ཀྲུང་གོ་བོད་ཀྱི་དྲ་བ།

ང་ཡང་བུད་མེད་ཅིག་ཡིན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : གཡུ་སྒྲོན།   སྤེལ་དུས། : 2022-10-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨ་མྱེ་ཡིས་བཤད་ན་ཕ་ཡུལ་དང་བྲལ་ནས་འགྲོ་བའི་མི་སུ་ཡིན་ཡང་རང་ཉིད་འགྲོ་སའི་གནས་དེའི་ཕྱོགས་སུ་ཕྱག་འཚལ་ན། གནས་དང་ཕྱོགས་གང་དེའི་སྐར་ཚོགས་ཀྱིས་མི་དེ་ཕྱིར་སླེབས་རག་བར་དུ་དེ་ལ་མགོན་སྐྱབས་བྱེད་པ་རེད་ཟེར། ཟི་ལིང་གྲོང་ཁྱེར་དེ་ལས་དབང་གཡུ་མཚོའི་ཕ་ཡུལ་གྱི་བྱང་ཕྱོགས་ན་ཡོད་པས། སློབ་ཆེན་གྱི་སྒོ་ཐེམ་འགྲིམ་པའི་ཉིན་དེར་མོས་ཀྱང་ཕ་ཡུལ་ནས་བྱང་ཕྱོགས་སུ་ཕྱག་གསུམ་བཙལ་ནས་ལས་ལ་ཆས། ཕྱག་གསུམ་པོ་དེའི་བྱིན་རླབས་ཡིན་ཡང་སྲིད་དེ་མོའི་སློབ་ཆེན་གྱི་འཚོ་བ་མགོ་བཀྲ་ཤིས་ཤིང་བར་བདེ་ལེགས་པའི་ངང་ནས་བསྐྱལ་ཏེ། ད་ནི་དངོས་གཞིའི་ལོ་ངོ་བཞི་བོར་རྫོགས་ཚིག་དགོད་རན་པའི་དུས་ལ་སླེབས།

མོ་ཡང་ད་ལོའི་སློབ་ཐོན་སློབ་མ་གཞན་དག་དང་འདྲ་བར་མ་འོངས་པའི་འཚོ་བ་དང་ལས་ཞུགས་སོགས་ལ་རེ་བ་དང་སྤྲོ་བས་བརྟས་ཡོད། དེ་དུས་མོ་ལ་ཕུགས་བསམ་ཡོད་ཅིང་རྒྱང་རིང་དང་སྙན་ངག་ཡོད། དེ་བས་ཀྱང་བཤད་ཐུབ་ལ་སྒྲུབ་ཕོད་པའི་བོད་རིགས་བུ་མོ་རྣལ་མ་ཞིག་གི་དཔའ་སྙིང་འཛོམས་ཡོད། སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་མོས་ཀྱང་བོད་ཀྱི་ནོར་གནག་ཕ་སའི་བཤམས་སྟོན་ཁང་ཟེར་བ་ཞིག་ལ་མིང་ཐོ་བཀོད། ཁ་རྒྱུགས་ལེན་དུས་རྒྱུགས་རྟོག་པས་མོ་ལ་འདྲི་ཚིག་གཉིས་དྲིས་པ་སྟེ་ཁྱོད་རང་གཉེན་སྒྲིག་ཡོད་དམ། ཁྱོད་ལ་བྱིས་པ་ཡོད་དམ་མེད་ཅེས་དྲིས་པ་དེ་རེད། བརྒྱ་ལ་སློབ་ཆེན་ནང་དུ་གཉེན་སྒྲིག་བྱས་ཟིན་པའི་མི་ཡོད་ནའང་དེ་ནི་བརྒྱ་ཆའི་ཉུང་ཤས་ཙམ་ཡིན་པས་མོས་ཕྱིར་ལན་དུ་གཉེན་སྒྲིག་མེད་ལ་བྱིས་པ་ཡང་མེད་ཅེས་ལན་བཏབ། དེ་ནས་ཉིན་འགའ་འགོར་རྗེས་ཁ་རྒྱུགས་ཀྱི་སྐར་གྲངས་བསྒྲགས་པ་ན་མོའི་མིང་དེའི་གྲལ་ནས་མཐོང་མ་བྱུང་།

