ཀྲུང་གོ་བོད་ཀྱི་དྲ་བ།

སྒྲུང་ཐུང་འགྲན་སྡུར་ཁྲོད་ཨང་གཉིས་པ་ཐོབ་པའི་བརྩམས་ཆོས། བོར་ཟིན་པའི་ལག་ཟུང་།(2)

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རྔ་བ་ཚེ་རིང་སྐྱིད།   སྤེལ་དུས། : 2023-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ངས་མལ་སའི་ནང་ནས་འགྲེ་ལྡོག་ཅིག་བརྒྱབ་ནས་ཡར་ལངས་དུས། ཉལ་ཁང་དུ་མུན་ནག་གིས་ཁེངས་ཡོད་པ་ཚོར། དེ་ནི་ཅི་འདྲའི་ཡ་མཚན་པ་ཞིག་རེད་ཨང་།

མདང་དགོང་ངས་ཉལ་ཁང་གི་ཡོལ་བ་ཕྱེ་རྒྱུ་བརྗེད་སོང་ངམ། ངའི་སེམས་སུ་དེ་ལྟར་བསམ་བཞིན་མྱུར་མོར་སྒེའུ་ཡོལ་གྱི་ཕྱོགས་སུ་བལྟས་པ་ན། སྒེའུ་ཡོལ་ཡོངས་སུ་བཀབ་འདུག་པ་དང་། སྒེའུ་ཁུང་ངོས་སུ་ལག་པ་ཟུང་གི་རྗེས་ཤིག་དོད་འདུག

“གན་ངའི་ལག་ཟུང་གི་རྗེས་མིན་ནམ།”

ངས་ཆིག་ལབ་རྒྱག་བཞིན་སྒེའུ་ཁུང་འགྲམ་དུ་སོང་ནས་ལག་ཟུང་གི་རྗེས་ཤུལ་ལ་བལྟས་པ་ན། སྒེའུ་ཁུང་ངོས་ཀྱི་ལག་ཟུང་དེའི་ཆེ་ཆུང་དང་ལག་རིས་ནི་ངའི་ལག་ཟུང་གི་ཆེ་ཆུང་དང་ལག་རིས་ཡིན་པར་ཐེ་ཚོམ་མི་འདུག

ངས་དངོས་སུ་ཞིབ་ལྟ་ཞིག་བྱེད་འདོད་དེ་ལག་པ་གཉིས་མདུན་དུ་བསྲིངས་པ་ན། ངའི་ལག་ཟུང་ལ་འགུལ་རྒྱུ་མི་འདུག ངས་ཨག་སྐད་འགའ་བརྒྱབ་རྗེས་མིག་མདུན་གྱི་ཚུལ་དང་མི་མཐུན་པའི་འགྱུར་ལྡོག་ལ་ཡིད་ཆེས་བྱེད་ཐབས་བྲལ། ངའི་ལུས་ཀྱི་འགྱུར་ལྡོག་འདི་ནི་འཇིགས་སུ་རུང་བའི་རྨི་ལམ་ཞིག་ཡིན་པ་ལས། ལག་ཟུང་བོར་འགྲོ་བའི་དཔེ་ཞིག་གང་དུ་ཡོད་སྲིད་དམ་སྙམ། དེ་དུས་ཤོག་ལྷེ་ཞིག་ཏུ་ཡི་གེ་འགའ་བྲིས་ཏེ་སྒེའུ་ཁུང་འགྲམ་དུ་སྦྱར་ཡོད་པའང་མཐོང་བྱུང་།

“རྨི་ལམ་ལ་རྡོག་བརྫིས་བཏང་བ་ནི། ཡན་ལག་བོར་བའི་མི་ཞིག་ཏུ་འགྱུར་བའི་སྔ་ལྟས་ཡིན་ནོ། །”

ཡི་གེ་འདི་སུ་ཞིག་གིས་བྲིས་པ་ཡིན་ནམ། ངའི་ལག་ཟུང་གར་སོང་ཆ་མེད་དུ་གྱུར་པ་དེ་དོན་དངོས་ཡིན་ནམ། ད་ལྟ་ངས་ལག་ཟུང་འགུལ་ནས་རྐང་མགོའི་ལྷམ་ཡང་གྱོན་ཐབས་མེད་པ་འདི་ཅི་ཞིག་ལན་པ་ཡིན་ནམ། ངའི་སེམས་སུ་དྲི་བ་མང་པོ་ཞིག་ཆུ་མོ་ལྟར་བཞུར་གྱིན་འདུག ངའི་ཀླད་པའང་སྟོང་པར་གྱུར་ནས་ཅི་བྱེད་འདི་བྱེད་མེད་པར་སྒེའུ་ཁུང་ངོས་ཀྱི་ལག་ཟུང་གི་རྗེས་དང་། ཤོག་ལྷེའི་སྟེང་གི་ཡི་གེར་ཅེར་ནས་ཡུན་རིང་ལུས།

“སྐལ་བཟང་མེ་ཏོག”

སྒེའུ་ཁུང་འགྲམ་ནས་དུས་ཡུན་ཅི་ཙམ་འགོར་བ་མ་ཤེས་མོད། ཨ་མའི་འབོད་སྐད་དེས་ང་རང་གཉིད་ལས་དཀྲོགས་པ་བཞིན་འཇིགས་སྐྲག་ཅིག་སྐྱེས་བྱུང་། ང་མོའི་མཐོང་སར་འབུད་མི་ཕོད། ད་ལྟ་ངས་ཅི་བྱེད་དམ། ངས་རང་ཉིད་ལ་དྲི་བ་འདི་ཡང་ཡང་དྲིས། འོན་ཀྱང་ངས་རང་ཉིད་ལ་དྲིས་ལན་ཅི་ཞིག་འདེབས་དགོས་པ་མ་ཤེས། ང་རང་ཉལ་ཁྲིའི་གམ་དུ་ཡོང་ནས་ཐོག་ལྭར་སོ་འདེབས་བཞིན་རྒྱབ་ཏུ་གྱོན་མོད། འཐེན་སྒྲོག་གཏན་ནས་འཐེན་མ་ཐུབ་པར། མཚམས་རེར་དགོད་བྲོ་ཞིང་། མཚམས་ལན་རེར་ངུ་ཡང་འདོད། ངས་རྐང་མགོར་འདྲུད་ལྷམ་ཞིག་དྲུད་ནས་ཉལ་ཁང་གི་སྒོར་བུད་པ་དང་ཐད་ཀར་ཁྱམས་རའི་མེ་ལོང་ཆེན་པོའི་གམ་དུ་བཅར། སྐབས་དེའི་མེ་ལོང་ནི་གསལ་འདེབས་བྱེད་མཁན་ཞིག་དང་འདྲ་བར་ངའི་ལག་ཟུང་མེད་པ་ང་ལ་ཡང་ཡང་གསལ་འདེབས་བྱས། མེ་ལོང་ལས་མངོན་པའི་རང་ཉིད་ཀྱི་རྣམ་པ་དེ་མཐོང་བས་ལྷག་ཏུ་ཨ་མའི་མཐོང་སར་འགྲོ་མ་ཕོད། གལ་ཏེ་ཨ་མས་ངའི་ལུས་ཀྱི་འགྱུར་ལྡོག་འདི་མཐོང་ཚེ་སྐྲག་ནས་བརྒྱལ་འགྲོ་བར་ཐེ་ཚོམ་མེད་སྙམ།

“སྐལ་བཟང་མེ་ཏོག”

