ཀྲུང་གོ་བོད་ཀྱི་དྲ་བ།

བྱུང་རིམ་ཟ་ཟི།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སེང་རྡོར།   སྤེལ་དུས། : 2023-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“ང་མེ་གསོད་དུ་སོང་བ་ཡིན། ཨ་ཨ། སྐོམ་ནས་ཤི་ཐལ། ཁུ་ནག་ཅིག་ཚོངས་དང་།”ལུས་ཡོངས་སུ་རྩྭ་རྡུལ་འབྱར་ཡོད་པའི་བུ་མོ་ལོ་ཉི་ཤུར་བུད་ཡོད་མེད་ཙམ་ཞིག་ངའི་ཚོང་ཁང་གི་སྒོ་ཁར་འགྲེང་བཞིན་དེ་སྐད་ཟེར། ཞོགས་པ་དེར་ཐག་ཉེའི་རྩྭ་མཛོད་ཅིག་ལ་མེ་ཤོར་ཚུལ་ངས་ཀྱང་གོ་མྱོང་།

 “མེ་སུས་བཏང་བ་རེད། རྩད་ཨེ་ཆོད་ཐལ” ངས་མོ་ལ་ཁུ་ནག་སྟེར་ཞོར་དུ་དྲིས། མོས་ཅི་མི་སྙམ་པར“བྱ་ཞིག་གློག་སྡོང་མགོར་བབས་ཡོད་པར་གློག་གིས་བརྒྱབ་པ་རེད”ཟེར།  ངས་ཧ་མ་གོ་བར“དེ་དང་མེ་ཤོར་བའི་བར་ན་འབྲེལ་ཅི་འདུག”ཅེས་ལབ་པ་ན། མོས“འབྲེལ་བ་ལོས་ཡོད། བྱ་རོ་མེ་དང་བཅས་སུ་རྩྭ་གསེབ་ལ་ལྷུང་བ་རེད” ཟེར་ཞོར་དམུལ་ཙམ་བྱེད།

“ཏིས། ཏིས། ཏིས།” སྐབས་དེར་མོ་ཊ་ཞིག་གི་ཤེལ་སྒོ་མར་དེད་པ་ལས་གསལ་པོར་མི་མཐོང་བའི་ཁ་ངོ་ཞིག་གིས“འདི་ཆུ་ཁོལ་ལམ་ཨེ་རེད”ཟེར། ངས་དེ་ལ་ལན་འདེབས་རྩིས་བྱེད་སྐབས་བུ་མོ་དེས་ལམ་སེང“རེད་རེད། འདི་ཆུ་ཁོལ་ལམ་རེད། འདི་ནས་ཆུ་ཁོལ་ལ་ཐག་ཀྱང་ཧ་ཅང་ཉེ”ཞེས་ཁ་གང་སྔས་བཤད་སོང་།

དེ་ནས་མོས་ཁུ་ནག་སྒོག་སྒོག་ཏུ་འཐུང་བཞིན་ཅུང་ཐག་རིང་སའི་སྨྱོན་མ་གཡུ་སྒྲོན་གྱི་ཁྱིམ་ལ་ལྟའོ།། སྨྱོན་མ་གཡུ་སྒྲོན་ནི་རྩོམ་པ་པོ་དཔལ་འབྱོར་ལགས་ཀྱི་སྒྲུང་རིང་གཙུག་གཡུའི་ནང་གི་མི་སྣ་ཞིག་ཡིན་མོད། ང་ཚོའི་འདིར་ཡང་མིང་འདྲ་བའི་མི་སྣ་དེ་འདྲ་ཞིག་དངོས་སུ་ཡོད། སྨྱོན་མ་གཡུ་སྒྲོན་གྱི་ཁྱོ་ག་ལ་འབུ་ཞིག་གིས་སོ་བཏབ་སྟེ་བགས་ཀྱིས་ན་བར་གྱུར། ན་ན་མཐར་ཤི་བས་ཐོག་མར་མི་རྣམས་ཀྱིས་མྱ་ངན་བྱེད་རྒྱུའི་ཚབ་ལ་ཁ་མཚར་ལབ་མོད། སྨན་པས་དབྱེ་ཞིབ་བྱས་པ་ལས་འབུ་དེས་སྔོན་ལ་ཨེ་ཙི་ཅན་གྱི་སེམས་ཅན་གང་རུང་ཞིག་ལ་སོ་བཏབ་རྗེས་མོའི་ཁྱོ་གར་སོ་བཏབ་ཙང་ཁོར་ནད་ཚབས་ཆེན་དེ་བྱུང་བར་ཐག་བཅད་པས། མི་ཚོས་མྱ་ངན་དང་འཇིགས་སྐྲག་འགྲན་བཞིན་དུ་བྱེད་དགོས་པ་ཞིག་བྱུང་།

