ཀྲུང་གོ་བོད་ཀྱི་དྲ་བ།

གསེར་སོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : གངས་ཁ་བ།   སྤེལ་དུས། : 2022-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག

དོ་དགོང་གི་ཟླ་འོད་འཆར་སྟངས་འདི་ནི་ཅི་འདྲའི་སྙིང་ལངས་སྤྱད་ཅིག་རེད་ཨང་། ཧམ་སེམས་དང་གདུག་རྩུབ། ཁེར་རྐྱང་གིས་མནར་བའི་ཟླ་འོད་དེ་ཐད་ཀར་མལ་ཁྲིའི་འཁྲིས་སུ་བཀལ་བའི་སྨྱུག་ཟེའུ་ནང་གི་མེ་ལོང་ཆུང་ཆུང་དེའི་སྟེང་དུ་འཕྲོས་ཤིང་། སླར་ཡང་ལྡོག་འཕྲོ་བྱས་ཏེ་མལ་ཁང་གི་སྒེའུ་ཁུང་ཁར་ཉལ་བའི་གསེར་སོའི་ངོ་གདོང་ཧྲིལ་པོར་འཕྲོས་འདུག ཁོས་ཕར་བལྟས་པ་ན། མེ་ལོང་དེ་ལས་ཁོས་འོད་ཀྲིག་ཀྲིག་བྱེད་པའི་རང་གི་གསེར་གྱི་མདུན་སོ་གཉིས་ཀ་མཐོང་འོངས། དེ་དང་བསྟུན་ནས་སྐྱོ་ལ་སྡུག་པའི་འདས་སོང་གི་དོན་དག་མང་པོ་ཞིག་ཁོའི་དྲན་ངོགས་སུ་གཟུགས་བརྙན་བཞིན་ཤར་བྱུང་།

“གསེར་སོ། རྗེས་མ་ང་ལག་ཆགས་རྗེས་ཁྱོད་ཀྱི་ཆུང་མ་བྱེད་དུས་ངས་ཀྱང་མདུན་སོ་གཉིས་ཀ་གསེར་གྱིས་ཤན་ན་ཨེ་ཆོག”ཅེས་གསེར་སོའི་ཁ་གཏད་ན་ལངས་བསྡད་ཡོད་པའི་ཡག་མོའི་མིག་གིས་ཐད་ཀར་གསེར་སོའི་གདོང་ལ་བལྟས་ནས་དེ་ལྟར་བཤད་དུས། ཁོའི་མིག་ལམ་དུ་ཤར་ཡོང་བ་ནི་ཡིག་མཁན་གང་ཞིག་གིས་ཡོན་ཏན་མ་ལུས་རྩལ་དུ་སྤྲུགས་ཏེ་བྲིས་པའི་དབྱངས་ཡིག་ན་རོ་གཉིས་དང་འདྲ་བའི་མོའི་སྨིན་མ་གཉིས་ཀ་དང་། ཚེས་ཆེན་བཅོ་ལྔའི་ཟླ་བ་ལྟ་བུའི་མིག་ཟུང་ལས་གསེར་སོ་ཁོ་ནར་དབང་ཞིང་གསེར་སོ་ཁོ་ནས་མཐོང་ཐུབ་པའི་མིག་མདངས་རྣོན་པོ་དེས་ཏབ་ཅིག་ལ་ཁོའི་ལུས་ཁམས་ཡོངས་སུ་སྨྲ་མི་ཤེས་པའི་ཚོར་བ་ཞིག་ཁྱབ་ཏུ་བཅུག་ཅིང་། ཁོའི་ངོ་གདོང་ཧྲིལ་པོར་ཡང་སུ་ཞིག་གིས་ཆུ་ཁོལ་ཕོར་བ་གང་གཏོར་བ་ནང་བཞིན་ཚ་ལམ་ལམ་བྱེད། ཁོས་ཅི་བཤད་འདི་བཤད་མེད་པར།

