ཀྲུང་གོ་བོད་ཀྱི་དྲ་བ།

རེ་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རྣམ་གླིང་རིན་ཆེན།   སྤེལ་དུས། : 2022-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1

“བུད་མེད་འཕྱན་མོ་འདི་ཡིན་ན། ཁྱིམ་ཚང་དྲོན་མོ་བསྐྱུར་ནས་འགྲོ་ཕོད་པའང་དཔེ་རེད།”

ཉིན་དེར། སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་ལྟར་ང་རང་མཐའ་མཚམས་ཀྱི་ལྷ་ལུང་གྲོང་ཚོར་བསྐྱོད།

ལྷ་ལུང་གྲོང་ཚོར་བཅའ་སྡོད་དུ་མ་ཕྱིན་གོང་ནས། ལྷ་ལུང་གྲོང་ཚོར་གནམ་གང་ཟེར་བའི་ཆང་རྐྱལ་ཞིག་ཡོད་པ་ངས་ཀྱང་གོ་ཐོས་བྱུང་ཡོད། ལྷ་ལུང་གྲོང་ཚོར་བཅའ་སྡོད་དུ་སོང་མྱོང་བའི་ངའི་ལས་གྲོགས་ཚོས་བཤད་པ་ལྟར་ན། ཁོ་ནི་མིང་དུ་གྲགས་པའི་ཆང་རྐྱལ་ཞིག་ཡིན་ལ། མིང་དོན་མཚུངས་པའི་དབུལ་པོ་ཞིག་ཀྱང་རེད། ཆང་རྐྱལ་ཡིན་པས། ཁོས་ད་བར་དུ་ཝུ་ཆང་འཐུང་རྒྱུ་ལས་ལས་ཀར་སྤྲོ་སྣང་གཏན་ནས་མེད་ལ། དབུལ་པོ་ཡིན་པས། ཁོའི་ཁྱིམ་དུ་བྱིས་པ་པྲ་ཚགས་ཤིང་སྣབས་ལུག་ཅན་སྤར་གང་ལས་ཅི་ཡང་མེད། འོན་ཀྱང་། ཆང་འཐུང་དགོས་ན་ཁོའི་འགྲན་ཡར་ཡོང་མཁན་གཅིག་ཀྱང་མེད་ཟེར།

2

ཉིན་དེར། ཕྱི་རོལ་དུ་རྡུལ་རླུང་འུར་འུར་དུ་ལྡང་བཞིན་འདུག ངས་རང་གི་མལ་ཤག་སྟོང་པ་དེ་རུ་ཐབ་ཀའི་ནང་ཨོང་བ་སྐམ་པོ་འགའ་བསྣན་ནས་མེ་འབུད་ཞོར་རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱིས་བརྩམས་པའི་སྒྲུང་གཏམ《ར་ལོ》ཞེས་པར་ལྟ་བཞིན་བསྡད། གློ་བུར་དུ། ངའི་མལ་ཤག་ཏུ་ངོ་གདོང་ཉི་མས་འཚིགས་ཏེ་དམར་སྨུག་ཏུ་གྱུར་ཅིང་། སྐྲ་ལོ་ཡོངས་སུ་ཁ་བ་དང་ས་རྡུལ་གྱིས་སྦགས་པའི་ཞིང་པ་ཞིག་སླེབས། ཁོས་ངའི་ཁང་པའི་སྒོ་མོའང་མ་བརྡུངས་པར་ངའི་འཁྲིས་སུ་ཡོང་སྟེ། ལག་པ་གཡས་པས་མགོ་བོར་སྤྲུགས་སྤྲུགས་ལན་འགའ་བྱས་ནས། “རྒན་ལགས། ང་ནི་ལྷ་ལུང་གྲོང་ཚོའི་ཤིང་བཟོ་གནམ་གང་ཡིན། ང་ཁྱོད་ལ་དོན་དག་ཅིག་སྙན་སེང་ཞུ་རྒྱུ་ཡོད་པས། ཁྱོད་ཀྱིས་ངེས་པར་དུ་ང་ལ་དྲང་པོ་གནང་རོགས”ཞེས་བཤད།

ལྷ་ལུང་གྲོང་ཚོར་གནམ་གང་ཟེར་བའི་མི་ཞིག་ཡོད་པ་ངས་སྔ་མོ་ནས་གོ་ཐོས་བྱུང་ཡང་། ངའི་སྣང་ངོར་གནམ་གང་ཞེས་པའི་མི་དེ་ངའི་མིག་མདུན་དུ་ལངས་པའི་སྐྱེས་པ་ཉམ་ཐག་འདི་འདྲ་ཞིག་ཡིན་འགྲོ་བསམ་པ་གཏན་ནས་མ་བྱུང་། ངས་ཁོའི་ལུས་ཡོངས་ལ་མིག་ཉུལ་ལན་ཅིག་འཕངས་པས། ང་རང་ངོ་མ་ཧ་ལས་སོང་། ཁོ་ནི་ངོ་མ་སྤྲང་པོ་ཉམ་ཐག་ཅིག་རེད། སྐམ་ཞིང་རིད་པའི་གདོང་པ་དེ་འཁྱགས་ནས་ཐལ་མདོག་ཏུ་གྱུར་ཅིང་། མཆུ་ཏོར་སེར་ཀ་གས་ནས་རྨ་ཁའང་ཆགས་ཡོད་ལ། རལ་བ་ཆགས་པའི་སྐྲ་ལོ་གཟེང་ནས་བྱ་ཕོའི་རྐུབ་ལ་རླུང་བུ་ལྡང་བ་ལྟ་བུར་མཐོང་། ཁོས་རང་འགུལ་ངང་ངའི་དཔེ་སྒྲོམ་གྱི་མདུན་ནས་རྐུབ་སྟེགས་ཤིག་བླངས་ཏེ་ངའི་འཁྲིས་སུ་ཙོག་བྱུང་། ངས་ཁོ་ལ་དུ་བ་རྐང་གཅིག་སྦྱིན་ནས། “ཅི་རེད། ཁྱོད་ལ་དོན་དག་ཅི་ཡོད་དལ་མོར་ཤོད་དང”ཞེས་བཤད་པར། ཁོ་རྐུབ་སྟེགས་ཐོག་ནས་ཧོབ་སྟེ་ལངས་བྱུང་བས། ང་ཡང་ཅུང་ཟད་འདྲོགས་ཏེ་སྙིང་ཡང་ཁ་ནས་ཐོན་ལ་ཁད་ཅིག་བྱས།