“ཆུ་ཁོལ་ལམ་འདིའི་ཞེང་ཅུང་ཕྲ་འདུག ཟོང་འཁོར་ཆེ་གྲས་འགྲོ་མི་ཐུབ་ཨང་།” བུ་མོ་དེས་འཐུངས་ཚར་བའི་ཁུ་ནག་གི་འགྱིག་སྣོད་ལག་ཤེད་ཀྱིས་འདྲིལ་འདྲིལ་བྱེད་བཞིན་དེ་ལྟར་ཟེར། མོའི་མིང་ལ་ཚེ་རིང་སྐྱིད་ཟེར་བ་ངས་རྗེས་སུ་ཤེས་པ་ཡིན།

ལོ་འགའི་གོང་དུ་ངས་ཆུ་ཁོལ་ལམ་དུ་ཚོང་ཁང་འདི་ཕྱེས་པ་ལ་བརྟེན་ཏེ་ང་ལ་ཁོམ་པ་ཅུང་ཟད་ཀྱང་མེད་པར་གྱུར།ལྷོ་ཚོང་བྱང་ལ་འདྲེན་པ་དང་ཤར་ཚོང་ནུབ་ལ་སྐྱེལ་བ་ཞེས་པའི་མིང་དེ་ང་ལ་འབྱོར་དཀའ་མོད་ཕྱོགས་ཡར་མར་ནས་བོད་ལུགས་ཀྱི་ཅ་ལག་ཙག་ཙིག་རེ་ཉོ་བར་རྒྱུན་དུ་འགྲོ་དགོས་པས་ཐང་ཡང་ཆད་མོད། ལམ་འདི་བརྒྱུད་ནས་མཚོ་སྔོན་གྱི་ཟི་ལིང་དང་ཀན་སུའུ་ཡི་ཀྲང་ཡེས་སོགས་ལ་ཐོན་ཐུབ་ཅིང་། དེ་དག་བརྒྱུད་ནས་དེ་ལས་ཀྱང་མང་བའི་གནས་མང་པོར་བརྟོལ་ནུས་ཙང་། འདི་གར་ཉིན་ཞག་མེད་པར་མོ་ཊ་ཆེ་ཆུང་སྣ་ཚོགས་ཀྱི་གཟུགས་རིས་དང་དུང་སྒྲ་ལ་མཚམས་ཚིགས་མེད་ཅིང་། ངའི་ཚོང་ཁང་དུ་ཚོང་རྒྱག་ཏུ་ཡོང་མཁན་ཡང་ལྟོས་བཅས་ཀྱིས་ཅུང་ཟད་མང་སྙམ།  དེ་བས་ང་རང་ལས་ཀ་འདིར་ནན་གྱིས་འཇུས་ཏེ་ད་ལྟའི་བར་མ་བཏང་ལ། ད་དུང་ཡང་ལས་སླ་པོས་གཏོང་རྩིས་མེད་དོ།།

ཆུ་ཁོལ་ལམ་ཟེར་དོན་ནི་ལམ་འདི་བརྒྱུད་ནས་སྤྱི་ལེ་འགར་སོང་ན་ངང་གིས་ཆུ་ཚན་དུ་ཡོད་ཅིང་སྨན་གྱི་ནུས་པ་ལྡན་པ་ཞིག་མཆིས་པས་དེ་ལྟར་བཏགས་ཟེར། ཆུ་དེའི་དྲོ་གྲང་ཡང་འཐུང་ན་ཁ་མི་སྲེག་པའི་ཚོད་ཙམ་ཞིག་ཡོད། དེ་རུ་ལུས་ཧྲིལ་པོ་ཆུ་ནང་དུ་འདུག་མཁན་དང་ལུས་ཕྱེད་ཙམ་ཆུར་འབྱིང་དུ་འཇུག་མཁན། རྐང་ལག་འཁྲུད་མཁན་སོགས་བརྩིས་པས་མི་ཚར་ཙམ་མཆིས།