“ཡ་ཡ”ཞེས་ལན་སྟབས་བདེ་ཞིག་བཏབ།

གཉིས།

གཏམ་རྒྱུད་འདི་ནི་ཏག་ཏག་ལོ་ངོ་དགུའི་སྔོན་གྱི་གཏམ་རྒྱུད་ཅིག་རེད། དེ་ནི་གསེར་སོ་དང་ཡག་མོ་གཉིས་ཀ་སློབ་ཆུང་ནས་སློབ་མཐར་ཕྱིན་པའི་ལོ་རེད། ལོ་དེ་ནི་ཕ་ཡུལ་གྱི་ལོ་ལོན་ཚོས་བཤད་ན་གཡང་ལོ་ཞིག་སྟེ། འབབ་ཞོད་ཆེ་ཞིང་ཕྱུགས་ཟོག་གི་འཕེལ་ཁ་བཟང་བའི་ལོ་ཞིག་ཡིན་ཟེར། གོས་ལྗང་སྨུག་ཐང་ལ་ལྷུང་འདྲའི་གཡུ་གཞོང་རྩྭ་ཐང་ནི་དམར་པོ་བྱུ་རུའི་མེ་ཏོག སེར་པོ་གསེར་གྱི་མེ་ཏོག སྔོན་པོ་གཡུ་ཡི་མེ་ཏོག དཀར་པོ་དུང་གི་མེ་ཏོག་སོགས་མེ་ཏོག་སྣ་བརྒྱས་བརྒྱན་ཞིང་། དར་དཀར་པོ་ལྟ་བུའི་འབྲུག་དཀར་ཆུ་བོས་སྤང་མེ་ལོང་འདྲ་བོ་གཞོགས་གཉིས་སུ་བཅད་དེ་ལྷུང་ལྷུང་དུ་འབབ་ཅིང། ཆུ་བོའི་འགྲམ་ངོགས་གཉིས་སུ་སྦྲ་ནག་དང་རས་གུར་མང་པོ་ཕྲེང་བསྟར་བསྒྲིགས་ནས་ཕུབ་ཡོད་ལ། སྦྲའི་ཁ་ཚུབ་དག་ལས་མཆེད་པའི་སྔོ་ལྗང་གི་དུ་བས་གཡུ་གཞོང་རྩྭ་ཐང་ཁུད་དུ་གཅུད་དེ་རེས་གསལ་རེས་མོག་ཏུ་མངོན་ཡོང་། སྤྲིན་དཀར་ཆད་འདྲའི་ལུག་ཁྱུའི་འབའ་ལྡིར་གྱིས་རི་ལུང་ཐང་གསུམ་ཁེངས་ཤིང་ནོར་ཁྱུ་རྫ་ལ་ཡན་པའི་ངུར་སྒྲས་ཁམས་གསུམ་རྨེག་མེད་དུ་བཏང་ཨེ་ཡོང་སྙམ་པའི་སྣང་བ་སྟེར། ད་དུང་སྒོ་ཁྱིའི་ཟུག་སྐད་དང་འབྲི་མོའི་བཞོ་དབྱངས། འབྲོག་མོའི་དགོད་སྒྲ། གཡུ་གཞོང་རྩྭ་ཐང་ནི་དངོས་གནས་མིང་དོན་དང་མཚུངས་པའི་འབྲོག་སྡེ་མར་ཁུ་འཁྱིལ་འདྲ་ཞིག་རེད་ཨང་།

གསེར་སོ་མལ་སའི་ནང་ནས་ཡར་འཕག་མར་འཕག་འགའ་བྱས་རྗེས་ཁེར་ཆད་དུ་ལུས་པའི་ཟླ་འོད་དེ་ལ་ལྟ་བཞིན་སྔར་ལྟར་ཡག་མོ་དང་ཁོ་གཉིས་ཀའི་འདས་སོང་གི་དོན་དག་ལ་ཕྱིར་དྲན་བྱས།