ཁོས་མགོ་བོ་ཅུང་ཟད་མར་ལ་བསྒུར་ནས་ཧ་ཅང་གུས་ཞབས་ཡོད་ཁུལ་གྱིས། “རྒན་ལགས། ངའི་ཆུང་མ་ཚོང་པ་ཞིག་དང་ལྷན་དུ་རྒྱ་ནག་ཏུ་བྲོས་སོང་བས། ད་བར་དུ་མོས་ང་ལ་བྱིས་པའི་གསོས་རིན་སྐར་གང་ཡང་མ་སྤྲད། མོ་ནི་ངོ་མ་འཕྱན་མོ་ཞིག་རེད། མ་རེད། མ་གཞི་ནས་མི་མ་རེད། ཁྱོད་རང་ཡིད་མི་ཆེས་ན་སྡེ་བའི་རྒན་གཞོན་ཀུན་ལ་དྲིས་དང་། མོ་ངོ་མ་ཀླ་ཀློ་རང་རེད། མ་རེད། ཡི་དྭགས་རེད། བྱོལ་སོང་རེད། ཁྱོད་ཀྱིས་ང་གཉོམ་ཆུང་གནམ་གང་གི་རྒྱབ་རྩ་བྱས་ནས། མོ་མེ་མདའི་འོག་ཏུ་དམར་གསོད་གཏོང་དགོས། མ་རེད། སྔོན་ལ་མོའི་གམ་ནས་བྱིས་པའི་གསོས་རིན་ཚུར་ལེན་ཐབས་བྱོས་དང་། ད་ནི་ངའི་སྒོར་མོའང་རྫོགས་སོང་། ཆང་ཁམ་གང་ཡང་མ་བཏུངས་པར་ཉིན་ཤས་འགོར་སོང་། རེད། དེ་ནས་མོ་གང་དུ་བུད་ཀྱང་ང་དང་འབྲེལ་བ་ཏིལ་འབྲུ་ཙམ་ཡང་མེད། མ་རེད། དེ་ནས་མོ་ངེས་པར་དུ་དམར་གསོད་དུ་ཐོངས་ཤིག”ཅེས་བཤད། ཁོས་ང་ལ་སྐད་ཆ་དེ་དག་བཤད་དུས། ལུས་ལ་ངར་ཤུགས་ཀྱིས་ཕྱུག་ཅིང་། མིག་ཟུང་དེ་ཡང་ཁ་ལས་ཆེ་བའི་ཚད་ཙམ་ལ་ཐོན་འདུག ངས་ཁོ་ལ་ངག་འཇམ་པོས། “ང་ལ་མི་དམར་གསོད་གཏོང་བའི་དབང་ཆ་ཞིག་ག་ལ་ཡོད། ཡིན་ནའང་ཁྱོད་སྤོ་ལངས་མི་དགོས། ངས་སྔོན་ལ་དོན་དག་དེར་བརྟག་དཔྱད་ཡག་པོ་ཞིག་བྱས་རྗེས་ཁྱོད་འཚོལ་བར་ཡོང་ཆོག”ཅེས་སྨྲས་པས། ཁོའི་གདོང་མདོག་དེ་མ་ཉིད་དུ་དམར་པོར་གྱུར་ནས། “ག་རེ། དོན་དག་ཆུང་ངུ་འདི་འདྲ་ཞིག་ཀྱང་ཁྱོད་ཀྱིས་ཐག་གཅོད་ཐུབ་ཀྱི་མེད་དམ། ཁྱོད་ནི་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཡིན་པས། ང་ཚོའི་སྡེ་དཔོན་དང་ག་ལ་འདྲ། ཁོས་རང་གི་བུ་མོ་འཕྱན་མོ་དེར་འགེབས་སྲུང་གང་ཐུབ་བྱེད་པ་ལས། དོན་དམ་པའི་ལས་བཟང་ཞིག་བསྒྲུབས་མ་མྱོང་། ‘ཁ་གཏམ་གཡུ་འབྲུག་སྐད་ལས་ཆེ། ལག་ལེན་ནམ་མཁའི་འཇའ་ལྟར་ཡལ’ཅེས་པའི་གཏམ་དཔེ་དེ་སྡེ་དཔོན་ལྟ་བུའི་མི་དེ་ཚོར་བཤད་པ་རེད་ཡཱ། མ་གཞི་ནས་ཁྱོད་ཀྱིས་བརྟག་དཔྱད་བརྟག་དཔྱད་ཟེར་ནས་ང་སྒོ་ཁར་བསྐྲད་དེ་ཉི་མ་ཕར་ལ་བསྐྱལ་ན། དཀོན་མཆོག་གསུམ། ངས་མོ་གུ་ཡངས་སུ་གཏོང་འདོད་ཀྱང་ངའི་རྐེད་པར་གཟར་བའི་གློ་གྲི་འདིས་མོ་ཐར་དུ་མི་འཇོག་ཁོ་ཐག་ཡིན། སྐབས་དེ་དུས། ཁྱོད་ཀྱིས་མོའི་ཚབ་ཏུ་ང་དམར་གསོད་བཏང་ན་གཏན་ནས་མི་འགྲིག་ཨཱ”ཞེས་ང་ལ་རྫིག་རྫིག་བྱས་བྱུང་བས། ང་ནི་ཁོའི་སྐད་ཆ་དེ་དག་ལ་ཞེ་བསམ་པའི་གཏིང་ནས་གད་མོ་ཤོར་ཏེ་གྲོད་པ་ན་བའི་ཚོད་ཅིག་བྱུང་། ངས་ཁོའི་སེམས་ཀྱི་ཁོང་ཁྲོ་ཞི་བར་བྱེད་ཆེད། ཁོ་ལ་སླར་ཡང་དུ་བ་རྐང་གཅིག་སྦྱིན་ནས། “ཁྱོད་ཀྱིས་སེམས་བདེ་མོ་བྱོས་དང་། ངས་ཁྱོད་ལ་རོགས་ཅི་ཐུབ་ཐུབ་ཏུ་བྱེད་ངེས་ཡིན”ཞེས་བརྗོད་པས། ཁོ་ཡང་ད་གཟོད་ལྷོད་ལ་བབས་བྱུང་།