ཧ་ལམ་ལོ་གཅིག་ལྷག་འགོར་རྗེས། སྟེས་དབང་དང་ལས་དབང་གང་ལྟར་ཀྱང་མོ་ཡང་རང་ཉིད་ཆུང་དུས་ནས་དགའ་སའི་སྨྱན་སྦྱོར་གྱི་ལས་ཀར་ཞུགས་པའི་སྐལ་བ་སྨིན་སོང་། ལས་ཀ་དེ་རིགས་ལ་ཆ་རྐྱེན་ཞིག་ཡོད་པ་ནི་ཁ་ལྕེ་དག་ཅིང་སྐྱེས་གཟུགས་ཡག་དགོས་ཀྱང་། དེའི་ཕྱོགས་ནས་མོ་རང་ཡང་ལས་ཀ་དེ་ལ་གཟས་ནས་བཞེངས་པ་ལྟར་བལྟས་ན་མིག་དབང་གསོ་ཞིང་ཉན་ན་སྤྲོ་སེམས་འཕེལ་བའི་ལྷན་སྐྱེས་ཀྱི་ཡག་མོ་སྒོ་དང་སྐད་ངག་སྙན་མོ་ཞིག་ལྡན་ཡོད་པས་ཡོད་ཚད་མོའི་འདོད་ཐོག་ཏུ་རྟ་བརྒྱུགས་པ་ལྟར་ངང་གིས་གྲུབ་སོང་། བཤད་སྲོལ་ལའང་། ཁ་གྲོགས་བརྒྱ་ལས་སྙིང་གྲོགས་གཅིག་ཟེར་བའི་དཔེ་ལྟར། མོ་ལས་ཀར་ཞུགས་ནས་ཟླ་ངོ་འགའ་མ་འགོར་བར་མོས་ཀྱང་དངོས་གཞིའི་སྐབས་ཀྱི་སློབ་གྲོགས་ཤིག་ལ་གཉེན་སྒྲིག་བྱས། དེ་དུས་ཁོ་གཉིས་ཀ་ལས་ཀར་ཞུགས་མཁན་དང་ཕུགས་བསམ་སྙེག་མཁན་ཡིན་པས། སོ་སོའི་ལུས་སྟེང་དུ་དུས་རབས་ཀྱི་དན་རྟགས་རེ་རེ་ཡོད་ལ། གྲོགས་པོ་དང་ལས་གྲོགས་ཡོད། མཉམ་དུ་གླེང་ཆོག་པའི་ཁ་བརྡ་སྣ་ཚོགས་ཀྱང་ཡོད། སྐབས་དེ་དུས་ནི་མོ་ལ་མཚོན་ན་སྐྱིད་ཀྱི་ཉི་མ་ཉི་མའི་གུང་རེད།