ཏག་ཏག་ཡག་མོ་དང་གསེར་སོ་གཉིས་སློབ་ཆུང་མཐར་ཕྱིན་པའི་དབྱར་གནང་གི་ཉིན་ཞིག་ལ། ཁོ་གཉིས་ཀྱིས་བེའུ་དེད་ནས་འབྲུག་དཀར་གཙང་འགྲམ་གྱི་ན་ཁུག་ཅིག་ལ་བསྐོར་རྗེས་ཡག་མོས་ཁོ་དང་ཅུང་བར་ཐག་ཡོད་པའི་ན་འབུར་ཞིག་གི་གུད་དུ་མེ་ཏོག་འཐུ་བཞིན་འདུག ཅུང་ཙམ་འགོར་རྗེས་ཡག་མོ་ཁོའི་མདུན་དུ་བརྒྱུགས་ཡོང་ནས།“གསེར་སོ། གསེར་སོ། ཁྱོད་ཀྱིས་མིག་ཚུམས་དང་། མིག་ཚུམས་དང་། ངས་ཁྱོད་ལ་ཅིག་སྟེར།”ཞེས་མོའི་ལག་པ་གཉིས་ཀ་རྒྱབ་ལག་བྱས་ཏེ་གདོང་ལ་འཛུམ་ལྷུག་ལྷུག་ངང་དེ་ལྟར་ཟེར། ཁོས་ཀྱང་མོས་ཁོ་ལ་ཅི་ཞིག་སྟེར་རམ་སྙམ་པའི་ཤེས་འདོད་ཀྱི་ཀུན་སློང་ཞིག་གིས་མིག་གཉིས་ཤུགས་ཀྱིས་བཙུམས། “གསེར་སོ། ཁྱོད་མར་ལ་སྒུར་དང་། ང་མི་རྩེབ་ཀི”ཞེས་ཁོའི་མགོ་ཐོག་ཏུ་དངོས་པོ་ཞིག་ཁྱེར་ཡོང་ནས་རེག་ཙམ་རེག་ཙམ་བྱས་ཤིང་། དེ་ནས་མོ་ཕྱི་སྣུར་འགའ་བྱས་ཏེ་ཁོ་ལ་ལྟ་ཞིང་། ཡང་བསྐྱར་ཁོའི་མགོ་ཐོག་ཏུ་རེག་ཙམ་རེག་ཙམ་བྱས་རྗེས། ཁོའི་ལག་པ་ནས་བཟུང་སྟེ་མདུན་ཕྱོགས་སུ་གོམ་པ་བཅུ་ཙམ་སྤོས་རྗེས། ད་གཟོད་དགོད་བཞིན་དུ“ད་ཡིན། མིག་ཕྱེ་དང་ཆོག” ཅེས་བཤད། ཁོས་ཅི་ཞིག་ཤེས་འདོད་ཀྱི་མིག་ཟུང་ཆེས་ཆེར་བགྲད་ནས་བལྟས་ཚེ། ཁོ་གཉིས་འདུག་སའི་གནས་དེ་ནི་སྔོན་གྱི་ཁ་མལ་དེ་མ་ཡིན་པར་ཆུ་འཁྱིལ་གོར་མོ་ཞིག་གི་ཁ་རུ་སླེབས་འདུག ཆུ་འཁྱིལ་དེ་ལས་ཁོས་ཐོག་མར་མཐོང་བ་ནི་ཡག་མོ་དང་ཁོ་གཉིས་ཀྱི་གཟུགས་བརྙན་ཡིན་ལ། དེ་ནས་ཁོས་ཆུ་ནང་དུ་ཤར་བའི་རང་ཉིད་ཀྱི་གཟུགས་བརྙན་ལ་ལྟ་དུས། ཁོའི་མགོ་ཐོག་ཏུ་ཁ་དོག་མི་གཅིག་པའི་མེ་ཏོག་སྣ་ཚོགས་ཀྱིས་བསླེས་པའི་ཞྭ་མོ་ཞིག་མཐོང་ཡོང་ལ། ཞོར་དུ་ཡག་མོའི“སྐད་ཆ་བཤད་མཁས”ཀྱི་མིག་ཟུང་གཉིས་ཀ་ཀེམ་ཀེམ་དུ་གཡོ་བཞིན་ཁོ་ལ་བལྟས་ཡོད་པའང་མཐོང་ཡོང་། སྐབས་དེར་ཁོ་ནི་བརྩེ་དུང་དང་བྱམས་བརྩེས་ཕྱུག་རུང་། གཏོང་ཕོད་དང་སྙིང་སྟོབས་ཀྱིས་ཁེངས་རུང་། ཁོས་མོ་ལ་ཅི་ཞིག་སྟེར་འདོད་ཀྱི་ལག་ཟུང་དེ་ཇི་ལྟར་བསྲིངས་རུང་། ཇེ་ཐུང་ནས་ཇེ་ཐུང་རེད། ཡིད་སེམས་ཇེ་འཚུབ་ནས་ཇེ་འཚུབ་རེད།

འདི་ལྟར་ཁོ་རང་ཉིད་ཀྱི་ལག་ཟུང་སྟོང་བ་འདི་ལ་ཧད་ནས་ག་ཙམ་འགོར་བ་མ་ཤེས་ཤིང་། ཁོས་འདི་ལྟར་རེས་འཇགས་རེས་འཕྱོ་ཡི་སེམས་ཀྱི་འཚུབ་ཆ་འདི་ལ་མཉན་ནས་ཅི་ཙམ་སོང་བ་མ་ཚོར། སྐབས་དེར་ཡག་མོས་ཁོའི་རྣམ་ཤེས་བྲལ་བའི་སྣང་བརྙན་འདི་མཐོང་སོང་བ་ཡིན་ནམ་ཆ་མ་འཚལ་ཡང་། སླར་ཡང་མིག་གཉིས་ཁོའི་གདོང་ལ་གཏད་ནས་འདི་ལྟར་ལབ་སོང་། “གསེར་སོ། ཁྱོད་ཀྱི་སོ་དེ་གཉིས་ཡག་པོ་འདུག རྗེས་མ་ང་ལག་ཆགས་ན། མ་རེད། རྗེས་མ་ང་ལག་ཆགས་ནས་ཁྱོད་ཀྱི་ཆུང་མ……”ཞེས་ཡག་མོས་སྐད་ཆ་བཤད་ནས་མ་ཚར་གོང་ལ། ཕ་གིའི་ཐོད་ཐོག་ནས་ཡག་མོའི་ཨ་མས་བེའུ་རྣམས་ལུང་མཐིལ་གྱི་བཞོན་མར་འདྲེས་རྒྱུ་རེད་ཅེས་འབོད་བརྡ་ཡང་ཡང་བཏང་སོང་། དེ་འཕྲལ་ཁོས་ཡག་མོར་བཀའ་དྲིན་ཆེ་ཞེས་ཚིག་འབྲུ་གཅིག་ཀྱང་བཤད་ལོང་མ་བྱུང་བར་མོ་རང་ཤར་སེར་བེའུ་རྫིར་བརྒྱུགས་སོང་། ཁོས་འདི་ལྟར་མོའི་རྒྱབ་ངོས་སུ་གཡུག་བཞིན་པའི་ལན་བུ་དེ་དང་དེའི་སྣེ་རུ་དཀྲིས་པའི་སྐྲ་མདུད་ལྗང་གུ་དེ་ལ་ཅེར་ནས་མོའི་རྒྱབ་གཟུགས་ལུང་མདོ་དེ་ནས་ཡལ་རག་བར་དུ་མིག་སྐྱེལ་བྱས།