3

དབྱར་ཁ་དེར། ལྷ་ལུང་གྲོང་ཚོའི་མི་རྣམས་ལ་ཁོམ་པ་གཏན་ནས་མི་འདུག ཚང་མ་ཞིང་ཁར་སོང་སྟེ་བྲེལ་འཚུབ་ཆེན་པོས་ཞིང་གི་རྣང་མའི་བར་དུ་སྐྱེས་པའི་རྩྭ་ལྡུམ་འཐུ་བ་དང་། ཞིང་ཆུ་འདྲེན་པ། ད་དུང་འགའ་རེས་འུར་རྡོ་རྐེད་པར་གཟར་ནས་ནོར་ལུག་འཚོ་སྐྱོང་བྱེད་པ་སོགས་ཀྱི་ལས་ཀར་མགོ་འཁོར་ནས་ཡོད་ཀྱང་། ཁོ་ནི་དོན་དག་དེ་དག་དང་འབྲེལ་བ་གཏན་ནས་མེད་པ་ལྟར། ཉིན་གང་བོར་གྲོང་རྡལ་ཆུང་ངུ་དེའི་ལམ་ཟུར་གྱི་ཆང་ཁང་དུ་སོང་སྟེ་ཝུ་ཆང་འཐུང་ཞོར་ཤོ་རྒྱག་རྒྱན་རྩེད་ཁོ་ནར་དབྱིངས་ཞུགས་ནས་འདུག ཁོས་ཝུ་ཆང་གི་ཁྲོད་དུ་ལང་ཚོ་སྟོང་བཞིན་པ་མཐོང་དུས། ངས་སེམས་ཀྱིས་མ་བཟོད་པར་ཁོ་འཚོལ་བར་སོང་སྟེ། “གནམ་གང་། ཁྱོད་ཀྱིས་ལྟོས་དང་། མི་ཚང་མ་ཞིང་ལས་ལ་བྲེལ་ནས་མགོ་ལ་མེ་ཤོར་ཡང་གསོད་ཁོམ་མེད་ཀྱང་། ཁྱོད་ད་དུང་ཆང་འཐུང་རྒྱན་རྩེད་ཁོ་ནར་དབྱིངས་ཞུགས་ན། སེམས་ཀྱིས་བཟོད་དམ”ཞེས་བཤད་པར། ཁོས་ཝུ་ཆང་ཕོར་བ་གང་ཁོག་ཏུ་ཁྱུར་མིད་དུ་བཏང་རྗེས་ཁ་ཕྱིར་འཁོར་ནས། “ཧ་ཧ། རྒན་ལགས། ང་ལ་ཁྱིམ་དུ་ནོར་ལུག་མེད། བར་དུ་ས་ཞིང་མེད་པས། ནོར་ལུག་གི་ཤ་ཤེད་བཟང་མིན་ང་དང་འབྲེལ་བ་མེད་ལ། ཞིང་གི་ལོ་ཏོག་བཟང་མིན་ཡང་ང་དང་འབྲེལ་བ་གཏན་ནས་མེད། ཁོ་ཚོ་བྲེལ་བ་ཆེ་ཡང་། ཚང་མ་རང་གི་སྡུག་གྲོད་ཀྱི་ཆེད་དུ་དཀའ་ལས་རྒྱག་མཁན་ཤ་སྟག་རེད། ང་ལ་མཚོན་ན་སྲིད་གཞུང་གིས་གནང་བའི་དབུལ་སྐྱོར་གྱི་ཁ་གསབ་དངུལ་དེ་མ་ཆད་ཙམ་བྱུང་ན། གཞན་པའི་སེམས་ཁྲལ་ཅི་ཡང་མེད། འོ་རེད། རྒན་ལགས། ཁྱོད་ཀྱིས་ངའི་དོན་དག་དེ་བསྒྲུབས་ཨེ་ཡོད”ཅེས་བརྗོད་དེ། སྐེ་ཕར་ལ་གཅུས་ནས་མུ་མཐུད་དེ་རྒྱན་འཛུགས་ལ་དབྱིངས་ཞུགས་སོང་།

ཉིན་ཞིག་ངས་སྡེ་དཔོན་བཙལ་ཏེ་ཁོར་ལས་ཀ་ཞིག་བསྐུལ་དུ་འཇུག་རྒྱུའི་གྲོས་མགོ་བཏོན་མོད། སྡེ་དཔོན་གྱིས་ཁ་ལས་མིག་ཆེ་བར་བགྲད་དེ། “ཁོས་ལས་ཀ་སྒྲུབ་ཟེར་ན་ངས་སྐེ་མེད་པར་གོམ་པ་སྤོ་ཆོག ཁོས་ནམ་རྒྱུན་དུ་ཡང་མིན་ན་རང་གི་གཟུགས་ཁམས་མི་བདེ་བར་ཁ་གཡར་ཏེ་ཉིན་གང་བོར་ཁྱིམ་གྱི་མལ་ཁྲིའི་ཐོག་ཉལ་ནས་སྡོད་པ་དང་། ཡང་མིན་ན་ཁྱིམ་དུ་བྱིས་པར་ལྟ་སྐྱོང་བྱེད་མཁན་མེད་པར་རྐྱེན་བཙལ་ཏེ་ཉིན་གཅིག་ལའང་གཞུང་གི་ལས་ཀར་ཡོང་མ་མྱོང”ཟེར་བཞིན་མགོ་བོ་འཕྲེད་དུ་གཡུག་གིན་གདའ།