རེད་དེ། ལས་དབང་གི་དཀྱོགས་མཚམས་ཟེར་བ་ནི་སོ་སོ་ཡར་རྒྱས་དང་ཡང་ན་མར་རྒུད་དུ་འགྲོ་སྐབས་ལྡོག་ཕྱོགས་སུ་འཕེལ་ནས་འགྲོ་བ་ཞིག་ཡིན་པ་འདྲ་བས། ལས་དབང་གཡུ་མཚོ་ཡང་སྔོན་མ་དེ་ལས་མ་འདས། ཉིན་ཞིག་གི་དགོང་མོར། ཁྱོ་གས་གློ་རྡེག་ཏུ་མོ་ལ་ད་ནི་འུ་གཉིས་ཀྱིས་ཀྱང་བྱིས་པ་ཞིག་བཙའ་རན་འདུག་ཟེར། སྐད་ཆ་འདི་ནི་དེ་འདྲའི་སྐྲག་དགོས་པ་ཞིག་མིན་ཡང་ཐོས་མ་ཐག་ཏུ་མོའི་སྙིང་ལ་ཟུག་གཟེར་ཞིག་གིས་འཇབ་རྒོལ་ཐེབས་སོང་། མོས་ཕྱིར་ལན་མ་བཏབ་པར་ཉལ་ཁྲིའི་གམ་གྱི་གློག་སྒྲོན་དེ་གཟིམ་རྗེས་ཁ་ཕར་འཁོར་ནས་གཉིད་གྲབས་བྱས་མོད། དགོང་མོ་དེ་ནི་མོ་རང་ལས་ཀར་ཞུགས་པ་ནས་ཐོག་དང་པོར་གཉིད་མ་ཁུགས་པའི་དགོང་མོ་གཅིག་པུའང་ཡིན་པ་འདྲ། བྱིས་པ་བཙའ་དགོས་པ་མོས་ཀྱང་ལོས་ཤེས། འོན་ཀྱང་། དོན་དག་ལ་ལ་ཞིག་དངོས་གནས་མགྱོགས་དྲགས་པར་སྣང་། དེ་ནས་ཉིན་འགའ་འགོར་ཡང་ཁྱོ་གས་སྔར་བཞིན་དེ་ལྟར་ཟེར་ཞིང་ཉིན་རྒྱུན་ཕྱིར་ཁྱིམ་དུ་སླེབས་རྗེས་གོ་སྐབས་རེ་བཙལ་ནས་འོར་བཤད་བསྐྱར་བཤད་བྱེད་པས། མོས་ད་དུང་ཅུང་ཟད་སྒུགས་དང་ང་ཡང་ལས་ཞུགས་བྱས་ནས་མང་པོ་འགོར་མེད་པ་དང་། ད་ལྟ་བྱ་བའི་ཕྱོགས་དང་གང་ཅིའི་ཐད་ལའང་དེ་ཙམ་གོམས་མེད་པས། སྐབས་འདི་འདྲ་ཞིག་ལ་བྱིས་པ་བཙས་ན་ང་ལ་མཚོན་ནའང་ཁག་པོ་འདུག་ཅེས་བཤད་པ་ན། ཁྱོ་གས་དེ་ལ་དཀའ་རྒྱུ་ཅི་ཡོད། ཁྱོད་ཕྱིར་ཤོག་ལ་བྱིས་པ་སྙོར། ངས་ཕྱི་རུ་ལས་ཀ་བསྒྲུབས་ནས་ཁྱིམ་ཁ་གསོ་ཟེར། དེ་ནས་ཉིན་མང་པོ་ཞིག་འགོར་རྗེས་ཁྱོ་ག་ལས་ཚོགས་གྲོལ་ན་ཡང་ཕྱིར་ཁྱིམ་དུ་མི་ལོག་པར་གྲོགས་པོ་དག་དང་འགྲོགས་ཏེ་ཆང་འཐུང་ཞིང་སེམས་གཡེང་ནས་འདུག་པ་ལས་མོ་ལ་ཁ་ཡ་མི་བྱེད། ཁ་པར་གང་མང་བཏང་ཡང་མཇུག་འབྲས་གཉིས་ལས་མེད། གཅིག་ནི་ཁྱོད་ཀྱིས་གཏོང་བཞིན་པའི་ཁ་པར་གྱི་སྒོ་གཏན་འདུག ཅིག་ཤོས་ནི་ཁ་པར་གྱི་འབོད་བརྡའི་གླུ་དབྱངས་གྲག་བཞིན་པའི་སྐབས་སུ་གློ་བུར་དུ“ཏུའུ་ཏུའུ”ཟེར་བའི་སྒྲ་ལན་འགར་གྲག་རྗེས་ཅི་ཡང་མེད་པ་དེ་རེད། འདི་ལྟ་བུའི་གནས་ཚུལ་ནི་ཁོ་གཉིས་ཀྱིས་དང་ཐོག་དགའ་རོགས་སྒྲིག་དུས་གཏན་ནས་ཡོད་མ་མྱོང་བ་འདྲ་བས། ཁོ་གཉིས་བར་གྱི་བརྩེ་དུང་ནི་དཀར་ཡོལ་ཞིག་ཡིན་པའི་དབང་དུ་བཏང་ན་ད་ནི་དེ་ལ་གས་ཁ་ཤོར་འདུག་ཀྱང་། གས་ཁ་དེ་ནས་ཆག་ཧྲུལ་དུ་མི་འགྲོ་བའི་ཕྱིར་དུ་མོས་ཁྱོ་གས་ཅི་བཤད་བཀའ་བཞིན་བསྒྲུབས་པ་དང་། རང་ཉིད་ལ་ལས་ཀ་དང་ཁྱིམ་ཚང་གཉིས་ཀ་སེམས་ཞིབ་མོས་སྐྱོང་དགོས་པའི་སྐུལ་ལྕག་ཡང་ཡང་བཏང་།