གསུམ།

མལ་ཁང་གི་སྒེའུ་ཁུང་ལས་མཆེད་ཡོང་བའི་ཟླ་འོད་དེ་དུས་ཡུན་རིང་པོར་གསེར་སོའི་གདོང་ལ་ལྡོག་འཕྲོ་བྱས་པས། ཁོའི་བསམ་པར་དོ་དགོང་གི་ཟླ་འོད་འདིའི་ནང་དུ་གཟུགས་མེད་ཀྱི་དངོས་པོ་མང་པོ་ཞིག་གིས་ཁོ་ལ་མནར་གཅོད་གཏོང་གིན་ཡོད་པའི་སྣང་བ་ཞིག་སྐྱེས་ཤིང་། དེ་འཕྲལ་ཁོས་སྒེའུ་ཡོལ་དེ་ཤག་སེར་ཚུར་འཐེན་ནས་སྒེའུ་ཁུང་ལས་འཕྲོས་པའི་ཟླ་འོད་དེ་མི་མངོན་པའི་དབྱིངས་སུ་ཡལ་བར་བྱས། ཁོ་རང་སྡོད་སའི་མལ་ཤག་ཆུང་ཆུང་དེར་སྔར་ལས་ལྷག་པའི་མུན་པ་ཇེ་མཐུག་ཏུ་སོང་ཞིང་། མལ་གྲོགས་ཚོའི་ཤིན་ཏུ་ཞིམ་པའི་སྔུར་བ་རེ་རེས་ཁོ་ལ་སྔར་ལས་ལྷག་པའི་ཁེར་རྐྱང་གི་གདུང་བ་ཞིག་དང་གཉིད་མི་ཁུགས་པའི་ཚོར་བ་ཞིག་ཀུན་ནས་འཚངས་པར་བྱས་པས། གསེར་སོས་སྔས་འོག་ཏུ་གློང་ཙམ་གློང་ཙམ་བྱས་རྗེས་དུ་བ་རྐང་ཐུར་གཅིག་མེར་བསྒྲོན་ནས་རྔུབ་འཐེན་འགའ་བྱས་ཏེ་ཡང་བསྐྱར་འདང་རྒྱག་གི་རི་ལུང་ཉུལ།

“ཁྱེད་ཀྱི་མིག་ཟུང་ལས

ངས་དཔྱིད་ཀ་མཐོང་སོང

ཁྱེད་ཀྱི་མིག་ཟུང་ལས

ངས་རང་ཉིད་མཐོང་སོང

རང་ཉིད་ཀྱི་སང་ཉིན་མཐོང་སོང”ཞེས་སྙན་ངག་ཡིན་ལ་མ་ཡིན་པ་ཞིག་ཁོས་ང་རྒྱལ་གྱིས་བྲིས་ཤིང་དེ་མུར་ཁོས་རང་གི་གྲལ་མཚེས་ལ་བསྟན་པས། གྲལ་མཚེས་ཀྱིས་ཀྱང་ཁོ་ལ་གདེང་འཇོག་མཐོན་པོ་གནང་པས། ཁོས་འཕྲིན་ཡིག་དེ་ཁྱེར་ནས་ཡག་མོ་ཡོད་སའི་འཛིན་གྲྭའི་སྒོ་ཁར་བརྒྱུགས་ཏེ་སྒོ་སྲུབ་ནས་ཐོག་མར་མོ་ལ་ལྐོག་ལྟ་ཞིག་བྱས། ཡག་མོ་སློབ་ཁང་གི་གྲུ་ཟུར་ཞིག་ཏུ་བསྡད་དེ་ཅི་ཞིག་ནན་ཏན་གྱིས་འབྲི་བཞིན་པའི་རྣམ་འགྱུར་དེས་ཁོ་ལ་གློ་བུར་དུ་བྲེལ་སྣང་ཞིག་དང་དགའ་སྣང་ཞིག་སྦྱིན་བྱུང་། དེ་ནས་ཁོས་སྒོར་ཡོང་བཞིན་པའི་མགོན་མོའི་ལག་ཏུ་འཕྲིན་ཡིག་དེ་འཚབ་བེ་འཚུབ་བེའི་ངང་བཞག་ནས་ཡག་མོར་སྟེར་དགོས་པའི་རྣམ་འགྱུར་ཞིག་བསྟན་རྗེས་ཕྱིར་སློབ་ཁང་དུ་སོང་ནས་སྟོང་འདང་གི་གཡང་ལ་ལྷུང་སོང་།

“མོས་ཅི་ཞིག་འབྲི་བཞིན་ཡོད་དམ། ལས་བྱ་འབྲི་བ་ཡིན་ནམ། ཡང་ན་རི་མོ་འབྲི་བ་ཡིན་ནམ། མ་རེད། མོས་ཁོ་ལ་འཕྲིན་ཡིག་ཅིག་འབྲི་བཞིན་པ་ཁོ་ཐག་རེད།”ཅེས་ཁོས་དེ་ལྟར་རིག་འདེད་སྟབས་བདེ་ཞིག་བྱས་ཤིང་མཇུག་མཐར་ཚིག་ཐག་ཆོད་པའི་སྒོ་ནས་དེ་འདྲའི་ཁེར་ལབ་ཅིག་ཤོར་སོང་།