ཨ་མས་ཡང་བསྐྱར་སྐད་གསང་མཐོན་པོ་བྱས་ཏེ་འབོད་ཀྱིན་འདུག མོས“དགོས་འདོད་ཐོན་བྱུང་། མགྱོགས་པོར་སྒོར་ཤོག”ཅེས་སྐད་ཅོར་བརྒྱབ་པས། ངས་ཅི་ཞིག་བྱས་ན་འགྲིག་གམ། རྫུན་ལབ་དགོས་སམ་སྙམ།

“ཨ་མ། ངའི་སོ་ན་ནས་ཡར་ལངས་མི་ཐུབ་གི”

“སོ་ན་རུང་ཤི་འགྲོ་རྒྱུ་མ་རེད། མགྱོགས་པོར་སྒོར་ཤོག”ཅེས་ཨ་མས་ཡང་བསྐྱར་བོས་ཀྱང་ང་རང་སྒོར་འགྲོ་མ་ཕོད། ངས་ཕྱི་རོལ་གྱི་གནས་ཚུལ་ལ་རྣ་བ་བླགས་ནས་མཉན་པ་དང་མིག་གིས་འཚོས་ནས་བསྡད་མོད། ངའི་སེམས་པ་སྔར་ལས་ལྷག་པར་བློང་བློང་བོར་གྱུར། སྔོན་ཆད་གསར་སྐྱེས་མེ་ཏོག་བྱིས་སྐྱོང་ཁང་གི་ལས་དོན་ལ་བར་ཆད་བྱུང་དུས་ཀྱང་ངའི་སེམས་སུ་ད་ལྟ་བཞིན་གྱི་རྙོག་དྲ་ཞིག་ཡོད་མ་མྱོང་།

“ཁྱོད་མགྱོགས་པོར་སྒོར་ཤོག་ཟེར་བ་མི་གོའམ།”

གློ་བུར་དུ་ཨ་མ་ངའི་ཉལ་ཁང་ནང་ལ་འདོགས་ཁྱི་ཤོར་བ་བཞིན་ཤོར་ཡོང་། ཡིན་ནའང་ང་རང་ཨ་མ་དང་མཉམ་དུ་དེ་མ་ཐག་ཏུ་སྒོར་མ་སོང་། ངས་ད་དུང་བོར་ཟིན་པའི་ལག་ཟུང་ཕྱིར་རྙེད་ཐབས་བྱེད་དགོས། ངས་ཕྱོགས་གཅིག་ནས་རང་ཉིད་ཀྱི་ལག་ཟུང་མེད་པ་ལ་བསམ་བློ་བཏང་བ་དང་། ཕྱོགས་གཅིག་ནས་ཨ་མའི་ངོ་སྟོད་ཁྲོ་བོ་འཁྲུག་འཁྲུག ངོ་སྨད་ཁྲོ་མོ་འཁྲུག་འཁྲུག་གི་རྣམ་འགྱུར་ལ་ཅེར་རེར་ལྟ་སྐབས། ཨ་མས་ངའི་ལག་ཟུང་མེད་པའི་གནས་ཚུལ་མ་མཐོང་བར། ལྭ་བའི་གོང་བ་ནས་འཐེན་ཏེ་ཕྱི་རུ་དྲུད།

“ཁྱོད་གཉིས་ཀྱིས་ཨེ་དཀའ་ཐལ།”

ཨ་མས་ཁ་སྔོན་ལ་གྲག་ཞོར་ང་ལ་མིག་བརྡ་ཞིག་བརྒྱབ་བྱུང་། ཨ་མའི་མིག་བརྡའི་ཁྲོད་ནས་ངས་དགོས་འདོད་ཀྱིས་ཕ་རྒན་ཁྲིད་ཡོང་བ་མཐོང་ཞིང། “ཁྱོད་གཉིས་ཨེ་དཀའ་ཐལ”ཞེས་ཁ་གྲག་ཙམ་བྱས།

“མ་དཀའ། མ་དཀའ།”

དགོས་འདོད་དང་ཁོའི་ཕ་རྒན་གཉིས་ཀྱིས་གཅིག་འཕྲོར་གཅིག་མཐུད་ནས་ལན་བསློགས་པར་མ་ཟད། རེས་མོས་བྱས་ཏེ་ཨ་མའི་ལག་པར་འཇུ་བ་མཐོང་དུས་ངའི་སྙིང་གི་འཕར་ལྡིང་ཇེ་མགྱོགས་ནས་ཇེ་མགྱོགས་སུ་གྱུར། ཨ་མའི་ལག་པར་འཇུ་བ་ནི་ངའི་ལག་པར་འཇུ་བར་སྟ་གོན་བྱས་པ་མིན་ནམ། ད་ལྟ་ངའི་ལག་ཟུང་མེད་པ་མི་གཅིག་གིས་ཀྱང་མཐོང་མེད། ལྷག་ཏུ་གནས་ཚུལ་ཆུང་ངུ་རེའང་ཚོར་འགྲོ་བའི་ཨ་མས་ཀྱང་མཐོང་མེད་མོད། དགོས་འདོད་དང་ཁོའི་ཕ་རྒན་གཉིས་ཀྱིས་ང་ལ་ལག་འཇུ་བྱེད་དུས་ཅིས་ཀྱང་ཤེས་འགྲོ་བ་མ་ཡིན་ནམ།

“ཁྱོད་ཚོ་ཁྱིམ་དུ་སོང་དང་། ངས་ཉལ་ཁང་ནས་ཁ་པར་ལེན་ཡོང་།” དགོས་འདོད་ཕ་བུ་གཉིས་མཐོང་དུས་ང་རང་རྟབ་རྟབ་པོར་གྱུར་པ་དང་སྣེ་ལེན་ཡང་བྱེད་མ་ཐུབ་པར། ཁོ་ཚོ་དང་གྱེས་ཐབས་བྱས་ཏེ་ངེད་ཚང་གི་མེ་ཏོག་ལྡུམ་རའི་ནང་དུ་སོང་།

ཞོགས་པ་དེར་ཆར་བ་ཟམ་ཟིམ་གྱིས་ལྡུམ་རའི་ནང་གི་མེ་ཏོག་སྣ་ཚོགས་ལ་གསོན་ཤུགས་རྒྱས་སུ་བཅུག་འདུག ང་རང་སྔོན་ཆད་ཆར་བ་ལ་དགའ། མེ་ཏོག་ལ་དགའ། ཆར་བ་ནི་མེ་ཏོག་ལ་ཚེ་སྲོག་སྟེར་བའི་མ་ཡུམ་གཞན་ཞིག་ཡིན་ལ། མེ་ཏོག་ནི་ཆར་བའི་མཛེས་སྡུག་མཐོང་བའི་མིག་ཟུང་དྲོན་མོ་ཡིན་སྙམ་ཞིང་། ང་རང་ཡོན་ཏན་དང་མཉམ་དུ་བརྩེ་དུང་གི་རྒྱ་མཚོར་བརྒལ་དུས། ཆར་བ་དང་མེ་ཏོག་ནི་མེད་དུ་མི་རུང་བའི་བརྩེ་དུང་གི་མདུད་པ་ཆ་གཅིག་ཏུ་འཁུམས་མྱོང་།