“ང་མེ་གསོད་དུ་སོང་བ་ཡིན། ཨ་ཨ། སྐོམ་ནས་ཤི་ཐལ། ཁུ་ནག་ཅིག་ཚོངས་དང་།” ཡང་སྐྱེས་པ་ཁ་ཐུམ་བརྒྱབ་ཡོད་པ་ཞིག་ངའི་ཚོང་ཁང་གི་སྒོ་ཁར་འགྲེང་སྟེ་བུ་མོ་དེའི་སྐད་ཆ་དང་ཨ་ན་མ་ན་ཞིག་ལབ་བྱུང་བས། ང་དང་བུ་མོ་དེ་མཉམ་གཅིག་ཏུ་ཡུན་རིང་དགོད་ཁ་ཤོར།

སྐྱེས་པ་དེའི་མིང་ལ་དབང་ཕྱུག་ཟེར་ལ། གནས་འདིའི་ཟོག་རྫི་བཟང་པོ་ཞིག་ཡིན། ཁོས་ནག་དྲེག་གིས་ཚོས་པའི་ཁ་ཐུམ་ལེན་ཞོར“ཁྱོད་གཉིས་དགོད་དོན་ཅི་ཡིན། འཇིགས་དབྱངས་ཀྱི་སྲིང་མོ་ད་སོ་མར་ཁོ་ཚང་གི་འདྲེ་རྟ་དེས་དྲུད་ནས་བསད་འདུག རྟའི་སྲབ་མདའི་སྣེ་རུ་མོའི་ལག་པ་ཡ་གཅིག་མདུད་ལོག་གིས་འབྱར་འདུག་པ་མ་གཏོགས་ཕུང་པོ་ད་དུང་ཡང་མ་རྙེད་ཟེར་ཐལ”ཟེར།

“ཏིས། ཏིས། ཏིས།” སྔ་ཉིན་ནང་བཞིན་ཆུ་ཁོལ་ལམ་ཧྲིལ་པོ་མོ་ཊ་ཡིས་ཁེབས་འདུག་ཅིང་། སྔ་ཉིན་ནང་བཞིན་ཧེ་འདེབས་པ་དང་ཁ་རྩོད་རྒྱག་བཞིན་པའི་སྒྲ་གསལ་ལ་མི་གསལ་བ་ཞིག་ཀྱང་གོ་ཡོང་བས། ངས་ཡང་དོན་རྐྱེན་ངན་པ་ཞིག་བྱུང་བ་ཐག་གིས་ཆོད་ཨང་སྙམ། གློ་བུར་ཏུ་གནམ་གཤིས་ཀྱང་འགྱུར་ལ། ཁ་བ་ཡང་དྲག་ཏུ་འབབ།

སྨག་གི་ར་རིས་དཀར་གསལ་ཟླ་བ་ལའང་ཅོ་འདྲི་བའི་མཚན་མོ་དེར། ཚེ་རིང་སྐྱིད་ཀྱི་ཁ་པར་སྙིང་རྗེ་བོ་དེ་ཆུ་ཁོལ་ལམ་ནས་ཁབ་ས་འོག་ཏུ་ཤོར་བ་ནང་བཞིན་བོར་སོང་། ཁ་དོག་གློ་སྐྱ། དབྱིབས་ཆུང་ཤོས། འཆར་ངོས་སྟོད་ཆར་ཟླ་ཚེས་ཀྱི་འོད་རྒྱུན་དང་། སྨད་ཆར3Dལ་གཏོགས་པའི་མཚོ་དང་མཚོ་བྱ་འདར་འགུལ་བྱེད་པ་དེ་འདྲའོ།།