“གཅིག་གཉིས་གཅིག གཅིག་གཉིས་གཅིག”

གཡུལ་ལ་ཆས་པའི་དམག་ཁྱུ་ཞིག་དང་འདྲ་བའི་འཛིན་གྲྭ་རེ་རེ་ཕྲེང་བསྟར་བསྒྲིགས་ཏེ་འགྲོས་མཉམ་པའི་གོམ་སྒྲ་དང་གདངས་མཉམ་པའི་སྐད་སྒྲས་ལྷིང་འཇགས་ཀྱི་ཁོར་ཡུག་འདི་སྐད་ཅིག་ཉིད་ལ་ཁྱུར་མིད་དུ་བཏང་སོང་། ཁོས་མོ་མཐོང་ཆེད་དུ་འཛིན་གྲྭའི་གྲལ་མཐའ་ཞིག་ཏུ་བསྒྲིགས་ནས་མདུན་ཕྱོགས་ཀྱི་འཛིན་གྲྭ་དེ་ལ་མིག་ཉུལ་ཡང་ཡང་བྱས།

“གསེར་སོ། དྲང་མོར་སྒྲིགས།” འཛིན་དཔོན་གྱིས་སྐད་འགྲགས་ཀྱི་སྒོ་ནས་དེ་ལྟར་བཤད་པས། སློབ་གྲོགས་ཚོའང་འུར་ཆིལ་ལེར་བགད་བྱུང་། སྐབས་དེར་ཁོས་ད་གཟོད་རང་ཉིད་འཛིན་གྲྭ་དང་ཁ་གྱེས་ཏེ་མདུན་དུ་རྒྱུག་བཞིན་པ་མཐོང་སོང་།

“གཅིག་གཉིས་གཅིག གཅིག་གཉིས་གཅིག”

ཕ་གིའི་རྒྱུགས་རྟགས་ཀྱི་དཀྱོགས་མཚམས་དེ་ནས་ཁོས་ད་གཟོད་ཡག་མོ་མཐོང་བྱུང་། མོ་གྲལ་ཤར་གཉིས་པའི་གྲལ་མཐའ་རུ་བསྒྲིགས་འདུག་པ་མཐོང་བྱུང་། ཁོས་མོའི་རེས་གསལ་རེས་མོག་གི་རྒྱབ་གཟུགས་མཐོང་བྱུང་། སྦོམ་ཞིང་རིང་བའི་ལན་བུ་མཐོང་བྱུང་། ད་དུང་མོ་རང་ཆེས་དཀྲི་བར་དགའ་བའི་སྐྲ་མདུད་ལྗང་གུ་དེ་མཐོང་བྱུང་། དེ་ལྟར་དུས་ཚོད་ཕྱེད་ཀའི་རིང་གི་ལུས་སྦྱོང་དེ་སྐད་ཅིག་སྐད་ཅིག་ཙམ་ལ་འདས་སོང་། ཁོས་ཡག་མོའི་རྒྱབ་གཟུགས་ཙམ་མཐོང་བའི་དུས་ཐུང་ཡང་དེ་ལྟར་ཚར་སོང་།

གསེར་སོས་ནངས་ཇ་འཐུང་རྗེས་ཡག་མོས་ཅི་བྱེད་ལ་རྒྱུས་ལོན་ཞིག་བྱ་ཆེད། ཁོ་ཐོག་ཁང་གི་མདུན་སྒོ་ནས་ཐད་ཀར་ནང་དུ་མ་འཛུལ་བར་ཐོག་ཁང་གི་གཡས་ཕྱོགས་ཀྱི་སྒོ་ནས་ནང་དུ་འཛུལ་ཏེ་ཡག་མོ་ཡོད་སའི་འཛིན་གྲྭའི་ནང་དུ་མིག་ཉུལ་ཞིག་བྱས་རྗེས། ཡག་མོ་སློབ་ཁང་དུ་མེད་པས་ཁོའི་སེམས་ལ་གར་ཡོང་མི་ཤེས་པའི་སྐྱོ་སྣང་ཞིག་དང་བཅས་ལྗིད་ཏིག་ཏིག་གི་གོམ་པའི་འདེགས་འཇོག་རང་གི་སློབ་ཁང་གི་ཕྱོགས་སུ་བསྒྱུར། ཁོ་སློབ་ཁང་ནང་དུ་འཛུལ་མ་ཐག་ཁོའི་མདུན་ཅོག་སྟེང་དུ་སྙིང་གི་དབྱིབས་ལྟར་ཞིབ་ཚགས་ངང་ལྟེབ་ཡོད་པའི་ཤོག་དཀར་སྙིང་རྗེ་བོ་ཞིག་མིག་ལ་མངོན་བྱུང་བས། ཁོས་མྱུར་དུ་ཤོག་དཀར་དེ་ལག་ཏུ་བཟུང་ནས་ཕུར་ཙམ་ཕུར་ཙམ་བྱས་ཤིང་། དེ་ནས་སེམས་ཆུང་ངང་ཁ་འབྱེད་དུས། མིག་ལམ་དུ་གྲལ་མཉམ་ཞིང་བྲིས་ལེགས་པའི་ཚིག་ཕྲེང་འདི་དག་ཤར་ཡོང་།