ཡུལ་མི་ཚོའི་སྐད་ཆར་ཉན་ན། གནམ་གང་ད་དུང་ཆང་རྐྱལ་མིན་དུས། ཁོ་ནི་སྡེ་བ་དེར་མིང་དུ་གྲགས་པའི་ཤིང་བཟོ་པ་རྩེ་གྲས་ཤིག་ཡིན་འདུག་ཅིང་། ཁོས་དུས་རྒྱུན་ཞིང་ཕྱུགས་ལས་ཀྱི་ཞོར་དུ་ཤིང་གི་ཆ་སྒམ་དང་། མལ་ཁྲི། ཅོག་ཙེ་སོགས་བཟོས་ཏེ་སྡེ་བ་ཡོངས་སུ་འཚོང་གིན་ཡོད་པས། སྐབས་དེ་དུས་ཀྱི་གནམ་གང་ནི་སྡེ་བའི་ཡུལ་མི་ཀུན་གྱིས་མིག་དཔེར་བལྟ་སའི་སྔོན་ཐོན་གྱི་དུད་ཚང་དུ་བདམས་ཡོད་པར་བཤད། དེ་དུས་སྡེ་དཔོན་གཡང་སྐྱབས་ཀྱི་གདོང་ལ་ཧ་ཅང་དགྱེས་པའི་སྤྲོ་ཉམས་ཤིག་ཕྱུངས་ཞོར། “སྡེ་བའི་ཡུལ་མི་ཚང་མས་གནམ་གང་ལ་སློབ་སྦྱོང་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་ཞོར་དུ་ལག་ཤེས་ཅུང་ཟད་སྦྱངས་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་དགོས”ཞེས་ཡང་ཡང་ཁ་ནས་མ་ཎི་འདོན་འདོན་བྱེད་ཀྱིན་ཡོད་ལ། རང་གི་ཤ་ལས་ཆད་པའི་བུ་མོ་ཕན་ཐོགས་ཞེས་པ་ཁ་སྒོ་སྐྱེ་འབྲས་མཚར་བ་སྡེ་བ་ཡོངས་སུ་སྐད་གྲགས་ཆོད་པ་ཞིག་ཡོད་པ་དེའང་གནམ་གང་གི་ཆུང་མར་བྱིན་པར་བཤད། ལྷག་པར་དུ་ཁོས་དུས་རྒྱུན་སྡེ་བའི་ལས་ཀ་ལས་འདོད་མེད་པའི་གསར་བུ་འགའ་སློབ་མར་ཉར་ཏེ་རང་གི་ཤིང་བཟོའི་ལག་རྩལ་བུམ་པ་གང་བྱོའི་ཚུལ་གྱིས་ཁོ་ཚོར་ལག་ལེན་དམར་ཁྲིད་བྱེད་བཞིན་ཡོད་པས། སྐབས་དེ་དུས་ཀྱི་གནམ་གང་ནི་སྡེ་བའི་སྐྱེས་ཕོ་མོ་རྒན་གཞོན་ཀུན་གྱི་མིག་དཔེར་གྱུར། འོན་ཀྱང་། ད་ལྟ་ཁོ་རང་གི་དགེ་ཕྲུག་མི་ཉུང་བ་ཞིག་སྔ་ས་ནས་རང་མགོ་ཐོན་ཏེ་ལག་ཤེས་ལ་བརྟེན་ནས་རྒྱལ་ཡོངས་མི་དམངས་དང་ལྷན་དུ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་བཞིན་ཡོད་ཀྱང་། ཁོ་རང་ནི་དེ་ལས་ལྡོག་སྟེ་སྲིད་གཞུང་ལ་ལག་པ་བཟེད་ནས་དབུལ་སྐྱོར་མ་དངུལ་ལེན་མཁན་གྱི་དུད་ཚང་དབུལ་པོའི་གྲལ་དུ་ལུས། གང་ལྟར་ཀྱང་། ཡུལ་མི་ཚོའི་ངག་སྒྲོས་ལ་ཉན་ན། ཕན་ཐོགས་ཟེར་བའི་བུ་མོ་དེས་ལས་འབྲས་སྤངས་ཏེ་ཁོ་དང་བྱིས་པ་དག་ཤུལ་དུ་བསྐྱུར་ནས། ཚོང་པ་ཞིག་དང་ལྷན་དུ་རྒྱ་ནག་ཏུ་བྲོས་པ་ནས་བཟུང་། གནམ་གང་ནི་ད་ལྟའི་ཆང་རྐྱལ་འདི་ལྟ་བུ་ཞིག་ཏུ་གྱུར་ནས། སྔོན་ཆད་ཀྱི་ཤིང་བཟོའི་ལས་ཀ་གཏན་ནས་མི་ལས་ཤིང་། རང་གི་ས་ཞིང་དང་སྒོ་ཕྱུགས། ཐ་ན་རང་གི་ཤ་ལས་ཆད་པའི་བྱིས་པ་དག་ཀྱང་སློབ་གྲྭ་ནས་ཕྱིར་འཐེན་བྱས་ཏེ་གྲོང་ཁྱེར་དུ་གཞན་གྱི་བུ་རྫི་དང་གླ་པ་བྱེད་པར་མངགས་པ་དང་། ཁོ་རང་ནི་དུས་དེ་ནས་བཟུང་ཝུ་ཆང་དང་གཟུགས་དང་གྲིབ་མ་ཇི་བཞིན་འགྲོགས་ནས་དུས་ཚོད་ཕར་ལ་སྐྱེལ་མཁན་གྱི་འཁྱམ་པོ་ཞིག་ཏུ་གྱུར་མགོ་ཚུགས།