“ཁ་པར་ཞིག་བོར་བ་ལ་གནམ་བརྡིབས་པའི་ཚོད་ཀྱི་སེམས་ཁྲལ་མ་བྱེད་ཡ།” སྐད་ཆ་དེ་ངས་བཤད་པ་ཡིན།

“སེམས་ཁྲལ་ལོས་བྱེད། ཁ་པར་དེ་དབང་ཕྱུག་གིས་ང་ལ་ལག་རྟགས་སུ་ཉོས་པ་ཡིན།” ཚེ་རིང་སྐྱིད་ཀྱིས་དེ་སྐད་ཟེར་ཞོར་ཉལ་མ་ལངས་ཀྱིས་ཡོད་པའི་ནོར་རེ་རེའི་གམ་ལ་བཏུད་དེ་རྣ་བ་ཡང་ཡང་གཏོད། མོའི་རྣ་རྒྱན་ཡང་སིལ་སིལ་བྱེད།

དབང་ཕྱུག་ནི་ཚེ་རིང་སྐྱིད་ཀྱི་དགའ་རོགས་སུ་གྱུར་མོད། ངས་ཁོའི་རྣམ་པའི་ཆ་ནས་མང་པོ་མ་བྲིས་ན་ཨེ་ཆོག་གམ། སྒྲུང་གཏམ་གསར་རྩོམ་པ་ཚོའི་ཁྲོད་དུ་མི་སྣ་ཞིབ་འབྲི་བྱེད་ཀྱིན་ཡོད་ཟེར་ཏེ་ཁ་སྣ་ཁོ་ནའི་སྐོར་ལའང་ཤོག་ངོས་ཆ་རེ་བརླགས་མཁན་ཡོད་མོད། ངས་བལྟས་ན། དེ་འདྲ་བྲིས་པས་མི་ལ་ཡིད་ཆེས་སྟེར་རྒྱུ་ཕར་ཞོག མཚམས་ལན་རེར་དོགས་པའང་ཟ་ཡོང་སྟེ། ཅིའི་ཕྱིར་ཞེ་ན། མི་ཞིག་གིས་མི་ཞིག་ལ་དེ་འདྲ་ཞིབ་ཚགས་ཀྱིས་ལྟ་བ་ནི་འཚོ་བ་དངོས་ཀྱི་ཁྲོད་ན་ཕལ་ཆེར་དཔེ་མི་སྲིད་པའི་ཚོད་ཡིན་ནོ།།

གང་ལྟར་སྔོན་ཏག་ཏག་ལ། འཇིགས་དབྱངས་ཀྱིས“མཚན་མོའི་གནས་སྟངས་འདི་འདྲའི་འོག་ཏུ་ཁ་པར་འཚོལ་བའི་ཐབས་ཡག་ཤོས་ནི་བོར་ཟིན་པའི་ཨང་གྲངས་དེའི་སྟེང་མི་གཞན་དག་གིས་ཁ་པར་བསྟུད་མར་རྒྱག་རྒྱུ་དེ་ཡིན”ཟེར།གྲོས་དེ་ལ་ང་ཚོ་ཚང་མ་ཁ་ཡང་འཆམས། མཐར་ལས་དེ་སྒྲུབ་མཁན་འོད་ལྡན་ཆགས། ཚེ་རིང་སྐྱིད་ཀྱིས་ཁོ་མོའི་ཁ་པར་སྒྲ་མེད་ཀྱི་རྣམ་པར (静音模式) བསྒྱུར་མེད་ཟེར་བ་གོ་དུས། འོད་ལྡན་གྱིས་ལམ་སེང་ཚེ་རིང་སྐྱིད་ཀྱི་ཨང་གྲངས་སྟེང་ཟམ་མི་ཆད་པར་ཁ་པར་བཏང་བྱུང་མོད། ཡ་མཚན་པ་ཞིག་ལ། ཚེ་རིང་སྐྱིད་ཀྱི་ཁ་པར་གྱི་འབོད་དབྱངས་དེ་ཐག་ཉེའི་ནོར་ཁྱུ་ནས་གྲགས་བྱུང་།