“ས་གཡུ་གཞོང་ཟེར་ན་རང་ཡུལ་རེད། །

ཕོ་གསེར་སོ་ཟེར་ན་རང་མྱི་རེད། །

དགྲ་ནག་པོའི་བར་ཆད་མ་ཡོང་ན། །

སྦྲ་མཐིང་སྨུག་གཅིག་གི་ནང་ལུང་རེད། །”ཅེས་བྲིས་ཡོད་ཅིང་ད་དུང་ཤོག་དཀར་དེའི་འགབ་ཀྱི་གྲུ་སྣེ་ཞིག་ཏུ་སྣུམ་སྨྱུག་སྔོན་པོས“འཕྲིན་ལན་འབྲི་མཁན་ཡག་མོ་ནས”ཞེས་བཀོད་འདུག གསེར་སོས་འཕྲིན་ཡིག་དེ་དབུགས་ཐེངས་གཅིག་གིས་བཀླགས་ཏེ་ཤོག་བུ་དེ་ཕར་སྐོར་ཚུར་སྐོར་ལན་འགའ་བྱས་རྗེས་སེམས་སུ་འཕྲིན་ཡིག་དེ་ཧ་ཅང་ཐུང་དྲགས་པའི་ཉམས་སྣང་ཞིག་སྐྱེས་བྱུང་།

“སློབ་ཁྲིད་འཚོགས།”

“དགེ་རྒན་བཟང་།”

དགེ་རྒན་ཁྲིད་སྟེགས་སྟེང་བུད་དེ་སྐད་མགོ་གསལ་ལ་མི་གསལ་བ་ཞིག་གིས་ཐུན་སྔོན་མའི་ཁྲིད་མཚམས་དང་མཐུད་ནས་སློབ་ཁྲིད་བྱེད་མགོ་བརྩམས་བྱུང་། གསེར་སོས་སློབ་ཁྲིད་དེ་རྣ་རྒྱབ་ཀྱི་རླུང་ལ་བསྐུར་ནས་ལན་རེར་འཕྲིན་ཡིག་དེའི་ཁ་ཕྱེ་ནས་ལྟ་བཞིན་ཡོད་ལ། ལན་རེར་འཕྲིན་ཡིག་དེའི་ལྟེབ་གཉེར་རེ་རེ་ལ་བལྟས་ནས་སྔར་གྱི་ལྟེབ་སྲོལ་ལྟར་ལྟེབ་བཞིན་ཡོད། ཡང་ལན་རེར་གང་ཞིག་ལ་འདང་མ་ཕོག་པ་ལྟར་ཁ་ནང་དུ་སྨྱུ་གུ་བཙུགས་ཏེ་བསམ་གཞིག་གི་རྒྱ་རུ་ཚུད།