ཟམ་ཟིམ་དུ་འབབ་ཀྱིན་པའི་ཆར་བ་དང་། ཁ་དོག་རྣམ་པར་བཀྲ་བའི་མེ་ཏོག་དག་གིས་འདས་དོན་གཞན་ཞིག་གི་སྒོ་མོ་ཡང་རིམ་གྱིས་ཕྱེ་བྱུང་། ཟླ་བ་འགའི་སྔོན་གྱི་མཚན་མོ་ཞིག་ལ། དེ་རིང་གི་ཞོགས་པ་བཞིན་ཆར་བ་ཟམ་ཟིམ་འབབ་ཀྱིན་འདུག ང་རང་ཆར་བའི་ཁྲོད་ངེད་ཚང་གི་མེ་ཏོག་ལྡུམ་རའི་ནང་དུ་སོང་། ངས་མེ་ཏོག་མང་པོ་ཞིག་གསར་དུ་བཞད་པ་མཐོང་བས་དགའ་སྤྲོ་སྐྱེས། འདི་ལྟ་བུའི་ལྟད་མོ་ནི་ང་ལ་མཚོན་ན་ཅི་འདྲའི་རིན་ཐང་ཆེ་བ་ཞིག་ཡིན་ཨང་། ངས་མེ་ཏོག་ལྡུམ་རར་སྐོར་བ་ཡང་ཡང་བྱས། སྐོར་བ་བྱེད་ཐེངས་རེར་ངའི་སེམས་སུ་ཚེ་སྲོག་དང་བདེ་སྐྱིད། ཡིད་འོང་གི་བརྩེ་དུང་། རང་བྱུང་ཁམས་ཀྱི་མཛེས་སྡུག་སོགས་བརྗོད་བྱར་གྱུར་པའི་རྩོམ་ཡིག་མང་པོར་བློས་བསླངས་བྱས། རིམ་གྱིས་ཆར་བ་ཇེ་ཆེ་ནས་ཇེ་ཆེར་གྱུར་ཏེ། ང་རང་ཕྱིར་ཁྱིམ་དུ་མི་འགྲོ་ཐབས་མེད་བྱུང་།

“ཁྱོད་གང་དུ་སོང་བ་ཡིན།” ང་རང་ཁྱིམ་དུ་ཐོན་དུས་ཨ་མས་གློ་ལུ་རྒྱག་བཞིན་དེ་ལྟར་དྲིས།

“ང་མེ་ཏོག་ལྡུམ་རའི་ནང་ལ་སོང་བ་ཡིན།” ངས་ཐད་ཀར་ལན་བཏབ་ཅིང་། ཨ་མས་གློ་ལུ་རྒྱག་པ་དང་གདོང་གི་རྣམ་འགྱུར་མཐོང་དུས་སེམས་སུ་སྨྲ་མི་ཤེས་པའི་ཚོར་བ་ཞིག་སྐྱེས།

“མེ་ཏོག་ལྡུམ་རའི་ནང་ལ་སོང་ནས་ཅི་བྱས་པ་ཡིན།”

“ངས་བྱིས་སྒྲུང་ཞིག་འབྲི་འདོད་པ་ཡིན།”

“བྱིས་སྒྲུང་ཟེར་བ་དེ་བཟའ་རྒྱུ་ཞིག་རེད་དམ”ཟེར། ངས་རང་ཉིད་ཀྱི་བསམ་ཚུལ་རྣམས་ཨ་མ་ལ་བརྗོད་ཐེངས་རེར། ཨ་མའི་སྐད་མགོ་ཇེ་མཐོར་གྱུར་འགྲོ། ཨ་མའི་སྐད་མགོ་ཇེ་མཐོར་གྱུར་པ་དང་མཉམ་དུ་ཨ་མའི་གློ་ལུ་རྒྱག་པའི་ཤུགས་ཀྱང་ཇེ་ཆེ་ནས་ཇེ་ཆེར་གྱུར་འགྲོ།

“ཨ་མ། དོན་དག་ཡོད་ན་སང་ཉིན་བཤད་ན་ཆོག ད་ལྟ་ངལ་གསོ་རན་འདུག” ངས་ཨ་མར་དེ་ལྟར་བཤད་ནས་ཅང་མ་འགོར་བར། ཨ་མས་གློ་ལུ་རྒྱག་བཞིན་འབོལ་ཁྲི་ལས་ཡར་ལངས་ནས་བརྙན་འཕྲིན་གྱི་སྒོ་གཏན་པ་ན། ཁྱིམ་གྱི་ཡོད་ཚད་འཇམ་ཅག་གེར་གྱུར།

“ད་བར་ཁྱོད་ཀྱིས་ངའི་ཁ་ལ་མི་ཉན་གི ཁྱོད་ངོ་མ་བུ་མོ་དགའ་ཞིག་མ་རེད།”

ཐེངས་འདིར་ཨ་མའི་སྐད་མགོ་ཇེ་མཐོར་མ་བཏང་ཡང་། གློ་ལུ་རྒྱག་བཞིན་རྒྱག་བཞིན་སྐད་ཆེན་པོས་ངུས་བྱུང་། ཨ་མའི་མིག་ཆུ་དང་སྐད་ཆ་དེས་ངའི་སེམས་པ་ཟང་ཟིང་དུ་བཏང་སོང་། ངས་ཨ་མར་ཅི་ཞིག་བཤད་དགོས་པའང་མ་ཤེས་པར་མིག་མཐའ་ནས་མཆི་མ་དབང་མེད་དུ་ཐོར་ཞིང་། ཡུད་ཙམ་རིང་ནམ་རྒྱུན་དང་མི་འདྲ་བར་ངེད་གཉིས་རང་རང་སར་ཁ་རོག་གེར་སྡོད་དགོས་བྱུང་།

“ཁྱོད་ཀྱིས་ད་དུང་དོན་དག་ཅིག་ལ་ཁས་ལེན་དགོས།” ཨ་མས་ངུ་བཞིན་དུ་ཁུ་སིམ་གྱི་རྣམ་པ་དེ་དཀྲོགས་སོང་།

“ཨ་མ། ཁྱོད་མ་ངུ་དང་། ངས་ཁྱོད་ལ་ཁས་བླངས་ཆོག”

ཨ་མའི་མིག་ཆུ་གཏོར་མཚམས་བཞག་པས་ང་ལ་བསམ་གཞིག་གི་དུས་ཚོད་ཅུང་ཟད་ཀྱང་མེད་པ་ངས་ཀྱང་གསལ་པོར་ཤེས།

“ཁྱོད་ཀྱིས་ཡིན་གཅིག་མིན་གཉིས་ཡོན་ཏན་བརྗེད་དུ་བཅུག་ནས་དགོས་འདོད་དང་མགྱོགས་པོར་གཉེན་བསྒྲིག་དགོས། དགོས་འདོད་ཀྱིས་དྲ་ལམ་ནས་ཐད་གཏོང་ཐེངས་གཅིག་བྱས་ནའང་སྒོར་མོ་ཁྲི་ཚོ་གཅིག་གཉིས་ཤིག་ལ་འདང་རྒྱག་མི་དགོས་པས། ཁོས་ཁྱོད་ལ་ཕན་མི་ཐོགས་རུང་གནོད་བསྐྱལ་མི་སྲིད།”ཨ་མ་ནི་སྐད་ཆ་ཅི་ཡོད་ཐད་ཀར་ལབ་རྒྱུར་དགའ། ངས་ཨ་མས་བཤད་པའི་སྐད་ཆ་དག་ཐོས་པ་ན་སེམས་སུ་ཚེར་མ་བརྡབས་པ་ལྟར་གྱུར།

“ད་ནས་བཟུང་ངས་ཨ་མའི་ཁ་བརྩི་བས་མི་ཚད། དགོས་འདོད་དང་གཉེན་སྒྲིག་ཀྱང་བྱས་ཆོག”