དེ་ནས་རིང་པོ་ཞིག་མ་ལོན་པར་ཁྱོ་གའི་འདོད་དོན་བཞིན་མོ་ལ་མངལ་འཁོར་བྱུང་། སེམས་འཚུབ་པ་དང་ཞེན་ཁ་ལོག་པ། གཉིད་ཆེ་བ་སོགས་ཀྱི་ཤུགས་རྐྱེན་ཐེབས་པས། བྱ་བའི་ལས་ཕྱོད་ཀྱང་མངོན་གསལ་གྱིས་ཇེ་དམའ་རུ་སོང་བས་ཚན་ཁག་མགོ་པས་ཀྱང་ཐེངས་མང་པོར་སྐྱོན་བརྗོད་བྱས། ད་དུང་གཟའ་ཟླ་བའི་ཕྱི་དྲོ་ཞིག་ལ་མོས་ཇ་ཕོར་དུ་ཆུ་ཁོལ་གང་བླངས་ནས་ཕྱིར་གཞུང་ལས་ཁང་དུ་འགྲོ་སྐབས། ལས་ཁུངས་ཀྱི་མགོ་ཁྲིད་དང་མོ་དང་ཚན་ཁག་གཅིག་པའི་ཚན་ཁག་གི་མགོ་པ་གཉིས་ཀྱིས་བུད་མེད་ལས་ཞུགས་མཁན་གྱི་སྐོར་ནས་ཁ་བརྡ་བྱེད་ཀྱིན་པ་ཞར་ལ་ཐོས་བྱུང་། སྐབས་དེར་མོས་ད་གཟོད་ལོ་གཅིག་གི་སྔོན་ལ་ནོར་གནག་ཕ་སའི་བཤམས་སྟོན་ཁང་དུ་རྒྱུགས་ལེན་སྐབས་དྲིས་མྱོང་བའི་དྲི་བ་དེ་གཉིས་ཀའི་བསྟན་དོན་གཞི་ནས་རྟོགས་སོང་། མོས་ད་གཟོད་སྤྱི་ཚོགས་ཟེར་བ་ནི་མི་གསར་པ་དག་མངོན་གསལ་དོད་པོས་དམར་རྗེན་དུ་འཕུད་ཐུབ་པའི་ཕྱི་གསལ་ནང་གསལ་གྱི་གོང་བུ་ཞིག་ཡིན་པ་ཚོར་བྱུང་། སྔོན་ཆད་སློབ་གྲྭར་ཡོད་དུས་དགེ་རྒན་རྣམས་ཀྱིས་སྤྱི་ཚོགས་ལ་གདུག་རྩུབ་ཆེ་ཚུལ་དང་རྙོག་འཛིང་ཆེ་རབས་སོགས་གསུངས་པ་གང་མང་ཞིག་ཐོས་ཡོད་ཀྱང་། ད་ལྟ་བཞིན་དུ་གློ་བུར་འཕྲད་ཡོང་དུས་མོ་ལ་འཇིགས་སྐྲག་ཅིག་ལས་ཇི་ལྟར་གདོང་གཏོད་དགོས་པའང་མི་ཤེས་པའི་ཚད་ལ་ཐོན་པ་ནི། སྐབས་དེ་ཤེད་དུ་མོས་དེ་དག་ཡོད་ཚད་ནི་རང་དང་ཁ་ཐག་རིང་བོ་ཡོད་པར་བསམས་ནས་དོ་སྣང་ཡེ་ནས་མ་བྱས་པའི་རྐྱེན་ཡིན་ངེས། མོ་དང་མོའི་ཁྱོ་ག་གཉིས་ལམ་ལ་ཆས་ས་འདྲ་ན་ཡང་སྤྱི་ཚོགས་འདིས་སྐྱེས་མ་དག་ལ་སྦྱིན་པའི་བལྟས་ཚོད་ཀྱིས་དྲང་གཞག་ཡིན་ཡང་དོན་དམ་པར་རྒྱ་རྡོ་ཡོལ་ཟིན་པའི་དྲང་གཞག་དེས། མོ་དང་འདྲ་བའི་བུད་མེད་མང་པོ་ཞིག་ལ་བརྗོད་མི་ཤེས་པའི་འཁུན་སྒྲ་དང་འདེགས་དཀའ་བའི་ཁུར་བོ་ལྕི་མོ་ཞིག་བཀལ་ཡོད་པས། ད་ནི་ཡོད་ཚད་ལ་བར་ཐག་ངེས་ཅན་ཞིག་ཤོར་སོང་སྙམ།