བཞི།

གསེར་སོ་གློ་བུར་དུ་མལ་སའི་ནང་ནས་ཡར་ལངས་ཏེ་སྤྱོད་ཁང་དུ་བརྒྱུགས་ཤིང་། དེ་ནས་གཅིན་པ་ཤག་སེར་བཏང་རྗེས། གླལ་སྒྱིང་འགའ་བྱེད་བཞིན་ཕྱིར་མལ་ཁང་དུ་ཡོང་ནས་མལ་ཁྲིའི་སྟེང་དུ་འགོས། སྔས་འབོལ་ཡང་བསྐྱར་ཇེ་བདེ་རུ་བཏང་ནས་བདེ་ཞིང་སྐྱིད་པའི་གཉིད་ཅིག་ཁུགས་པར་རྩོམ་དུས། ཏག་ཏག་མལ་གྲོགས་སངས་རྒྱས་ཀྱི་སྦོམ་ཞིང་རིང་ལ་མཚམས་ཆད་རྒྱུ་མེད་པའི་སྔུར་བ་དང་འབྲུ་མི་གསལ་བའི་རྨི་བཤད་དེ་དག་གིས་ཁོ་ལ་བསམ་གཟས་ཏེ་བརྙས་བཅོས་གཏོང་བ་ནང་བཞིན་གཉིད་ཀྱི་ས་བོན་ཡང་ནས་ཡང་དུ་བཅོམ་ཞིང་མཐར་མི་མངོན་པའི་དབྱིངས་སུ་སྤུར། སྐབས་དེར་གསེར་སོས་ཁོང་ཁྲོ་དང་སུན་སྣང་འདྲེས་མའི་ཚོར་སྣང་ཞིག་དང་མཉམ་དུ་སྔས་འོག་ནས་ཡང་བསྐྱར་དུ་བ་ཞིག་བླངས་ཏེ་མེ་བསྒོས་ཤིང་རྔུབ་འཐེན་འགའ་བྱས་རྗེས་དབུགས་རིང་ལེན་བཞིན། ཡག་མོ་དང་འབྲེལ་བའི་དོན་དག་མང་པོ་ཞིག་ལ་ཕྱིར་དྲན་བྱེད་མགོ་བརྩམས། “གསེར་སོ། ཁྱོད་སློབ་ཆེན་གང་ཞིག་ལ་འགྲོ་བསམ་ཀི”ཞེས་ཡག་མོས་དཔེ་ཆའི་སྟེང་དུ་འཕྲོས་པའི་ཉི་ཟེར་གྱི་འཚེར་སྣང་དེར་མིག་གིས་ཐད་ཀར་ལྟ་མ་ཐུབ་པར་མིག་ཕྱེད་བཙུམས་ནས་གསེར་སོར་དེ་ལྟར་ལབ། གསེར་སོས་མིག་གིས་ཡར་ལྟ་མར་ལྟ་ཞིག་བྱས་རྗེས།“ཁྱོད་ཀྱིས་གང་ལ་རྒྱུགས་འཕྲོད་ན་ངའང་དེར་འགྲོ་བསམས”ཞེས་དབུགས་རིང་ཞིག་འཐེན་བཞིན་མིག་ཟུང་རི་མོར་བྲིས་པ་ལྟར་གཡོ་བ་མེད་པར་ཡག་མོའི་གདོང་ལ་བལྟས་ཏེ་བསྡད། དེ་ལྟར་ཡག་མོའི་བཞིན་ལའང་འཛུམ་པའི་མདངས་ཤིག་ཕྱུང་སྟེ་མོ་ཡང་ཁོའི་དྲན་ཚུལ་དང་གཅིག་མཚུངས་ཡིན་པའི་རྣམ་འགྱུར་བསྟན་བྱུང་། དེ་ལྟར་ཁོ་གཉིས་ཀྱིས་ཉེ་སྔོན་མཐོ་རྒྱུགས་ལ་གྲ་སྒྲིག་བྱས་པའི་གནས་ཚུལ་དང་ཚོད་རྒྱུགས་རེ་རེའི་སྐར་མ་སོགས་ཁ་བརྡ་གང་འཚམ་རེ་བྱས་རྗེས། དེ་དག་གི་ཁྲོད་བྱུང་བའི་གནོན་ཤུགས་དང་དངངས་སྐྲག་སོགས་རེ་ཞིག་བཤད་འཕྲོར་བསྐྱུར་ནས་དོན་དག་གཞན་ཞིག་གླེང་མགོ་བརྩམས། ལན་རེར་གསེར་སོ་བགད་དེ་ཁོའི་ཁ་ནང་གི་གསེར་སོ་གཉིས་ཀ་འོད་ལམ་ལམ་བྱེད་བཞིན་པ་མཐོང་ཡོང་ལ། ལན་རེར་ཡག་མོས་ལག་པ་གཉིས་ཀས་གདོང་ཡོངས་བཀབ་སྟེ་ཧབ་དགོད་བྱེད་བཞིན་པ་མཐོང་ཡོང་། མཚམས་རེར་གསེར་སོའི་ལག་པ་གཉིས་ཀ་ཡག་མོའི་ཕྲག་སྟེང་དུ་བཞག་སྟེ་བྱ་རྒྱལ་རྒོད་པོས་གཤོག་ཟུང་བརྐྱངས་པ་བཞིན་སྐྱེས་པ་ཕོ་ཞིག་གི་རྫིག་ཉམས་སྟོན་བཞིན་ཡོད། ཡང་མཚམས་རེར་ཡག་མོས་སེན་མོའི་བར་ནས་དངོས་པོ་རྩ་ཆེན་ཅི་ཞིག་བོར་སོང་བ་ནང་བཞིན་སེན་བར་བསལ་ནས་འདུག་ཅིང་བར་བར་ནས་དོན་དག་གང་ཞིག་ལ་ཡིད་འཐད་འབྱུང་བཞིན་ལོས་ཡོད་སྙམ་པའི་བཟོ་ལྟའང་སྟོན་གྱིན་འདུག དེ་ལྟར་དཔྱིད་ཉི་རིང་མོ་དེ་གཟུར་ནས་ད་ནི་སློབ་གྲྭའི་ལུས་སྦྱོང་ར་བའི་ཕྱེད་ཀའང་གྲིབ་མས་བཟུང་སོང་། གཞོན་ནུ་ཕོ་མོ་དེ་གཉིས་ཀའི་ལྷད་མེད་ཀྱི་དགོད་སྒྲ་དང་ཡལ་མེད་ཀྱི་འཛུམ་མདངས་ཀྱིས་ཡུན་རིང་ཞིག་ལ་ཁོར་ཡུག་གི་ལྷིང་འཇགས་དཀྲོགས་ཤིང་སློབ་བུ་མང་པོ་ཞིག་གི་ཡིད་སེམས་སུ་ཉར་བའི་དོན་དག་མང་པོ་ཞིག་ལ་སྙིང་ཕུར་བརྡབས་སོང་།

“སིང་སིང་སིང་། སིང་སིང་སིང་།”