ངས་གདོང་གི་མཆི་མ་འབྱིད་བཞིན་དེ་ལྟར་བཤད། དྲང་མོར་བཤད་ན་ང་རང་ཨ་མའི་མིག་ཆུའི་ཁྲོད་ནས་ཕམ་དོན་མེད་མོད། ཉེ་བའི་ཆར་ཨ་མའི་གློ་ལུ་རྒྱག་ཚད་ཇེ་ཆེ་ཡིན་པར་མ་ཟད། མོས་ང་རང་སྲིད་གཞུང་གི་ལས་བྱེད་པ་ཞིག་བྱེད་མ་ཐུབ་པར་ཐེངས་མང་པོར་ལེ་བདའ་བྱས་པ་དང་། ཕ་རྒན་འདས་པོ་ཡང་ནས་ཡང་དུ་གླེང་བཞིན་འདུག སྐབས་དེ་དག་ཏུ་ངས་བྱིས་སྒྲུང་འབྲི་བའི་ཕྱོགས་སུ་བློ་རྩེ་གཅིག་ཏུ་སྒྲིམ་མ་ཐུབ་པར་རྣམ་རིག་གར་སོང་ཆ་མེད་དུ་གྱུར་པ་ཐེངས་གཅིག་གཉིས་མིན། ལྷག་པར་དུ་མ་འོངས་པར་ཡོན་ཏན་དང་མཉམ་དུ་གསར་སྐྱེས་མེ་ཏོག་བྱིས་སྐྱོང་ཁང་བསྐྱར་འཛུགས་བྱེད་རྒྱུའི་སེམས་ཤུགས་ཇེ་ཆུང་དུ་སོང་།

སྐར་མ་ཁ་ཤས་ཀྱི་རྗེས་ནས་ཨ་མ་ཉལ་ཁང་དུ་བུད་སོང་། ང་ཡང་རང་གི་ཉལ་ཁང་དུ་ལོག

ངའི་ཉལ་ཁང་ནི་སྤྱིར་བཏང་གི་ཉལ་ཁང་གཞན་དང་མི་འདྲ་བར། རྨི་ལམ་དང་འཆར་སྒོ་ཕུན་སུམ་ཚོགས་པའི་ཞིང་ཁམས་སྐྱིད་པོ་ཞིག་ཡིན་མོད། མཚན་མོ་དེར་ངས་སྔས་འགྲམ་དུ་སྤུངས་པའི་རྩོམ་ཡིག་ཡོངས་རྫོགས་སྙིགས་ཟོམ་དུ་གཡུགས། ཡོན་ཏན་གྱི་ཁ་པར་ཨང་གྲངས་དང་སྐད་འཕྲིན་ཡང་བསུབས་རྗེས་ལུས་སེམས་གཉིས་ཀ་གྲང་ཤུར་ཤུར་ངང་མལ་དུ་ཉལ། ཡིན་ནའང་མཚན་མོ་དེར་ངའི་སེམས་སུ་གསར་སྐྱེས་མེ་ཏོག་བྱིས་སྐྱོང་ཁང་སྒོ་བརྒྱབ་པའི་དོན་དག་རྣམས་ཝ་ལེར་དྲན་ཡོང་།

ཉིན་ཞིག་གི་ཞོགས་པར། གསར་སྐྱེས་མེ་ཏོག་བྱིས་སྐྱོང་ཁང་མུ་མཐུད་དུ་བསྒྲུབ་མི་ཆོག་པའི་ཡིག་ཆ་ཁྱབ་བསྒྲགས་བྱས་པ་དང་། ཁྱིམ་བདག་རྣམས་ཀྱིས་བྱིས་པ་རྣམས་གཅིག་རྗེས་གཉིས་མཐུད་དུ་རང་སར་ཁྲིད་རྗེས། ང་དང་ངའི་ལས་གྲོགས་རྣམས་ཁ་གདངས་ཤིང་མིག་ཅེར་ནས། རང་རང་ས་ན་སྐྱོ་བའི་མིག་ཆུ་འདོན་དུས། ཡོན་ཏན་གྱིས་རྒྱབ་ཁུག་ཅིག་ཁུར་ནས་གསར་སྐྱེས་མེ་ཏོག་བྱིས་སྐྱོང་ཁང་དུ་སླེབས་བྱུང་།

“ཕུ་བོ་ཡོན་ཏན། ཁྱོད་ཐོན་པ་བཟང་། དེ་རིང་ནས་བཟུང་གསར་སྐྱེས་མེ་ཏོག་བྱིས་སྐྱོང་ཁང་གི་སྒོ་གཏན་སོང་།” ཡོན་ཏན་སླེབས་མ་ཐག་བདེ་སྐྱིད་ཀྱིས་སེམས་སྐྱོ་བའི་ངང་དེ་ལྟར་བཤད། མོས་ངའི་གདོང་ལ་ཡང་ཡང་ལྟ་བར་བྱེད།

“དེ་ངས་ཤེས་ཡོད།” ཡོན་ཏན་གྱིས་རྒྱབ་ཁུག་མར་བླངས་པ་དང་། ཁོས་ངའི་མགོ་ལ་བྱིལ་བྱིལ་བྱེད་བཞིན“སྐྱོན་ཡོད་པ་མ་རེད། བརྡིབས་ཟིན་པའི་སྒོར་མོ་ལ་སེམས་ཁུར་བྱེད་མི་དགོས”ཟེར། རྒྱབ་ཁུག་ལས་སྒོར་མོ་བརྒྱ་ཤོག་བསྡམས་ཐོ་མང་པོ་བླངས་ནས་ལས་མི་རེ་རེའི་ཟླ་ཕོགས་སྐར་གཅིག་ཀྱང་མ་ཆད་པར་བྱིན། དྲང་མོར་བཤད་ན་གསར་སྐྱེས་མེ་ཏོག་བྱིས་སྐྱོང་ཁང་ནི་ཡོན་ཏན་གྱི་རྒྱབ་སྐྱོར་འོག་རྒྱལ་ཁབ་ལ་དངུལ་བུན་བླངས་ནས་བཙུགས་པ་ཡིན་མོད། ད་ལྟ་འདི་ལྟར་སྒོ་བརྒྱབ་པར་མ་ཟད། སྒོར་མོ་ཡང་ཁྲི་ཚོ་ཉེར་ལྔ་བརྡིབས་ཟིན་པས། ཉིན་དེར་ཡོན་ཏན་མེད་ཚེ་ངའི་མགོར་གནམ་བརྡིབས་པ་དང་ཁྱད་པར་གང་ཡང་མེད།

ལས་མི་ཚོ་རང་རང་སར་ལོག་རྗེས་། ཡོན་ཏན་གྱིས་ངའི་གདོང་གི་མིག་ཆུ་འབྱིད་བཞིན“ཁྱོད་ཀྱིས་དངུལ་བུན་སྐོར་ལ་སེམས་ཁུར་མ་བྱེད་དང་། ངས་ཐབས་ཤེས་འཐེན་ཆོག ཡིན་ནའང་ང་ལ་རེ་བ་ཞིག་ཡོད་པ་ནི་ཁྱོད་ཀྱི་བློ་མི་ཕམ་པར་རྗེས་མར་ལས་དོན་གཞན་ལ་འབད་དགོས་པ་དེ་ཡིན”ཟེར། ཡོན་ཏན་གྱི་སེམས་གསོ་དང་རོགས་སྐྱོར་གྱིས་ང་ལ་ཡང་བསྐྱར་ཚེ་སྲོག་གསར་པ་ཞིག་བསྩལ་བ་དང་འདྲ་ཞིང་། ངས་མ་འོངས་པ་ན་ཡོན་ཏན་དང་མཉམ་དུ་སློབ་གསོ་དང་འབྲེལ་བའི་ལས་དོན་མང་པོ་མུ་མཐུད་དུ་བསྒྲུབ་དགོས་ཞེས་སེམས་ནས་དམ་བཅའ་བཞག