ཟླ་ངོ་ལྔ་ལྷག་འགོར་རྗེས་མོ་ཡང་ལས་ཀར་མ་སོང་བར་ཁྱིམ་དུ་བསྡད། བསྐྱར་ཟློས་ཀྱི་འཚོ་བ་དང་ཁེར་འགྲོ་ཁེར་འདུག་གི་གནས་བབ་ཀྱིས་མོས་སྔོན་ཆད་གཉེན་སྒྲིག་ལ་བཅངས་པའི་སྟོང་བསམ་དེ་གཞི་ནས་བརྟོལ་བར་བྱས་སོང་། ཅི་ཞིག་བྱེད་འདོད་ཡོད་ལ་ཅི་ཡང་བྱེད་དབང་མེད་པའི་ཟླ་ངོ་བཞི་དང་ཉིན་བཅུ་ལྷག་གི་དུས་ཚོད་འཁྱོལ་ཐབས་བྱས་རྗེས། ན་ཟུག་གྲངས་མེད་ཀྱི་ཐུ་འོག་ནས་སྐྱ་རེངས་དང་ལྷན་དུ་བྱིས་པ་བདེ་ཐང་ཞིག་བཙས་ཀྱང་། སྔར་བཞིན་མོ་ལ་གནོན་ཤུགས་དང་སེམས་ཁྲལ་གྱིས་མནར་ཡོང་སྟེ། འདི་དག་ནི་བྱིས་པ་མ་བཙས་སྔོན་ལ་མེད་པ་མིན་ཡང་དེ་དུས་མོར་མདའ་གཅིག་གིས་ཤྭ་བོ་ཉིས་གསོད་པའི་ནུས་པ་དབེན་ཞིང་། ལུས་ཤུགས་དང་སེམས་ཤུགས་ཚང་མ་བྱིས་པ་བདེ་ཐང་ངང་བཙའ་བའི་ལས་འགན་ལྕི་མོ་དེ་ལ་བཅོལ། ད་ནི་མོའི་བྱིས་པ་བཙའ་བའི་རླབས་ཆེན་གྱི་བྱ་བ་དེ་ལེགས་འགྲུབ་བྱུང་ཡོད་པས་ཕྱིར་རང་ཉིད་དགའ་སའི་ལས་ཀར་ཞུགས་འདོད་ཀྱི་རེ་བ་དྲག་ཏུ་འཕྱུར་ཏེ། མོས་ཁྱོ་ག་དང་སྐད་ཆ་ཇི་ལྟར་བཤད་དགོས་པ་དང་། སྐད་གདངས་ཇི་ལྟ་བུའི་སྒོ་ནས་བཤད་པ། ཚིག་གང་ཞིག་སྔོན་ལ་བཤད་དགོས་པ་སོགས་སེམས་ནས་བསྐྱར་ཟློས་གྲངས་མེད་བྱས་རུང་། ཁྱོ་ག་ཕྱིར་སླེབས་པའི་ཉིན་དེར་གྲ་སྒྲིག་བྱས་པ་ལྟར་འགྲུབ་མ་ཐུབ་རུང་མྱུར་དུ་ཕྱིར་ལས་ཞུགས་ལ་འགྲོ་འདོད་པའི་སེམས་འདུན་དེ་བརྗོད་ཐུབ་སོང་། འོན་ཀྱང་། དྲན་པའི་གཏིང་ལ་ཡང་ཤར་མ་མྱོང་བ་ནི་ཁྱོ་གས་ཕྱིར་བཏབ་པའི་ལན་དེ་རེད། ཁྱོད་ལས་ཀར་ཞུགས་ནས་ཅི་བྱེད། འདི་ལྟར་བསྡད་ན་ཅི་འདྲའི་སྐྱིད་ཨང་། ཁྱོད་ལ་ཅི་དགོས་མཐུན་རྐྱེན་ངས་སྒྲུབ་བཞིན་ཡོད། ཁྱོད་ལས་ཀར་ཞུགས་ནས་ཅི་བྱེད་དམ། བྱིས་པ་ཁྱོད་ཀྱིས་མི་སྙོར་ན་སུས་སྙོར་དགོས་པ་རེད་ཟེར་བའི་སྐད་ཆ་དེ་རེད།མོའི་བསམ་པར་རང་ཉིད་བུད་མེད་ཅིག་ཡིན་པས་བྱིས་པ་སྐྱེ་དགོས་པ་ནི་མོའི་ལས་དབང་ཡིན་ཡང་། ཁྱིམ་ཚང་དང་བྱིས་པ། ད་དུང་ཁྱོ་ག་སོགས་ཀྱི་ཆེད་དུ་ཕུགས་འདུན་དང་ལས་ཀ་སོགས་རང་ལ་དབང་འོས་པ་ཡོད་ཚད་འདོར་དགོས་པའི་འགན་འཁྲི་དེ་སུས་བཀལ་བ་རེད། ཅིའི་ཕྱིར། ང་བུད་མེད་ཅིག་ཡིན་པས་ལན་པ་ཡིན་ནམ། འདི་དག་ཡོད་ཚད་ཀྱི་འབྱུང་རྐྱེན་ནི་བུད་མེད་ཟེར་བའི་ལན་ཆགས་ཆེ་བའི་མིང་བྱང་དེ་ལན་པ་ཡིན་ནམ། ཡང་ན་སྤྱི་ཚོགས་ཟེར་བའི་རྙོག་འཛིང་གི་ཕུང་བོ་དེ་ལན་པ་ཡིན། སྐབས་དེར་མོས་བཤད་འདོད་པའི་སྐད་ཆ་རི་རབ་ཀྱི་དཔང་ལས་མཐོ་ན་ཡང་གང་ནས་བཤད་དགོས་པ་མི་ཤེས་ལ་བཤད་ན་ཡང་ཁོས་ཉན་མི་ཉན་དང་། ཉན་ན་ཡང་ཕན་ཐོགས་ཡོད་མེད་སོགས་བརྗོད་ཐབས་བྲལ་བས་མིག་ཆུའི་ཕྲེང་ཐག་མཐུད་པ་ལས་ཅི་ཡང་བཤད་མ་ནུས་ཤིང་གང་ཡང་བསྒྲུབ་མ་ཐུབ། སྐབས་དེར། ཁྱོ་གས་རྐང་འབོབ་དཀར་པོ་དེ་འབོག་གདན་གྱི་ཟུར་ཞིག་དུ་འཕངས་རྗེས་ཁ་པར་ལས་ཐག་ཐག་ཐག་ཡི་གེ་ཅི་ཞིག་གཏག་བཞིན་དུ། སོང་སོང་སོང་། ང་ལ་ཟ་མ་ཁྱེར་ཤོག་ཟེར། དེ་དུས་མོའི་དྲན་ངོར་དེ་རིང་དང་འདྲ་བའི་ཉིན་མོ་མང་པོ་ཞིག་ལ་ཡོད་ཚད་མོ་གཅིག་པུས་བསྐྱངས་ཡོང་བ་དྲན་ཞིང་། ད་དུང་མུ་མཐུད་ནས་མོ་གཅིག་པུས་བསྐྱལ་དགོས་པ་དྲན་ནས་སེམས་ལ་ན་ཟུག་ཅིག་གིས་ཀུན་ནས་གཙེས་ཀྱང་ཅི་བྱ་གཏོལ་མེད་ངང་ལུས།