སྡེ་བའི་མི་རྣམས་ཀྱིས་གནམ་གང་གིས་རང་གི་ལང་ཚོ་ཝུ་ཆང་ཁོ་ནའི་སླད་དུ་བསྟིམས་བཞིན་པ་མཐོང་སྐབས་མགོ་བོ་འཕྲེད་དུ་གཡུག་བཞིན།“གནམ་གང་གིས་བུ་མོ་འཕྱན་མོ་དེ་འདྲ་ཞིག་གི་ཆེད་དུ་རང་ཉིད་སྡུག་ལ་གཏད་དགོས་དོན་ཅི་ཡོད”ཅེས་བརྗོད་པ་དང་། ཡང་ལ་ལས། “བུད་མེད་ཝ་མོ་དེས་མི་དེ་བརླགས་སོང”ཞེས་ཕན་ཐོགས་ཞེས་པའི་བུད་མེད་དེར་སྡིགས་མོ་བྱེད། ཡང་ལ་ལས། “ད་ནི་གནམ་གང་རྦད་དེ་སྨྱོས་འདུག”ཅེས་ཟེར་བཞིན་ཁོའི་ལས་དབང་ལ་གདུང་སེམས་མཉམ་སྐྱེད་བྱེད་བཞིན་འདུག གང་ལྟར། དུས་དེ་ནས་བཟུང་། སྡེ་དཔོན་གཡང་སྐྱབས་ཀྱི་གདོང་ལའང་སྔོན་ཆད་ཀྱི་འཛུམ་མདངས་དང་གྲུང་ཤ་མཐོང་རྒྱུ་མེད་ལ། སྔོན་ཆད་ཇི་བཞིན།“སྡེ་བའི་ཡུལ་མི་ཚོས་གནམ་གང་ལ་སློབ་སྦྱོང་བྱ་དགོས”ཞེས་པའི་སྐད་ཆ་དེའི་ནང་དོན་ཡོངས་སུ་འགྱུར་ནས། “སྡེ་བའི་ཡུལ་མི་ཚོས་གནམ་གང་ལ་སློབ་སྦྱོང་གཏན་ནས་བྱ་མི་ཉན། མི་ལུས་རིན་པོ་ཆེ་དེ་ཝུ་ཆང་གི་ཁྲོད་དུ་སྟོངས་ན་ཅི་འདྲས་ཕངས་ཨང”ཞེས་བཤད་པར་བྱེད་པས། རིམ་བཞིན་གནམ་གང་ཡང་བོད་ཀྱི་སྒྲུང་གཏམ་རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང《ར་ལོ》ཞེས་པའི་ནང་གི་མི་སྣ་ར་ལོ་ཇི་བཞིན་སྣ་མདོར་སེར་ལ་སྦོམ་པའི་སྣབས་དེ་མཐོང་རྒྱུ་མེད་པ་ཕུད། ཁོའི་སྒྱིད་ལུག་དེ་ར་ལོ་ལྟ་བུའི་ཚད་ལ་ཐོན་འདུག

ད་ནི་དགུན་ཟླ་གསུམ་པར་ཐོན་པས། ཕྱི་རོལ་གྱི་ནམ་ཟླ་ཧ་ཅང་འཁྱགས། སྡེ་བའི་ཡུལ་མི་གཞན་པ་གྲང་ངར་གྱིས་ཡོངས་སུ་གཙེས་ཏེ་བགྲེས་སོང་ལ་ལས་དགུན་ཁའི་གསེར་ལས་དཀོན་པའི་ཉི་འོད་ཀྱི་འོག་ཏུ་ཉི་མར་ལྡེ་ཞོར་སྔ་རྒྱུས་ད་རྒྱུས་གླེང་ནས་འདུག་པ་ཕུད། དེ་བྱིངས་ཀྱི་ཡུལ་མི་ཕལ་ཆེ་བ་རང་ཁྱིམ་གྱི་ཐབ་ཀ་གྲུ་བཞིའི་འགྲམ་དུ་ཙོག་ནས་མེ་འབུད་ཞོར་ལུས་པོ་ཚ་ལམ་ལམ་ངང་བུད་མེད་ཚོས་བལ་གསེད་པ་དང་། སྤུན་འཁེལ་བ། ཐག་འཐགས་པ་སོགས་བྱེད་པ་དང་། སྐྱེས་པ་ཚོས་དུ་བ་རེ་རྔུབ་ཞོར་ལུ་གུའི་ཚ་རུ་མཉེད་བཞིན་ཡོད་ཀྱང་། གནམ་གང་གི་ཐོག་ཁའི་ངོས་སུ་སྔོ་ལྷོག་ལྷོག་གི་དུ་བ་འཕྱུར་བཞིན་པ་མཐོང་ཡུལ་དུ་མེད་པར། ཁོ་རང་ནི་སྲང་ལམ་དེའི་ཁྱི་ལྡོམ་དེ་དག་དང་ཆ་འདྲ་བར་དམིགས་ཡུལ་མེད་པར་ཇ་ཁང་དང་ཆང་ཁང་འགའི་སྒོ་འགྲམ་དུ་ཕར་འགྲོ་ཚུར་འོང་བྱེད་ཀྱིན་འདུག