མེ་ཏོག་ལྡུམ་རའི་ནང་ནས་ངས་འདས་ཟིན་པའི་དུས་ཚོད་དང་རང་ཉིད་ལ་ལེ་བདའ་བྱས་ཤིང་བློ་འགྱོད་སྐྱེས། ད་ནས་བཟུང་ཡོན་ཏན་ལ་རང་གི་གནས་ཚུལ་ངོ་མ་བརྗོད་འདོད་ཅིང་། དེ་དང་མཉམ་དུ་དགོས་འདོད་ནི་ངའི་བརྩེ་དུང་ལ་མཁོ་བའི་ཆར་བ་ཟམ་ཟིམ་དེ་མིན་པའང་གསལ་པོར་ཤེས་སུ་འཇུག་དགོས་སྙམ། དེ་དུས་ངའི་ལྭ་བའི་ཕུ་ཐུང་གཡས་གཡོན་གཉིས་ནི་མེ་ཏོག་གི་མགོ་ལྕོག་ལྡེམ་པ་བཞིན་ཕར་གཡུགས་ཚུར་གཡུགས་བྱེད་ལ། ངའི་མདུན་ཐད་དུ“སྒེའུ་ཁུང་ངོས་ཀྱི་ལག་ཟུང་གི་རྗེས་ཤུལ་མ་བསུབ་རོགས”ཞེས་པ་དང་། “གལ་ཏེ་ཁྱོད་ཀྱིས་བོར་ཟིན་པའི་ལག་ཟུང་ཕྱིར་འཚོལ་འདོད་ན། སྒྲོལ་མ་ལྷ་ཁང་དུ་འགྲོ་རྒྱུ་མ་བརྗེད་ཅིག”ཅེས་བྲིས་ཡོད་པའི་ཤོག་ལྷེ་འགའ་ཁུར་ཡོང་བ་མཐོང་།

“སྐལ་བཟང་མེ་ཏོག”ཨ་མ་གློ་བུར་དུ་མེ་ཏོག་ལྡུམ་རའི་ནང་དུ་འདོགས་ཁྱི་བཞིན་ཤོར་ནས་ཡོང་། ཨ་མའི་འབོད་སྐད་ཐོས་པ་དང་མཉམ་དུ་ཤོག་ལྷེ་དེ་དག་ནམ་མཁའི་འཇའ་འོད་བཞིན་གར་སོང་ཆ་མེད་དུ་གྱུར། མོས་ངའི་རྒྱབ་ལ་ཁུ་ཚུར་གྱིས་ཐེངས་འགར་གཞུས་ཤིང“ཁྱོད་ལ་དེ་རིང་ཅི་བྱུང་བ་རེད། ཐེངས་མང་པོར་བོས་ཀྱང་ཁ་ཡ་མི་བྱེད་ཀི”ཞེས་ང་ལ་གཤེ་གཤེ་གཏོང་བཞིན་ལྭ་བའི་གོང་བ་ནས་དྲུད་དེ་སོང་མོད། མོས་ངའི་ལག་ཟུང་མེད་པའི་གནས་ཚུལ་ཅི་ཡང་མཐོང་གིན་མི་འདུག ཨ་མའི་བྱ་སྤྱོད་ལ་ང་རང་ཧ་ལས་སོང་།

“ཨ་མ། ངའི་ལག་ཟུང་མེད་པ་ཁྱོད་ཀྱིས་མི་ཤེས་སམ།” ང་རང་འུ་ཐུག་ནས་ལག་ཟུང་བོར་བའི་དོན་དག་ཨ་མར་བཤད་པ་དང་། ལྭ་བའི་ཕུ་ཐུང་གཉིས་ཀ་ལྷབ་ལྷུབ་ཏུ་སྐྱོད་བཞིན་པ་མོར་གསལ་པོར་མཐོང་དུ་བཅུག

“ཁྱོད་བཟི་སོང་ངམ།” ཨ་མས་ངའི་སྐད་ཆའི་ནང་དོན་གོ་བ་ཕར་ཞོག ཐ་ན་ངའི་ཕུ་ཐུང་གཉིས་ཀ་རླུང་གིས་སྐྱོད་ཀྱིན་ཡོད་པའང་མཐོང་གིན་མི་འདུག

“དེ་རིང་ཡིན་གཅིག་མིན་གཉིས་དགོས་འདོད་དང་མཉམ་དུ་གཉེན་སྒྲིག་དཔང་ཡིག་ལེན་དུ་སོང་། ལམ་ནས་ཁོ་ཕ་བུ་གཉིས་ལ་མི་འཕྲོད་པའི་སྐད་ཆ་ཚིག་གཅིག་ཀྱང་བཤད་མི་ཆོག”ཅེས་ཨ་མས་ང་ལ་གསལ་འདེབས་ཀྱི་སྐད་ཆ་རྐྱང་རྐྱང་བཤད།

“ངས་ལག་ཟུང་མ་རྙེད་པར་གཉེན་སྒྲིག་དཔང་ཡིག་མི་ལེན་ཁོ་ཐག་ཡིན”ཞེས་ཨ་མ་ལ་ངར་ངར་རྫིག་རྫིག་བྱེད་བཞིན་མེ་ཏོག་ལྡུམ་ར་ལས་བྲལ།

ཞོགས་པ་དེར་ང་ནི་དངོས་གནས་ནམ་རྒྱུན་གྱི་རང་ཉིད་མིན་པ་འདྲ། ངའི་སེམས་སུ“གལ་ཏེ་ཁྱོད་ཀྱིས་བོར་ཟིན་པའི་ལག་ཟུང་ཕྱིར་འཚོལ་འདོད་ན། སྒྲོལ་མ་ལྷ་ཁང་དུ་འགྲོ་རྒྱུ་མ་བརྗེད་ཅིག”ཅེས་པ་དྲན་མ་ཐག ཨ་མ་དང་དགོས་འདོད་ཕ་བུ་གཉིས་ལ་ཁ་ཡ་བྱེད་ཁོམ་མ་བྱུང་བར་སྒྲོལ་མ་ལྷ་ཁང་གི་ཕྱོགས་སུ་བསྐྱོད།

ལམ་བར་ནས་ཆར་བ་འབབ་མཚམས་བཞག་སོང་། ཡིན་ནའང་རླུང་བུ་གཡུགས་པས་ངའི་ལྭ་བའི་ཕུ་ཐུང་གཉིས་ཀ་རླུང་ཁའི་དར་ལྕོག་བཞིན་ལྷབ་ལྷུབ་དུ་སྐྱོད་པར་བྱེད་དེ། མཚམས་རེར་ལྷབ་ལྷུབ་སྐྱོད་པའི་ཕུ་ཐུང་གཉིས་ཀ་དང་མཉམ་དུ་ང་ཡང་རླུང་གིས་འཁུར་འགྲོ་བར་སྣང་།

ང་རང་སྒྲོལ་མ་ལྷ་ཁང་གི་ཐག་ཉེར་སླེབས་དུས། དེའི་ཉེ་འགྲམ་དུ་ཤེལ་ཁང་ཆུང་ཆུང་ཞིག་ཡོད་པ་མཐོང་། དང་ཐོག་ངས་ཤེལ་ཁང་ཆུང་ཆུང་དེར་ཐེངས་འགར་བལྟས་པ་ལས་ནང་དུ་འགྲོ་དགོས་དོན་མེད་མོད། དེའི་སྒོ་འགྲམ་དུ་མཛེས་སྡུག་གི་མེ་ཏོག་ལྡུམ་ར་ཞིག་ཡོད་པ་མཐོང་དུས། ང་རང་དབང་མེད་པར་ཤེལ་ཁང་ཆུང་ཆུང་དེའི་ཕྱོགས་སུ་སོང་།