བྱིས་པ་སྐྱེས་ནས་ཉིན་བརྒྱ་དང་གསུམ་འགོར་བའི་ནམ་གུང་ཞིག་ལ། བྱིས་པར་ཚ་བ་རྒྱས་ནས་ངུས་པས་ཁྱོ་ག་གཉིད་ལས་བསླངས་བྱུང་། ཁྱོ་ག་ཅུང་ཁྲོས་པའི་ངང་ནས། ཅི་རེད། ད་ནི་བྱིས་པ་ཞིག་ཀྱང་སྙོར་མི་ཤེས་སམ། ད་དུང་ནམ་རྒྱུན་ལས་ཞུགས་ལས་ཞུགས་ཟེར། ལས་ཁུངས་གང་ཞིག་ལ་ཁྱོད་འདྲ་བ་ཞིག་དགོས་སམ་ཟེར།

ཕྱི་ཉིན་ཁྱོ་ག་ལས་ཚོགས་གྲོལ་ནས་ཁྱིམ་དུ་འབྱོར་བ་ན། འཕྲིན་པ་ཞིག་མ་གཏོགས་བྱིས་པ་དང་ཆུང་མ་གཉིས་ཀ་གར་སོང་ཆ་མེད་དུ་གྱུར་འདུག་པས། མྱུར་བར་འཕྲིན་པའི་ཁ་ཕྱེ་ནས་བལྟས་པ་ན།

སྙིང་ཉེ་བའི་སྟག་ལྷ་ལགས།

ད་ལྟ་སྙིང་ཉེ་ཞེས་པའི་ཡིག་འབྲུ་འདི་གཉིས་བཀོལ་ན་སྙིང་ལ་གཟན་པ་ཞིག་ཡིན་ཡང་སྲིད་མོད། ངས་སྔར་བཞིན་འདི་ལྟར་བྲིས་ཡོད། རྒྱུ་མཚན་འདི་ནི་ངས་ཁྱོད་ལ་བྲིས་པའི་ཆེས་མཐའ་མཇུག་གི་འཕྲིན་པ་ཡིན། ངས་ཁྱོད་ལ་བཅངས་པའི་བརྩེ་བར་རྫོགས་ཚིག་བཀོད་པའི་དན་རྟགས་ཀྱང་ཡིན། འདི་གཅིག་པུ་ལས་རྗེས་མ་ཡོད་མི་སྲིད།

ཐོག་མར་ངས་ཁྱིམ་ཚང་ཟེར་བ་དེར་གོ་བ་བླངས་པ་ནི་འདི་ལྟ་སྟེ། སྐྱིད་ཡོད་ན་སྐྱ་ཀ་ཁྲ་མཉམ་དང་སྡུག་ཡོད་ན་ཕོ་རོག་ནག་མཉམ། སྐྱིད་སྡུག་གང་གི་སྐབས་སུའང་རེ་ས་དང་ཁེན་ས་བསྙེས་ས་ཞིག་ཡིན་ངེས་ལ། ཁྱོ་ག་ལས་ཚོགས་གྲོལ་ནས་ཡོང་དུས་ཆུང་མ་དང་མཉམ་དུ་ཟ་མ་གཡོ་སྐོལ་བྱེད་པ་ལས་ཆུང་མ་ཁེར་མོར་ཁེར་ཟ་ཁེར་འཐུང་བྱེད་དུ་འཇུག་པ་དེ་འདྲ་ཡིན་མི་སྲིད་ཅིང་། ཆུང་མར་མངལ་འཁོར་དུས་ཀྱང་ཁྱོ་གས་ཆུང་མ་ཁྲིད་ནས་མཉམ་དུ་མཆོད་རྟེན་ལ་སྐོར་བ་བྱེད་པ་སོགས་བྱེད་པ་ལས་ཆུང་མ་གཅིག་པུ་ཁེར་འགྲོ་ཁེར་འདུག་ཏུ་བསྐྱུར་བ་དེ་འདྲ་ཞིག་ཡིན་མི་སྲིད་པར། ཁྱོ་གས་ཆུང་མ་ལ་གང་ཐུབ་ཅི་ཐུབ་ཀྱིས་རོགས་རམ་བྱེད་པ་ལས་གྲོགས་པོ་ཟེར་བ་དེ་ཚོ་དང་འགྲོགས་ནས་དུ་ཆང་ལ་མགོ་འཁོར་ཞིང་ཕྱིར་ཁྱིམ་ལའང་མི་ཡོང་བ་ཞིག་ག་ལ་ཡིན། དེ་འདྲ་ཞིག་ཡིན་པ་དྲན་པའི་དགུ་ལ་ཡང་ཤར་མྱོང་མེད། དགོང་མོར་བྱིས་པའི་གཅིན་སྟན་བརྗེ་བ་དང་ནུ་ཁུག་ལྡུད་པ་སོགས་ལ་ཁྱོ་གས་ཀྱང་སྒྲུབ་རོགས་བྱེད་པ་ལས། ཆུང་མ་ཁེར་མོའི་འོས་འགན་བཞིན་ཁྱོ་གའི་གྲིབ་མ་ཙམ་ཡང་མི་མཐོང་བ་ཞིག་ཡིན་མི་སྲིད། རེད་དེ། ཁྱོད་དང་གཉེན་བསྒྲིགས་རྗེས་ངས་ད་གཟོད་ཁྱིམ་ཚང་ལ་བཅངས་པའི་ཐོག་མའི་གོ་དོན་དེ་ནོར་ཡོད་པ་རྟོགས་ཤིང་། གཉེན་སྒྲིག་ཟེར་བའི་མིང་ཚིག་འདིའི་ཕག་ཏུ་བསྐུངས་པའི་རྙོག་འཛིང་ཆེ་ལ་ལྡོག་ཏུ་མེད་པའི་འགན་འཁྲི། ད་དུང་དུས་ཚིགས་ཇི་བཞིན་འགྱུར་འགྲོ་བའི་ཁྱོད་དང་ཁྱོད་ཀྱི་ཡོད་ཚད་ཀྱང་མཐོང་སོང་།