ཁོའི་མགོ་བོའི་སྐྲ་ལོ་ཡོངས་རྫོགས་བྱ་མོའི་རྐུབ་ལ་ཕུ་བཏབ་པ་ཇི་བཞིན་གང་སར་གཟེངས་ནས་ཟང་ཟིང་དུ་གྱུར་ཅིང་། དེའི་ཐོག་ཏུ་ཐལ་དྲེག་གིས་བཀང་འདུག་པས། དེ་ནི་ཁོས་སྐྲ་ལོའི་ངོས་སུ་འཚོ་བཞིན་པའི་ཤིག་དང་སྲོ་མ་ཞེས་པའི་སེམས་ཅན་དེ་ལ་གནས་སྡོད་བྱ་སའི་མཁར་རྫོང་ཞིག་སྐྲུན་བཞིན་ཡོད་པ་དང་གཉིས་སུ་མ་མཆིས། ངས་གནམ་གང་རང་གི་མལ་ཤག་ཏུ་བོས་ནས། “གནམ་གང་། ཁྱོད་ཀྱིས་ལྟོས་དང་། གྲོང་པ་ཁྱིམ་མཚེས་ཚང་མས་འཚོ་བའི་ཆེད་དུ་རང་གི་ལག་ཟུང་ལ་བརྟེན་ནས་དཀའ་ལས་ཁྲག་དྲི་བྲོ་བྲོ་རྒྱག་བཞིན་མི་འདུག་གམ། ཁྱོད་ཀྱིས་མུ་མཐུད་དེ་ཆང་དང་རྒྱན་འཛུགས་ཁྲོད་དུ་མི་ཚེ་བསྐྱལ་ན། གྲོང་པ་ཁྱིམ་མཚེས་ཚོ་ལའང་ངོ་མི་ཚའམ”ཞེས་བཤད་དེ་བསམ་བློའི་སློབ་གསོ་བཏང་ཡང་། ཁོས་ཁྲེལ་དགོད་དང་སྦྲགས། “རྒན་ལགས་རང་བསྟན་བཤིག་ཚ་བ་ལ་ཨང་། ལས་ལ་བསྐོས་ཡོད་ན་ཕྱུག་པོ་མ་ཆགས་བསམས་ནའང་རང་བཞིན་གྱིས་ཕྱུག་པོར་ཆགས་ཀྱི་རེད། ལས་ལ་བསྐོས་མེད་པ་དང་བསོད་བདེ་མེད་ན། ཅི་ཙམ་འབད་ཀྱང་སྟོང་པ་རེད”ཅེས་ཟེར། ཁོའི་སྐད་ཆར་ཉན་རྗེས། ང་ནི་ཁོང་ཁྲོས་བཟི་སྟེ་ཨེན་ཙམ་མིན་ན་ཕྱགས་མ་བཟུང་ནས་ཁོ་ལ་གཅར་རྡུང་དྲག་པོ་ཞིག་བྱེད་འདོད་བྱུང་།

ང་རང་ལྷ་ལུང་གྲོང་ཚོར་སླེབས་ནས་ཟླ་བ་དྲུག་ལྷག་ཙམ་སོང་། ཟླ་བ་དྲུག་གི་དུས་ཚོད་ནང་ངས་ནང་སར་ཡོད་པའི་རང་གི་སློབ་གྲོགས་འགའ་ལ་གནམ་གང་གི་ཆུང་མ་ཕན་ཐོགས་ཀྱི་གནས་ཚུལ་རྩད་གཅོད་བྱས་ནས་བསྡད། འོན་ཀྱང་། ངས་ཕན་ཐོགས་ད་ལྟ་ས་ཆ་གང་དུ་ཡོད་མིན་གྱི་གནས་ཚུལ་གཏན་ནས་གོ་ཐོས་མ་བྱུང་བས། འཇིག་རྟེན་གཞི་རྒྱ་ཆེན་པོ་དེ་འདྲའི་ཀློང་ནས་ངས་ཕན་ཐོགས་འཚོལ་བ་ནི་རྒྱ་མཚོའི་ཀློང་ནས་ཁབ་འཚོལ་བའི་དཔེ་ལས་མ་འདས། ཟླ་བ་དྲུག་གི་ནང་དུ། གནམ་གང་ནི་ནམ་མ་གསལ་གོང་ནས་ངའི་མལ་ཤག་ཏུ་ཡོང་སྟེ་ཕན་ཐོགས་ཀྱི་སྐོར་རྩད་ཞིབ་ཐུབ་ཡོད་མེད་འདྲི་བར་ཡོང་གིན་འདུག འོན་ཀྱང་། དོན་དམ་དུ་ཁོ་ནི་ཕན་ཐོགས་ཀྱི་གནས་ཚུལ་ཁོ་ནར་དམིགས་ཏེ་ངའི་འཁྲིས་སུ་ཡོང་བ་མ་ཡིན་ཏེ། ཁོ་ནི་ངའི་མལ་ཁྲིའི་འོག་གི་ཝུ་ཆང་དང་། ངའི་ཁུག་མའི་ནང་གི་དུ་བ་ལ་དམིགས་ནས་ཡོང་བ་ངའི་སེམས་ལ་ཁྲིག་ཁྲིག་ཡིན། མཚམས་ལ་ལར་ཁོ་ངའི་མལ་ཤག་ཏུ་ཡོང་སྟེ་ཝུ་ཆང་ཡིད་ཚིམ་པ་ཞིག་བཏུང་བས་མི་ཚད། མཚན་མོ་ངའི་འཁྲིས་སུ་ཨུ་ཚུགས་ཀྱིས་ཉལ་ནས་རང་ཁྱིམ་དུ་གཏན་ནས་ལོག་པར་མི་བྱེད་པས། ཐོག་མར་ངས་ཁོའི་ཚུགས་ཀ་དེ་མཐོང་དུས་སེམས་ལ་སྙིང་རྗེའི་བསམ་པ་དྲག་པོ་ཞིག་སྐྱེས་ནས་ཁོའི་འདོད་པ་སྐོང་ཅི་ཐུབ་བྱས། ཕྱིས་སུ་ཁོའི་སྒྱིད་ལུག་གི་གཤིས་ཀ་སྐྱུག་བྲོ་བོ་དེ་མཐོང་དུས་ང་རང་ཡང་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་བས། ད་གཟོད་ངོ་ཤེས་ཤིག་བཙལ་ཏེ་ཁོ་རྫོང་མཁར་དུ་ཡོད་པའི་གྲོགས་པོ་ཞིག་གི་ཟ་ཁང་དུ་གླ་པ་བྱེད་པར་མངགས།