བསམ་ཡུལ་ལས་འདས་པ་ཞིག་ནི། ཤེལ་ཁང་དེའི་དྲ་མའི་ངོས་སུ་ཞོགས་པ་སྔ་མོ་དང་འདྲ་བར་ལག་ཟུང་གི་རྗེས་ཤིག་དོད་འདུག ངས་མིག་ཟུང་འབྱེད་བཙུམ་མང་པོ་བྱས་ཀྱང་ལག་ཟུང་གི་རྗེས་ཤུལ་སྔར་བཞིན་ཤེལ་ཁང་གི་དྲ་མའི་ངོས་སུ་དོད་འདུག “ད་ནི་ངས་བོར་ཟིན་པའི་ལག་ཟུང་ཕྱིར་རྙེད་ལ་ཉེ”ཞེས་ངས་ཆིག་ལབ་ཅིག་བརྒྱབ། ཤེལ་ཁང་དུ་འཛུལ་རྗེས་ཕྱི་རོལ་གྱི་རྣམ་པ་གང་ཡང་མཐོང་མི་ཐུབ། ང་རང་དྲ་མའི་འགྲམ་དུ་བཅར། ཞོགས་པ་སྔ་མོ་བཞིན་ལག་ཟུང་གི་རྗེས་ཤུལ་ལ་ཞིབ་ཏུ་བལྟས་རྗེས། རང་ཉིད་ཀྱི་ལག་ཟུང་གི་ཆེ་ཆུང་དང་བཟོ་ལྟ། ལག་རིས་སོགས་ཡིན་པ་ལ་ཐེ་ཚོམ་ཅི་ཡང་མ་སྐྱེས།

ཤེལ་ཁང་ཆུང་ཆུང་དེའི་ནང་དུ་འཛམ་གླིང་དུ་སྙན་གྲགས་རྒྱས་པའི་སློབ་གསོ་པ་མང་པོའི་སྐུ་པར་སྦྱར་འདུག དངུལ་མདོག་ལྡན་པའི་དཔེ་སྒྲོམ་ཆེ་ཆུང་གཉིས་ཀྱི་ནང་དུ་དཔེ་དེབ་བགྲང་ལས་འདས་པ་བཞག་ཡོད་པ་མཐོང་། ཟླ་གཅིག་གི་ཡར་སྔོན་དུ་ངས་དངོས་སུ་སྙིགས་སྣོད་དུ་གཡུགས་ཟིན་པའི་རང་གི་རྩོམ་ཡིག་མང་པོའང་ཡོད་པས་ངའི་གདོང་པ་ཚ་ལམ་ལམ་དུ་བྱེད།

“ཁྱོད་འདི་རུ་ཡོང་དོན་ཅི་ཡིན།” ངའི་ཐོས་འཛིན་གྱི་དབང་པོ་ནས་སྐད་སྒྲ་འདི་འདྲ་ཞིག་ཐོས་བྱུང་ལ། སྐད་སྒྲ་དེ་ནི་ཅི་འདྲའི་ཆ་ཡོད་རྒྱུས་ཡོད་ཅིག་རེད་ཨང་། ངས་ཤེལ་ཁང་གི་ཕྱོགས་གང་སར་བལྟས་པ་ན། དཔེ་སྒྲོམ་ཁ་གཏད་ཀྱི་མདུན་ཅོག་ཆེན་པོ་ཞིག་གི་སྟེང་དུ་གློག་ཀླད་ཅིག་བཞག་འདུག་ཅིང་། གློག་ཀླད་ཀྱི་ཁ་གཏད་དུ་རང་ཉིད་གཞན་ཞིག་གིས་ཡི་གེ་གཏག་གིན་འདུག་པ་མཐོང་བ་ན། ངའི་སེམས་པ་འཚབ་འཚུབ་བེར་གྱུར།

“ཁྱོད་སུ་ཡིན།”

“ང་སུ་ཡིན་ཁྱོད་ཀྱིས་གསལ་པོར་ལྟོས།”

གློག་ཀླད་མདུན་གྱི་རང་ཉིད་གཞན་པ་དེ་ཧ་ལས་པའི་སྒོ་ནས་ང་ལ་ཅེར་འདུག མོ་གློ་བུར་དུ་གད་མོ་ཆེན་པོ་ཞིག་བགད་བྱུང་། གདངས་མཐོན་པོའི་སྒོ་ནས་དགོད་དུས་ང་རང་ཅི་བྱེད་འདི་བྱེད་མེད་པའི་གནས་སུ་གྱར།

“ཁྱོད་དོན་ངོ་མ་སུ་ཡིན་ནམ།”ངས་ཡང་བསྐྱར་དེ་ལྟར་དྲིས།

“ང་ཁྱོད་ཡིན་ཡ།”

གློག་ཀླད་མདུན་གྱི་རང་ཉིད་གཞན་པ་དེས་སྐད་གསང་མཐོན་པོས་ཧབ་ཆ་བརྒྱབ། དེ་ནི་ང་རང་ཧ་ཅང་ཁྲོ་བའི་དུས་ཀྱི་ཧབ་ཆ་རྒྱག་སྟངས་དང་འདྲ་ལ། མོའི་མདུན་གྱི་གློག་ཀླད་ནི་ངས་སློབ་ཆེན་ལོ་ངོ་བཞིར་བེད་སྤྱོད་བཏང་བའི་གློག་ཀླད་དེ་རེད། ང་ལ་མཚོན་ན་གློག་ཀླད་དེ་ནི་སྤྱིར་བཏང་གི་ཅ་ལག་གཞན་དང་མི་འདྲ་བའི་འདང་ཆེན་ཞིག་ཡིན། ངའི་སེམས་སུ་མོས་གློག་ཀླད་དུ་བྱིས་སྒྲུང་གཏག་གིན་ཡོད་དམ་སྙམ།

གློག་ཀླད་གམ་གྱི་རང་ཉིད་གཞན་པ་དེ་ནི་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་རང་ཉིད་དང་འདྲ་ནའང་། མོ་ལ་ལག་ཟུང་ཆ་ཚང་ཡོད་པས་མོར་ཡིད་སྨོན་ཞིག་ཀྱང་གཏིང་ནས་ཤོར།

“གལ་ཏེ་ཁྱོད་ཀྱིས་རང་ཉིད་ཀྱི་ལག་ཟུང་ཕྱིར་འཚོལ་འདོད་ན་ང་དང་གོམ་པ་གང་ཡང་འབྲལ་མི་ཆོག”ཅེས་གློག་ཀླད་གམ་གྱི་རང་ཉིད་གཞན་པ་དེས་ང་ལ་དེ་ལྟར་བཀའ་རྒྱ་ལྟ་བུ་ཞིག་བསྒྲགས།

“ལག་ཟུང་ཕྱིར་འཚོལ་འདོད།”ངས་མེ་ཏོག་ལྡུམ་རའི་ནང་དུ་ཁུར་ཡོང་བའི་ཤོག་ལྷེ་དེ་ཚོའི་སྟེང་གི་ཡི་གེ་དེ་དག་དྲན་ནས་མྱུར་མོར་ཁ་གྲག་དགོས་བྱུང་།

“དེས་ན་བཟང་གི ད་ནས་བཟུང་ང་དང་གོམ་པ་གང་ཡང་འབྲལ་མི་ཆོག”