“ཁྱོད་ཀྱི་ཁ་པར་ནོར་ཞིག་གིས་མིད་པ་ཡིན་ལས་ཆེ།” ཚིག་འདི་སུས་བཤད་པ་ད་ཚོད་གསལ་པོ་བཤད་དུ་དཀའ། སྒྲུང་གཏམ་གསར་རྩོམ་པ་ཚོའི་ཁྲོད་དུ་ལོ་ཟླ་ཚེས་གྲངས་ཡོངས་རྫོགས་མི་བརྗེད་པའི་གཟུངས་ཐོབ་ཡོད་པ་ནང་བཞིན་འབྲི་མཁན་ཡོད་མོད། ངས་བལྟས་ན། བརྗེད་ཟིན་པ་ནི་བརྗེད་ཟིན་ནོ་ཞེས་དང་མ་བརྗེད་པའི་གྲས་ནི་འདི་དང་དེ་ཞེས་བྲིས་པས་ཆོག་པ་འདྲ། དེ་ཡང་ཅིའི་ཕྱིར་ཞེ་ན། མ་བརྗེད་པར་ཡོད་པ་དེ་ཚོ་གལ་ཆེན་པོ་ཡིན་པས་མ་བརྗེད་པ་ཡིན་ངེས་ལ། གལ་ཆེན་པོ་ཡིན་ཙང་ཡིག་ལམ་དུའང་འགོད་རིན་ཡོད་སོང་བ་མིན་ནམ་སྙམ། ཡང་གཅིག་བཤད་ན་སྒྱུ་རྩལ་ནི་སྡོམ་རྩིས་ལེན་པ་མིན་པས། རྩིས་རིག་གི་ཁག་ཐེག་ལ་དེ་ཙམ་བརྟེན་དགོས་དོན་མེད་པ་དང་། དུས་ཚོད་ཀྱི་ཐད་ནས་ཀྱང་སྔ་གཞུག་གོ་རིམ་ལ་ཤིན་ཏུ་ཧུར་པོ་བྱེད་དགོས་དོན་མེད་པ་འདྲ།

དེས་ན། ད་ཆ་ང་ཚོས་འབྲི་གཡག་གང་རུང་གི་ཁོག་པར་ཡོད་རྩིས་བྱེད་བཞིན་པའི་ཚེ་རིང་སྐྱིད་ཀྱི་ཁ་པར་ནང་དུ་བླ་མ་བཞི་ཡི་སྐུ་པར་དང་། དྲ་གྲགས་ཤིག་གི་སྒེར་པའི་གསང་བརྙན། མོ་དང་དབང་ཕྱུག་གི་མཉམ་པར་ཁ་ཤས་བཅས་ཡོད་ཟེར་བ་ལ་ཞིབ་མོ་རྣམ་འཐག་གིས་མི་དཔྱོད་དོ།།

བླ་མ་རྣམ་པའི་སྐུ་པར་ནི་ཚེ་རིང་སྐྱིད་མོ་རང་གིས་དངོས་སུ་བརྡབས་པས་ན་འདང་ཆེ་བ་དང་། མོ་དང་དབང་ཕྱུག་གི་མཉམ་པར་ནི་རང་ལེན(自拍)འདྲ་བོའི་གྲས་ཡིན་པས་དེ་ལའང་རྩིས་ཤིན་ཏུ་ཆེ་ཟེར། ཁ་པར་བོར་བརླགས་ཐེབས་ནའང་གང་དེའི་ཐོབ་དཔང་དང་ཨང་གྲངས་བརྒྱུད་ན་ཁ་པར་ནང་གི་སྒྲ་བརྙན་སོགས་བསྐྱར་གསོ་བྱེད་ཐུབ་པའི་གྲོས་འདོན་མཁན་ཡོད་ནའང་། ཚེ་རིང་སྐྱིད་ནི་ཚ་གི་ཚིག་གེར་གྱུར་ཏེ་རང་ཚོད་འཛིན་མི་ཐུབ་པའི་དཔེ་རུ་སོང་།