ང་རང་གི་གྲོགས་པོ་དེས་བཤད་ན། གནམ་གང་གིས་ཟ་ཁང་དེ་རུ་ལས་ཀ་ལས་པ་ཧ་ཅང་བཟང་རབས་ཟེར། ཁོས་སྔོན་ཆད་ཀྱི་སྒྱིད་ལུག་གི་རང་གཤིས་དེ་རིང་དུ་དོར་ནས་སྔ་མོ་ནས་མལ་ལས་ལངས་ཏེ་ཟ་ཁང་གི་ཕྱི་ནང་དུ་གཙང་སྦྲ་བྱེད་པ་དང་། ཚལ་རིགས་ཕར་སྐྱེལ་ཚུར་སྐྱེལ་བྱེད་པར་མ་ཟད། ད་དུང་སྦྱིན་བདག་གི་ཁ་ལ་ཉན་པོ་བྱེད་ཚུལ་གླེང་། འོན་ཀྱང་། དེ་ནས་ཉིན་ཤས་འདས་རྗེས། ཁོས་ཞོགས་པ་ཉི་མ་ཤར་ནས་ཡུན་རིང་འགོར་ཡང་མལ་ལས་མི་ལངས་པར་ཉལ་ནས་སྡོད་པ་དང་། ཟ་ཁང་ནང་ལས་ཀ་འཁྱུག་ཙམ་བྱས་རྗེས་དེ་ནས་ཡང་ཟ་ཁང་ནང་གི་ཝུ་ཆང་བླུགས་ཡོད་པའི་ཤེལ་དམ་དེ་དག་ལྐོག་ཏུ་རང་གི་མལ་ཤག་ཏུ་ཁྱེར་ནས་རྔམ་འཐུང་བྱེད་བཞིན་ཡོད་ཚུལ་ང་ལ་བཤད། སྦྱིན་བདག་གིས་བཤད་ན་མི་དེ་སྔ་མོ་ནས་སྐྱག་ལངས་ལ་ཤོར་འདུག་པས། གལ་ཏེ་ཁོ་མུ་མཐུད་དེ་ཟ་ཁང་དུ་ཉར་ན། ཟ་ཁང་གི་ཁེ་སྤོགས་ཚང་མ་ཁོས་ཆང་དང་བརྗེས་ནས་ཁྱུར་མིད་དུ་གཏོང་ངེས་རེད་ཟེར། གལ་ཏེ་གྲོགས་པོ་རང་གི་ངོ་ལ་བལྟས་པ་མིན་ན། ངས་མི་དེ་རིགས་སྔ་མོ་ནས་དབྱུག་པས་དེད་དེ་སྒོ་ཁར་བསྐྲད་ངེས་ཡིན་ཟེར། མཐའ་མར་ངའི་གྲོགས་པོ་དེའང་འུ་ཐུག་ནས་གནམ་གང་ཕྱིར་ལྷ་ལུང་གྲོང་ཚོར་བསྐྱལ་བྱུང་།

གནམ་གང་ལྷ་ལུང་གྲོང་ཚོར་ཕྱིར་འབྱོར་བ་ཡུལ་མི་རྣམས་ཀྱིས་ཤེས་འཕྲལ། ཡུལ་མི་མང་པོ་བེམ་པོའི་སྟེང་ལ་བྱ་རྒོད་འཁོར་བ་ཇི་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་ཁོའི་མཐའ་འཁོར་དུ་རུབ་སྟེ་ཡ་མཚན་གྱི་མིག་ཟུང་ཁོའི་གདོང་ལ་ཅེར་བཞིན་དུ། “ང་ཚོའི་སྡེ་བའི་ཆང་རྐྱལ་གནམ་གང་ད་ཆ་གྲོང་ཁྱེར་པ་ཞིག་ཏུ་གྱུར་འདུག་ཨང་། བསོད་ནམས་རང་རེད། ཁོ་ལ་དཀོན་མཆོག་གིས་གཟིགས་འདུག”ཅེས་རྗོད་བཞིན་འདུག དོན་དམ་པར་ཁོ་ནི་གྲོང་ཁྱེར་ནས་ཕྱིར་ལོག་མ་ཐག་ཡིན་པས། ཁོའི་ངོ་གདོང་སྔོན་ཆད་ཀྱི་དམར་སྨུག་ཅན་དེ་མ་ཡིན་པར་ཅུང་ཟད་ཇེ་དཀར་དུ་ཕྱིན་ཡོད་པས་ཡིན་ལ། ཁོའི་ལུས་སྟེང་ནས་སྔོན་ཆད་ཀྱི་སྦགས་བཙོག་དེ་དག་མཐོང་ཡུལ་དུ་མེད་པས་ཡིན། འོན་ཀྱང་། “རག་ལ་གསེར་ཆུ་བྱུགས་ཀྱང་རག་ནི་རག་ཉིད་ཡིན་པས། ནམ་ཡང་གསེར་དུ་འགྱུར་མི་སྲིད”ཅེས་པའི་རང་རེའི་བཤད་སྲོལ་ལྟར། མི་རིང་བར། ཁོའི་སྒྱིད་ལུག་གི་ཆ་དེ་ཝ་རྔ་བཞིན་ཕྱིར་མངོན་བྱུང་།