གློག་ཀླད་གམ་གྱི་རང་ཉིད་གཞན་པ་དེས་མཚམས་རེར་སྐད་གསང་མཐོན་པོའི་སྒོ་ནས་ཧབ་ཆ་རྒྱག་ཅིང་། མཚམས་རེར་གཟབ་ནན་ངང་གློག་ཀླད་དུ་ཡི་གེ་གཏག་གིན་འདུག དེ་དུས་ང་རང་མོའི་གམ་ནས་དུས་ཚོད་སྐར་ཆ་གང་ཡང་འབྲལ་མ་ཕོད། མོས་གློག་ཀླད་དུ་ཡི་གེ་གཏག་པ་ལ་ལྟད་མོ་ལྟ་བཞིན་སེམས་སུ་ཡིད་སྨོན་སྐྱེས་ཤིང་། སྐྱོ་བའི་མིག་ཆུ་ཡང་ཡང་ཤོར།

ཤེལ་ཁང་ཆུང་ཆུང་དེའི་ཕྱི་རོལ་གྱི་གནས་ཚུལ་ཅི་ཡང་མཐོང་མི་ཐུབ་ཅིང་། ལྷག་པར་དུ་གློག་ཀླད་གམ་གྱི་རང་ཉིད་གཞན་པ་དེས་ཧ་ཅང་གཟབ་ནན་ངང་ཡི་གེ་གཏག་དུས་ཁུ་སིམ་མེར་གནས། ཁ་ཁུ་སིམ་པའི་ཁོར་ཡུག་འདི་འདྲ་ཞིག་ནས་ངས་གློག་ཀླད་གམ་དུ་ཡོད་པའི་རང་ཉིད་གཞན་པ་དེ་དང་འདྲ་བར་སློབ་གསོ་དང་འབྲེལ་བའི་རྩོམ་ཡིག་མང་པོ་ཞིག་འབྲི་ན་འདོད།

མཚམས་ཤིག་ལ། གློག་ཀླད་གམ་གྱི་རང་ཉིད་གཞན་པ་དེས་གློག་ཀླད་དུ་ཡི་གེ་གཏག་མཚམས་བཞག་བྱུང་། ཡིན་ནའང་མོས་སྔར་བཞིན་ང་ལ་ཁ་ཡ་ཅི་ཡང་མི་བྱེད་པར་མདུན་ཅོག་སྟེང་གི་ཁ་པར་ལག་ཏུ་བླངས་ཏེ་སྐད་འཕྲིན་གྱི་སྒོ་ཕྱེ་བྱུང་། ངའི་སེམས་སུ་མོའི་སྐད་འཕྲིན་ནང་དུ་དྲ་གྲོགས་སུ་ཞིག་ཡོད་དམ་སྙམ་ནས་མཚར་སྣང་སྐྱེས། དེ་དུས་མོས་བསམ་བཞིན་དུ་ངའི་མཚར་སྣང་དུ་ཆུ་འཁྱག་ལྡུག་པ་བཞིན་ཐད་ཀར་ཡོན་ཏན་ལ་བརྙན་གཟུགས་བསྐུར་ནས་ཁ་བརྡ་བྱས་བྱུང་།

“ཡོན་ཏན། ཁྱོད་རང་ངའི་སྟེང་ལ་ཁོང་ཁྲོ་ལང་བཞིན་ཡོད་དམ།”

ངས་གློག་ཀླད་གམ་གྱི་རང་ཉིད་གཞན་པ་དེའི་སྐད་འཕྲིན་ལས་ཡོན་ཏན་མཐོང་དུས་རང་དབང་མེད་པར་སེམས་པ་སྐྱོ་ཞིང་། ཁོ་ལ་དོན་དག་མང་པོའི་སྐོར་ནས་གསལ་བཤད་བྱེད་དགོས་སྙམ་ནས། ར་མ་རྟ་བར་ལ་འཚངས་པ་བཞིན་ཁོ་དང་གློག་ཀླད་གམ་གྱི་རང་ཉིད་གཞན་པ་གཉིས་ཀྱི་ཁ་བརྡའི་བར་ལ་བཙངས།

“ང་ལ་ཁ་ཡ་མི་བྱེད་དོན་ཅི་ཡིན་ནམ། ང་རང་སྐལ་བཟང་མེ་ཏོག་ཡིན་ཡ།” ཡོན་ཏན་གྱིས་གློག་ཀླད་གམ་གྱི་རང་ཉིད་གཞན་པ་དེར་ཁ་བརྡ་བྱེད་པ་ལས་ང་ལ་ཁ་ཡ་མི་བྱེད།

“ཁྱོད་ལ་སྐད་ཆ་བཤད་པའི་ཐོབ་ཐང་མེད་པ་མི་ཤེས་སམ།” ཡོན་ཏན་གྱིས་ང་ལ་ཚིག་ལན་མ་བསློགས་གོང་གློག་ཀླད་གམ་གྱི་རང་ཉིད་གཞན་པ་དེས་ང་ལ་དེ་ལྟར་ལབ་པ་དང་། “ཁྱོད་ཀྱིས་བོར་ཟིན་པའི་ལག་ཟུང་ཕྱིར་འཚོལ་འདོད་ན་ཡོན་ཏན་དང་ངེད་གཉིས་ཀྱི་ཁ་བརྡ་ལ་བར་ཆད་བྱེད་མི་ཆོག”ཟེར།

“ཁྱོད་ཀྱིས་སུ་ལ་སྐད་ཆ་འཆད་ཀྱིན་ཡོད།”ཅེས་ཡོན་ཏན་གྱིས་གློག་ཀླད་གམ་གྱི་ང་རང་གཞན་པ་དེ་ལ་སེམས་ཁུར་དང་བཅས་ཏེ་སྨྲས།

“ངས་ཁྱོད་ལ་ཁ་བརྡ་བྱེད་ཀྱིན་པ་མིན་ནམ།”

“རེད། རེད། ང་ནམ་ཡང་ཁྱོད་ལ་ཡིད་ཆེས་ཡོད”ཟེར། ཁོས་ད་དུང“ངས་ཟླ་བ་འདིའི་ནང་དུ་གསུང་རྩོམ་གྲགས་ཅན་གྱི་དེབ་གསུམ་བཀླགས་ནས། རེ་རེར་དཔེ་ཀློག་མྱོང་ཚོར་ཡང་བྲིས་ཡོད། སང་ཉིན་ནས་བཟུང་ཕ་མ་གཉིས་ཁྲིད་དེ་དགོན་ཆེན་མང་པོར་མཇལ་སྐོར་དུ་འགྲོ་དགོས་ཤིང་། ཞོར་དུ་ཡུལ་སྐོར་ཟིན་ཐོ་བྲིས་པ་དག་ཁྱོད་ལ་བསྐུར་ཆོག དེའང་ངས་ཁྱོད་དང་མཉམ་དུ་ལོ་འདིའི་དབྱར་ཀ་སྐྱེལ་སྟངས་ཤིག་ཡིན”ཞེས་ཟེར་དུས་ཡོན་ཏན་ནི་རྒྱལ་ཁམས་རིག་པས་སྐོར་མཁན་ཞིག་ཡིན་པ་ཤེས་ཐུབ། ཡོན་ཏན་དང་མཉམ་དུ་མི་ཚེ་བསྐྱལ་ཐུབ་ཚེ་རང་ཉིད་ཀྱང་རྒྱལ་ཁམས་རིག་པས་བསྐོར་བའི་སྐྱེས་མ་ཞིག་ཏུ་འགྱུར་ཐུབ་པ་མིན་ནམ་སྙམ།