ཁྱིམ་ཚང་འདིའི་ཆེད་དུ། ངས་ཆུང་དུས་ནས་བསྒྲུབས་མ་མྱོང་བའི་ལས་ཀ་དང་དོན་དག་མོད་པོ་ཞིག་རང་ཉིད་གཅིག་པུས་བསྒྲུབས་མྱོང་། ཐ་ན་ང་རང་ཉིད་ཀྱི་བདེ་ཐང་དང་གཟུགས་བྱད། ལོ་ངོ་ཉི་ཤུ་ལྷག་ལ་བསྙོར་ནས་ཡོང་བའི་ཕུགས་བསམ་དང་ལང་ཚོ། གྲོགས་པོ་དང་ལས་གྲོགས་སོགས་ཡོད་ཚད་ཀྱི་ཡོད་ཚད་དོར་ཡོད། འོན་ཀྱང་། ད་ལྟ་ང་ལ་ཐོབ་པ་ནི་ཨ་མ་ཞིག་གིས་ཐེགས་དགོས་པའི་འགན་འཁྲི་ལས་འགོངས་པའི་སེམས་ཁུར་དང་སྙིང་ནད། ད་དུང་ཕྱོགས་ཀུན་ནས་ལྡིང་ཡོང་བའི་གནོན་ཤུགས་འབའ་ཞིག་རེད། འུ་གཉིས་ཀྱིས་སློབ་ཆེན་ལོ་རིམ་གཉིས་པ་ནས་བསྐྱངས་ཏེ་ཡོང་བའི་བརྩེ་དུང་གི་སྡོང་བོར་ཆག་གྲུམ་ཤོར་ཞིང་རྩ་བ་རུལ་བའི་ན་ཟུག དེ་ལས་ཀྱང་ཁྱོད་ཀྱིས་ང་ལ་སྦྱིན་པའི་འཛེམ་མེད་ཀྱི་བར་ཐག་སོགས་ལས་ཅི་ཡང་ཐོབ་མ་མྱོང་། སྔོན་ཆད་རྒན་པ་དག་གིས་གསུངས་ན་གཉེན་སྒྲིག་དོན་ནི་སེམས་ཁུར་བྱེད་མཁན་གཅིག་ཇེ་མང་དུ་འགྲོ་བ་རེད་ཟེར་ཡང་། ང་ལ་མཚོན་ན་སེམས་ཁུར་བྱེད་མཁན་གཅིག་ཇེ་མང་དུ་འགྲོ་བ་ལས་སྙིང་ནད་སློང་མཁན་གཅིག་ཇེ་མང་དུ་ཕྱིན་པ་རེད་ཟེར་ཡང་ཆོག ཡིན་ནའང་། འཇིག་རྟེན་འདིར་སླེབས་ནས་ཟླ་ངོ་ཁ་ཤས་ལས་འགོར་མེད་པའི་བུ་ཆུང་འདིར་ཕ་འཛོམས་མ་འཛོམས་གྱི་ཁྱིམ་གཞིས་ཤིག་བསྐྲུན་ཆེད་དང་། སྔོན་ཆད་ཡོད་མྱོང་བའི་ངེད་གཉིས་ཀྱི་བརྩེ་དུང་གི་རི་མོ་རེ་རེ་ཕྱིར་དྲན་གྱི་ཀློང་དུ་མི་ཚུད་པའི་ཆེད་དུ། ན་ཟུག་རེ་སེམས་ནས་འཕགས་ཀྱང་།འཛུམ་མདངས་ཀྱི་གཞི་མ་དེ་ལས་དབང་ལ་བཅོལ་ནས། བདེ་སྐྱིད་ཀྱི་དྭངས་མ་དེ་མ་འོངས་པར་བསྩལ་ཏེ། ངས་གང་ཐུབ་ཀྱིས་འབད་ཡོད། ནུས་ཚོད་ཀྱིས་བསྒུགས་ཡོད་ཀྱང་། ཁྱོད་ཀྱིས་ངའི་ཕྲག་སྟེང་དུ་འོས་འགན་གཞན་ཞིག་བཀལ་བྱུང་། ངའི་ནང་སེམས་སུ་སྡུག་བསྔལ་གྱི་མཚོ་མོ་བསྐྱིལ་བྱུང་། གཞིས་ཁྱིམ་འདིའི་བདེ་སྡུག་ལ་ཁ་དོག་གཞན་ཞིག་བསྣན་བྱུང་། གཉོམ་ཆུང་གི་སེམས་པ་ཞིག་ལ་སོས་མེད་ཀྱི་རྨ་ཁ་བཟོས་བྱུང་། སེམས་སྐྱ་མོའི་རེ་ཐག་ཆད་སོང་ཟེར་བ་དེ་ལོ་དང་ཟླ་བའི་བར་ནས་དོན་ཆུང་མང་པོ་བསགས་ནས་གྲུབ་པ་ཞིག་ལས་དོན་དག་གཅིག་གིས་གྲུབ་པ་ཞིག་ག་ལ་ཡིན། ད་ནི་གཉེན་སྒྲིག་ཟེར་བ་འདི་ལ་རེ་ཐག་ཆད་སོང་།