5

གནམ་གང་ལྷ་ལུང་གྲོང་ཚོར་ལོག་ནས་ཉིན་ཤས་འགོར་སོང་། ཁོ་ཕྱིར་ལོག་པ་ནས་བཟུང་། ངའི་མིག་མདུན་དུ་གནམ་གང་གི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང་། ཐ་ན་ཟླ་བ་འགའ་ཞིག་འདས་རུང་། གནམ་གང་ནི་གནམ་ལ་འཕུར་བ་ཡིན་ནམ། ཡང་ན་ས་འོག་ཏུ་འཛུལ་བ་གང་ཡིན་མིན་ཆ་མི་འཚལ་མོད། གང་ལྟར་ཀྱང་། དུས་དེ་ནས་བཟུང་། གནམ་གང་ངའི་མིག་མདུན་ནས་གཏན་དུ་ཡལ་སོང་།

སྡེ་བའི་ཡུལ་མི་འགའ་རེས་བཤད་ན། གནམ་གང་གིས་རྒྱུན་པར་རྐེད་པར་གཟར་ནས་ཡོད་པའི་གློ་གྲི་དེ་བཟུང་ནས་རྒྱ་ནག་ཏུ་ཕན་ཐོགས་ཟེར་བའི་བུད་མེད་འཕྱན་མོ་དེ་འཚོལ་བར་བུད་སོང་ཟེར་བ་དང་། ཡང་ལ་ལས་བཤད་ན་ཁོ་ཡོངས་སུ་སྨྱོས་ནས་ཤངས་ཆུ་ཟམ་པ་ནས་གཙང་པོར་མཆོངས་ཏེ་རང་སྲོག་བཅད་སོང་ཟེར། ཡང་འགའ་རེས་བཤད་ན་ཁོ་དགོན་པར་གྲྭ་བ་བྱེད་དུ་བུད་སོང་ཟེར། གཞན་ཡང་། ཁོ་དང་ཆང་ཁང་གི་སྦྱིན་བདག་མ་གཉིས་གཉེན་བསྒྲིགས་ནས་རྫོང་གྲོང་དུ་ཟ་ཁང་ཞིག་བཙུགས་ཡོད་པ་དང་། ཟ་ཁང་གི་ཚོང་ཡང་ཧ་ཅང་བཟང་རབས་ཟེར། འོན་ཀྱང་། ལོ་གཉིས་ཙམ་གྱི་རིང་ལ་ངའི་མིག་མདུན་དུ་ཁོའི་གྲིབ་གཟུགས་ཙམ་ཡང་གཏན་ནས་རིག་རྒྱུ་མ་བྱུང་།

གནམ་གང་ཆང་རྐྱལ་མ་མཐོང་བར་ལོ་མང་འགོར་ཡང་། ངས་ད་བར་དུ་ཁོའི་ཤི་གསོན་གྱི་གནས་ཚུལ་ངོ་མ་ཞིག་གཏན་ནས་གོ་ཐོས་མ་བྱུང་། གང་ལྟར་ཀྱང་། དུས་དེ་ནས་བཟུང་། ལྷ་ལུང་གྲོང་ཚོའི་མི་རྣམས་ཀྱི་ཁྲོད་དུ་ཆང་རྐྱལ་གནམ་གང་དང་འབྲེལ་བའི་ཁ་བརྡ་བྱེད་མཁན་མི་འདུག་ལ། གནམ་གང་ཟེར་བའི་ཆང་རྐྱལ་དེའི་གྲིབ་གཟུགས་ཙམ་ཡང་མཐོང་མཁན་གཏན་ནས་མ་བྱུང་། ངའི་ཡིད་ཀྱི་བྲག་ལྡེབས་སུ་དུད་ཚང་དང་ཡུལ་མི་གཅིག་ཀྱང་མ་ལུས་པར་དབུལ་ཐར་གྱི་ལམ་དུ་འཁྲིད་ཐུབ་དགོས་ཟེར་བའི་སྲིད་གཞུང་གི་སྐད་ཆ་དེ་བྲག་ཅ་བཞིན་ཡང་ཡང་འཁོར་ཞིང་། གལ་ཏེ་གནམ་གང་གི་སེམས་པ་ཁུག་ནས་རྫོང་མཁར་དུ་ཟ་ཁང་གཉེར་བཞིན་འདུག་ཅེས་པའི་ཡུལ་མི་ཚོའི་སྐད་ཆ་དེ་དྲང་གཏམ་ཡིན་ན་ཅི་མ་རུང་ཨང་སྙམ། ངས་དེ་ལྟར་བསམ་བློ་གཏོང་བཞིན་དུ་ཐ་མག་གཅིག་ལ་མེ་བསྒོས་ནས་ཕྱི་རོལ་དུ་འཆམ་འཆམ་བྱེད་པར་བུད། ཡོད་ཚད་སྔར་བཞིན་རྒྱུན་ལྡན་རེད། སྔོན་ཆད་དང་མི་འདྲ་བའི་ཆ་ཞིག་ཡོད་པ་ནི་སྡེ་བའི་སྲང་ལམ་གྱི་ཁུགས་སོར་ཆགས་ཡོད་པའི་ཆང་ཁང་དེ་ནས་སྔོན་ཆད་ཀྱི་ཆང་གཞས་ལེན་པའི་སྒྲ་དབྱངས་དེ་ཐོས་རྒྱུ་མེད་པར་ཁུ་སིམ་མེར་འདུག་ལ། ཉེ་འགྲམ་གྱི་སྲང་ལམ་དུ་ཁྱི་ལྡོམ་འགའ་ནམ་རྒྱུན་ལྟར་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་གངས་རླུང་གི་ཁྲོད་དུ་ཅི་ཞིག་འཚོལ་གྱིན་པ་ལྟར་སྣང་།

“ཨ་ཧོ། གནམ་གང་། ཁྱོད་གང་དུ་བུད་སོང་བ་ཡིན”ངས་དེ་ལྟར་ཆིག་ལབ་རྒྱག་བཞིན་དུ་གོམ་པའི་འདེགས་འཇོག་རང་གི་མལ་ཁང་ཕྱོགས་སུ་བསྒྱུར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།