ཡོན་ཏན་དང་གློག་ཀླད་གམ་གྱི་རང་ཉིད་གཞན་པ་དེ་གཉིས་ཀྱིས་དགའ་དགའ་སྤྲོ་སྤྲོའི་ངང་ཕན་ཚུན་ལ་འཚོ་བ་དང་དཔེ་ཀློག རྨི་ལམ་སྐོར་ནས་གླེང་མོལ་བྱས་ནས་དུས་ཚོད་ཕྱེད་ཀ་ཙམ་མིག་རྡེབ་དབང་ཙམ་གྱིས་ཕར་འདས་སོང་། དེ་དུས་ངའི་སེམས་སུ་ང་རང་དངོས་གནས་ཕམ་སོང་སྙམ། ང་རང་ཕམ་དོན་ཨ་མའི་མིག་ཆུ་གཅིག་པུའི་ཆེད་དུ་མ་ཡིན། གསར་སྐྱེས་མེ་ཏོག་བྱིས་སྐྱོང་ཁང་གི་སྒོ་བརྒྱབ་པས་ཀྱང་མིན་པར། ང་ནི་ལག་ཟུང་བོར་བ་དང་མཉམ་དུ་རང་ཉིད་གཞན་ཞིག་གི་མདུན་ནས་ཕམ་སོང་སྙམ་ནས། སེམས་སུ་ན་ཟུག་སྐྱེས་ཤིང་། ངས་ཡོན་ཏན་གྱི་ཁ་པར་ཨང་གྲངས་དང་སྐད་འཕྲིན་བསུབས། སྔས་འབོལ་སྟེང་ལ་སྤུངས་པའི་རྩོམ་ཡིག་ཡོངས་རྫོགས་དང་། དཔེ་ཆ་མང་པོ་གད་སྙིགས་ནང་དུ་གཡུགས་པར་བློ་འགྱོད་སྐྱེས། ད་ལྟ་ང་རང་ཡོན་ཏན་དང་གློག་ཀླད་གམ་གྱི་རང་ཉིད་གཞན་པ་དེ་གཉིས་ཀྱི་མདུན་ནས། མགོ་བོ་ཡར་འགྱོག་མི་ཐུབ་པར་ངོ་ཚས་ཁེངས་ཏེ་ཤེལ་ཁང་ཆུང་ཆུང་གི་སྒོ་རུ་བརྒྱུགས།

སྒོར་ཐོན་རྗེས། ངས་ད་གཟོད་དགོས་འདོད་ཕ་བུ་གཉིས་ཀྱིས་ང་ལ་བསྒུགས་འདུག་པ་ཤེས། དགོས་འདོད་ཀྱིས“མགྱོགས་པོར་རླངས་འཁོར་དུ་སྡོད། གཉེན་སྒྲིག་དཔང་ཡིག་ལེན་དུ་འགྲོ”ཟེར།

“འོ་ཡ།”

ང་རང་རླངས་འཁོར་དུ་བསྡད་རྗེས། དགོས་འདོད་ཀྱིས་བྲེལ་བྲེལ་འཚུབ་འཚུབ་ངང་ཤེལ་ཁང་ཆུང་ཆུང་གི་སྒོ་འགྲམ་གྱི་མེ་ཏོག་ལྡུམ་རའི་ནང་ལ་རླངས་འཁོར་བསྐོར་ནས་སོང་བ་ན། ཞོགས་པ་དང་འདྲ་བར་ངའི་ངག་ལས་རང་དབང་མེད་པར་ཨག་སྐད་ཆེན་པོ་ཞིག་ཤོར་སོང་ངོ་། །

微信图片_20230109085809.jpg

རྩོམ་པ་པོ་ངོ་སྤྲོད།

རྔ་བ་ཚེ་རིང་སྐྱིད། ཕ་ཡུལ་རྔ་བ་རྫོང་རྨེའུ་རུ་མ་ཡིན། 2017ལོར་སི་ཁྲོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས། ད་ལྟ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནས་རྒྱ་བོད་ལོ་ཙཱའི་ཆེད་ལས་ཀྱི་རམ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་ལ་བརྩོན་བཞིན་ཡོད།སྙན་ངག་དང་ལྷུག་རྩོམ། བརྩམས་སྒྲུང་། འཁྲབ་གཞུང་བཅས་བྲིས་པའི་ཁྲོད་ནས་བརྩམས་ཆོས་ཁག་ཅིག་བོད་ཡིག་གི་དུས་དེབ《སྦྲང་ཆར》དང་། 《ཟླ་ཟེར》《མང་ཆུ》《གངས་དཀར་རི་བོ》《ཁ་བའི་བུ་མོ》སོགས་དང་། སི་ཁྲོན་བོད་རིག་པའི་སློབ་གླིང་གི《འབྲོང་རྭ》དང་། མཆོད་མེ་རྩོམ་རིག་དྲ་བ་དང་ཁྱུང་སྔོན་འཕྲིན་སྟེགས་སོགས་སུ་བཀོད།      གཞན་ཡང་ལྷ་སའི་སྲང་ལམ་རྩོམ་སྒྲིག་ཁང་གིས་སྤེལ་བའི“སྲང་ལམ་སྙན་རྩོམ་འགྲན་བསྡུར”དུ《ང་རང་བརྒལ་ཆོག》ཅེས་པའི་སྙན་ངག་ལ་ཨང་གསུམ་པའི་བྱ་དགའ་ཐོབ། 2017ལོར་བརྩམས་སྒྲུང་གི་དཔེ《ལྷམ་ཡ་གཅིག》ཅེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས། 2018ལོར་ལྷོ་ཁའི་རིག་གནས་ཚད་ཡོད་སྡེ་ཁག་གིས་སྤེལ་བའི་སྐབས་དང་པོའི“བོད་ཀྱི་ཨེ་པ་ཚང་རྩོམ་རིག་བུམ་པའི་འགྲན་བསྡུར”དུ་བརྩམས་སྒྲུང《ལྷམ་ཡ་གཅིག》ལ་ཨང་གཉིས་པའི་བྱ་དགའ་ཐོབ། 2018ལོར་དེང་རབས་བོད་ཀྱི་བུད་མེད་རྩོམ་པ་པོའི་དཔེ་ཚོགས་འདོན་ཐེངས་གསུམ་པའི་དཔེ་སྐྲུན་མཛད་སྒོ་དང་བགྲོ་གླེང་ཚོགས་འདུར་མཉམ་ཞུགས་བྱས། 2019ལོར་ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས་པའི《བོད་ཀྱི་སྒྲུང་ཐུང་ཡིག་བརྒྱ་མ་ཕྱོགས་བསྒྲིགས་ཐོག་མ》ཞེས་པར་སྒྲུང་ཐུང《གནས་འགྲོ་བུ་མོ》ཞེས་པ་ཆེད་དུ་བྲིས། 2020ལོའི་མི་རིགས་ཀྱི་རྩོམ་རིག་བོད་ཡིག་པར་མའི་རྩོམ་པ་པོ་དང་ལོ་ཙཱ་བའི་གསོ་སྦྱོང་གི་བྱེད་སྒོར་མཉམ་ཞུགས་བྱས། 2020ལོར་རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་མཐར་ཕྱིན་འཛིན་གྲྭ་དང་པོའི《གྱེས་ཁ་མའི་རྐང་རྗེས》ཞེས་པའི་སློབ་མའི་དུས་དེབ་ཀྱི་རྩོམ་སྒྲིག་པ་བྱས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།