ད་ནི་ཁྱོད་ཀྱིས་ང་ལ་བཟུང་བའི་བརྩེ་དུང་གི་ཁ་དོག་འགྱུར་ཡོད་པས། ངས་ཀྱང་ཁྱོད་ལ་སྦྱིན་འདོད་པའི་ཡོད་ཚད་མཚམས་མི་འཇོག་ཐབས་མེད་རེད། ཁྱོད་ཀྱིས་ང་ལ་བརྩེ་དུང་གི་ངོ་བོ་གཞན་དུ་འགྱུར་བའི་སྡུག་བསྔལ་དེ་མྱོང་དུ་བཅུག་པར་ཐུགས་རྗེ་ཆེ།མནར་གཅོད་འདི་ཡོད་པས་རྗེས་མར་ངས་ཀྱང་བརྩེ་དུང་ལ་སྟོང་བསམ་མང་པོ་འཆང་མི་སྲིད།

བྱིས་པར་ན་ཚ་བྱུང་བ་དེ་ཡང་ངས་ཚོད་འཛིན་ཐུབ་པ་ཞིག་ཡིན་ན་ངས་རང་ཉིད་ཀྱི་ལུས་སྟེང་ནས་ཤ་ལོག་ཅིག་གཞོག་དགོས་རུང་འགྱོད་པ་མེད། ཁྱོད་ཀྱིས་ནམ་རྒྱུན་ངའི་སྒོར་མོ་དག་ཀྱང་ཁྱོད་ལ་བྱིན་ཟེར། དེས་ན་གློག་རིན་དང་ཆུ་རིན། ཁྱིམ་ཚང་གི་རྒྱུན་སྤྱོད་མཁོ་ཆས། ཟས་ཐུན་རེ་རེའི་ཟ་མ། བྱིས་པར་དགོས་པའི་འོ་མ་དང་གཅིན་སྟན་སོགས་ཚང་མ་ནི་སྒོར་མོ་བཀོལ་དགོས་ས་འབའ་ཞིག་ཏུ་འདུག་པ་ལས་ང་རང་ཉིད་གཅིག་པུས་བཀོལ་བ་གཏན་ནས་ཡིན་མི་སྲིད།

མདོར་ན། ཁྱིམ་ཚང་འདི་དང་བྱིས་པ་འདི་ང་གཅིག་པུའི་ཡིན་ནམ། ཡིན་མི་སྲིད་པས། ད་ནི་ངས་ཀྱང་གནམ་གྲུ་ཐང་ནས་མཚོ་གྲུ་དེ་ལ་མི་སྒུག་པར་ང་རང་ཉིད་གནམ་གྲུ་དེའི་ཁ་ལོ་པ་བྱས་ཏེ་བོར་ཟིན་པའི་རང་ཉིད་འཚོལ་རྒྱུ་ཡིན། བདེ་མོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།