ཁོ་མོ་ན་རེ། “དྲ་གྲགས་དེའི་མིང་ལ་ཙང་ཙོའུ་ཟོན་ཞའོ་པའོ་ཟེར། ཁོ་དང་ཁོའི་ཟུར་མོ་གཉིས་ཀྱི་ལུས་རྩེད་བརྙན་ཐུང་ཞིག་མ་བསམས་ས་ནས་དྲ་ལམ་དུ་འཁྱར། ལ་ལས་བཤད་ན་ཁོའི་ཆུང་མས་ཆེད་མངགས་བཏང་བ་རེད་ཀྱང་ཟེར། བལྟས་པ་ཙམ་གྱིས་བུ་མོ་དེ་མཛེས་ཤིང་འཐད་པ་ཞིག་འདུག་ནའང་། ཙང་ཙོའུ་ཟོན་ཞའོ་པའོ་ཟེར་བ་དེའི་གཏུམ་ལས་དང་འདོད་རྨྱང་ནི་མྱི་དྲེད་ཞིག་དང་འདྲ་བོ་འདུག་ཟེར་མཁན་ཡང་མང་། དེ་དག་ཀྱང་གནད་དོན་གཙོ་བོ་མ་རེད། གནད་དོན་གཙོ་བོ་ནི་ཙང་ཙོའུ་ཟོན་ཞའོ་པའོ་ཟེར་བ་དེར་འདར་དབྱངས(抖音 ) ཀྱི་རྗེས་འབྲང་པ་ཁྲི་བརྒྱ་དང་སུམ་བཅུ་ཡོད་པའོ།། མི་ཚོས་ཁོས་འཁྲབ་པ་ནི་སྙིང་པོ་མེད་པ་ཏག་ཏག་ལའང་ཆ་འཇོག་ནའང་། ཁོའི་རྗེས་འབྲང་པའི་གྲངས་ནི་མཁན་པོ་བསོད་དར་སོགས་ཀྱི་རྗེས་འབྲང་པ་ལས་ཀྱང་བརྒལ་ཡོད་པ་འདྲ།”

ཚེ་རིང་སྐྱིད་ཀྱིས་དེ་ལྟར་ལབ་ཞོར་འབྲི་རྒན་ཞིག་གི་སྐེ་ཐུག་ནས་བཟུང་བྱུང་། དེ་དང་ཆབས་གཅིག་མོའི་རྣ་རྒྱན་ཡ་གཅིག་ཆད་ནས་ས་ལ་ལྷུང་སོང་། རེ་ཞིག་ང་ཚོས་རྣ་རྒྱན་ལ་ཁ་ཡ་མ་བྱས་པར་རང་རང་ས་ནས་འབྲི་རྒན་དེར་ཅེར་ནས་བསྡད། དངོས་གནས་ཚེ་རིང་སྐྱིད་ཀྱི་ཁ་པར་གྱི་འབོད་དབྱངས“ལས་དབང་བསམ་ནག་ཨེ་རེད”ཅེས་པ་འབྲི་རྒན་དེའི་ལུས་ཀྱི་ཆ་ཤས་གང་རུང་ནས་གྲགས་བྱུང་བ་འདྲ།

ངའི་མིག་དབང་གསལ་དྲགས་པས་ཡིན་ནམ་ཟླ་འོད་ཀྱིས་ཡིན་པ་མི་ཤེས། འབྲི་རྒན་དེའི་སྤུ་ཁ་སེར་ལ། ལག་པ་གཅིག་ཆག་ཡོད་པ། རྭ་ཁ་སྒོར་ཙམ་ཡོད་པ་བཅས་ཐོགས་སྒྲིབ་མེད་པར་མཐོང་ལ། ད་དུང་ཆུ་ཁོལ་ལམ་ཧྲིལ་པོའི་བཀོད་པ་གཞན་དག་ཀྱང་ཅི་མ་ཡིན་ཞིག་གིས་རིག་བྱུང་། དེ་ལྟ་ནའང་། ང་རང་གི་ཚོང་ཁང་གི་སྒོ་ཀླད་ན་ཡོད་པའི་གློག་ཡིག་དེ་ཚོའི་ཟ་ཟི་དང་གྱ་གྱུ་ནི་ཅིས་ཀྱང་ཀློག་ཐབས་བྲལ་ལོ།།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།