྲས་དང་འབྲེལ་བ་དམ་ཆེ་ཞིང་།ཕྱིས་སུ་གསར་རྩོམ་གྱི་ཉེར་ལེན་དུ་འགྱུར་བའི་རྒྱུ་གལ་ཆེན་དུ་འགྲོ་བས་ན།སྙན་ངག་དང་སྒྲུང་གཏམ་ཞེས་རྒྱུགས་ཆེ་བའི་རྩོམ་ལུས་ཀྱི་བསླུ་བྲིད་རེ་ཞིག་བློས་བཏང་སྟེ།དང་པོ་བརྡ་དང་ཐ་སྙད་ལ་སྦྱངས།གཉིས་པ་ཚིག་གྲུབ་བློར་འབབ་རེ་གཉིས་བཟོས།གསུམ་པ་དོན་གྱི་མགོ་མཇུག་ཆ་ཚང་བ་ཞིག་བཀྲལ།དེ་ལྟར།ཚིག་ལྷུག་གི་སྒོ་ནས་རྩོམ་འབྲིའི་ཉམས་མྱོང་ཉིན་ཐོག་ཟླ་བརྩེགས་ཀྱིས་གསོག་འཇོག་བྱས་ཚེ།ནམ་ཞིག་བྲིས་ལག་བྱང་དུ་སོང་བ་ཞེས་པའི་ངེས་ཤེས་འདྲ་འདྲོང་ངེས་ཤིང་།རྩོམ་ལུས་གཞན་གང་ལ་འཇུག་རུང་འཕྱིས་པའི་དུས་མེད་པར་མ་ཟད།སྔར་བས་ཐོགས་མེད་དུ་འཇུག་ཐུབ་པའི་གདེང་ཚོད་རྙེད་སྲིད་དོ། །ཞེས་པ་ནི་ཉམས་མྱོང་གི་གཏམ་གྱི་གསུམ་པའོ། །

ཐེངས་འདིའི་དཔྱད་འདེམ་གྱི་ལས་ཀ་བརྒྱུད།ཁོ་བོར་བློ་སྐྱེད་གཞན་དང་གཞན་མི་དམན་པ་ཐོབ་ཅིང་།སྙིང་ཁོང་རུས་པའི་གཏིང་ནས་བོད་ཀྱི་མཐོ་འབྲིང་སློབ་མ་ཚོའི་རྩོམ་འབྲིའི་འཇོན་ཐང་ལ་རྗེས་སུ་ཡི་རང་དང་གོང་བཀུར་ཆེན་པོ་བྱེད་འདོད་བྱུང་།ཡིན་ནའང་རྩོམ་རིག་གསར་རྩོམ་གྱི་ཆུ་ཚད་མཐོན་པོ་ཞིག་ནས་དང་།མཛེས་དཔྱོད་སྒྱུ་རྩལ་གྱི་བླང་བྱ་མཐོན་པོ་ཞིག་གི་ངོས་ནས་བཟང་ངན་ལྕི་ཡང་གི་རྒྱ་མར་བཅལ་ཚེ།ད་དུང་ཡང་སྒྲིག་གཞི་ངེས་ཅན་དུ་སོང་བ།བརྗོད་བྱ་བརྗོད་སྙིང་གཅིག་མཐུན་དུ་གྱུར་པ།སྔར་གོམས་ཀྱི་ཉམས་མྱོང་ཙམ་པོར་གཞིར་བཅོལ་བ་ལས་རང་ལྟ་དང་རང་ཁྱད་ཅན་གྱི་རྩོམ་ཡིག་ཉུང་བ།སྡུད་མི་ཆེ་བ།གཙོ་ཕལ་མི་ཕྱེད་པ།རྩིང་རགས་ཆེ་བ།ཞིབ་ཆ་མེད་པ།དཀའ་སར་བྱོལ་ནས་སླ་བར་འཇུག་པ།གོ་རིམ་ཉོག་པ།དགོས་མེད་ཀྱི་ཚིག་ཚོགས་མང་བ།ཐ་ན་ཚིག་གི་གཅོད་མཚམས་ཉམས་པ་བཅས་ཀྱི་སྐྱོན་མི་ཉུང་བ་ཞིག་ཀྱང་མཆིས་པ་ནི།ཁོ་བོས་རྣམ་གྲངས་འདྲེན་པའི་ཟོལ་བཏོད་པ་མིན་པར་རེ་རེ་ནས་མ་ཡིག་གི་དཔེར་བརྗོད་དང་བཅས་གསལ་བཤད་བྱེད་ཆོག་ལ།དཔྱད་འདེམ་པ་ཐུན་མོང་གི་བསམ་ཚུལ་ཡང་ཕལ་ཆེར་དེ་ལྟར་ལགས་མོད་ཀྱི།འོན་ཀྱང་སྐབས་སུ་མ་བབ་པར་རྟོགས་པས་རེ་ཞིག་བསྐྱུངས་པའོ།།ཞེས་པ་ནི་མཇུག་གི་གཏམ་སྟེ།འདིར《མཚོ་སྔོན་བོད་ཡིག་གསར་འགྱུར་ཁང》གིས་རྣམ་དཀར་དགེ་བའི་ལས་འདི་འདྲ་ཡང་དང་ཡང་དུ་བསྒྲུབས་པར་བཀའ་དྲིན་ཆེ་ཞུས་པ་ཡིན་ལ།རྩོམ་སྒྲིག་ལས་ཐོག་པ་པད་མ་རྡོ་རྗེའམ་མེལ་ཚེ་ལགས་ཀྱི་དཀའ་ལས་སྐུ་ཚེགས་ལའང་བཀའ་དྲིན་ཆེ་ཞུས་པ་ཡིན།

ཞེས་ཆོས་སྐྱོང་ངམ་མིང་གཞན་ཨ་བུ་འབོད་པ་དེས་གུས་ཕུལ།

2017ལོའི་ཟླ2པའི་ཚེས28ཉིན།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།