གློ་བུར་དུ་ནུབ་ཚོགས་ཀྱི་ཚོགས་བརྡ་བརྒྱབ་བྱུང་། སློབ་གྲོགས་རྣམས་རང་རང་ས་ནས་སློབ་ཁང་གི་ཕྱོགས་སུ་སྒྱིད་ལུག་གིས་འགྲོ་བཞིན་ཡོད་ཅིང་། གསེར་སོ་དང་ཡག་མོ་གཉིས་ཀས་ཀྱང་དུས་ཚོད་འདི་མགྱོགས་དྲགས་སོང་སྙམ་པའི་ལེ་བདའ་ཞིག་དང་བཤད་མ་ཚར་བའི་སེམས་གཏམ་དེ་དག་གི་བཤད་འཕྲོ་སེམས་སུ་ཉར་ནས་སློབ་ཁང་གི་ཕྱོགས་སུ་སྐྱོད་ཀྱིན་ཡོད། དེ་ལྟར་རིམ་གྱིས་ས་ཆེན་ལ་གྲིབ་སོ་གོན་ཞིང་རྒྱང་མིག་ཀྱང་ཆད་དེ། མུན་པའི་རྩ་བ་འབྱིན་བྱེད་ཀྱི་གློག་སྒྲོན་དེ་དག་ག་ས་གང་དུ་ཁྲ་ལམ་མེར་བཀར་བྱུང་།

ལྔ།

གསེར་སོས་མལ་སའི་ནང་ནས་ཕར་འཕག་ཚུར་འཕག་འགའ་བྱས་ཤིང་། དེ་ནས་ལག་པ་འཁྲིས་ཀྱི་མལ་ཁྲིའི་ཁར་བཀལ་བའི་སྨྱུག་ཟེའུ་ནང་དུ་བསྲིངས་ནས་ཁ་པར་བླངས་ཏེ་དུས་ཚོད་ལ་ལྟ་དུས་མཚན་མོའི་ཆུ་ཚོད་ལྔ་པར་སླེབས་འདུག ཁོས་དེ་འཕྲལ་ཁ་པར་གྱི་སྒོ་རྒྱག་བསམ་དུས་གློ་བུར་དུ་མིག་ལ་ལྷུང་ཡོང་བ་ནི་ཁ་པར་འཆར་ངོས་སུ་བཞག་པའི་ཁོ་དང་ཡག་མོ་གཉིས་ཀྱི་མཉམ་པར་དེ་རེད། འདྲ་པར་དེ་ནི་སློབ་སྐབས་སྔོན་མར་ཁོ་གཉིས་ཀས་ཡག་མོའི་རྒྱུགས་འཕྲོད་སའི་སློབ་གྲྭ་སྟེ་ཅང་སུའུ་དགེ་ཐོན་སློབ་ཆེན་གྱི་སྒོ་ཆེན་ཁར་བླངས་པའི་འདྲ་པར་ཞིག་ཡིན། མཐོ་རྒྱུགས་ཞེས་པའི་མི་ཚེའི་དཀྱོག་མཚམས་དེ་བརྒྱུད་པ་ནས་བཟུང་། ལོ་ངོ་འདི་དག་ལ་ཁ་དང་འགྲམ་པ་ལྟར་གཤིབ་སྟེ་ཡོང་བའི་ཁོ་གཉིས་ཀྱི་ལས་དབང་ནི་བསམ་སར་མ་སོང་བར་གསེག་སར་སོང་ནས། དེ་དུས་ནང་བཞིན་སློབ་ཐུན་གཅིག་གྲོལ་ནའང་སྙིང་གཏམ་གློད་ཆོག་པའི་སློབ་འབྲིང་གི་འཚོ་བ་དང་མི་འདྲ་བར་ད་ནི་ཕལ་ཆེར་སློབ་སྐབས་གཅིག་ལའང་འཕྲད་དཀའ་བའི་རྒྱུས་མེད་ཀྱི་གྲོང་ཁྱེར་མི་འདྲ་བ་གཉིས་ལ་བརྫངས་སོང་། དེ་ཡང་འཇིག་རྟེན་ཁམས་སུ་བདེ་བ་ནི་གཞན་གྱིས་ཀྱང་རང་དང་མཉམ་དུ་ལོངས་སྤྱོད་བྱེད་ཐུབ་པ་ཞིག་ཡིན་མོད། སེམས་ཀྱི་སྡུག་བསྔལ་ནི་གཞན་ལ་ཆ་བགོས་བྱེད་ཐུབ་པ་ཞིག་ག་ལ་ཡིན་ཞེས་པ་བཞིན་དུས་དེ་ནས་བཟུང་སྟེ་གསེར་སོ་སྔར་ལས་ལྷག་པའི་གྱེས་བྲལ་གྱི་གདུང་བས་མནར་ཞིང་། དྲན་གདུང་གི་མྱ་ངམ་ཐང་ནས། སྡུག་བསྔལ་གྱི་བྱེ་རྡུལ་འགེམ་མགོ་བརྩམས། དུས་ཚོད་ཀྱི་རླུང་བུ་རྒྱང་ནས་རྒྱང་དུ་གཡུགས་པ་དང་བསྟུན་ཏེ་ཁོ་གཉིས་ཀྱི་བྱ་བ་ལས་སྟངས་དང་བསམ་བློ་གཏོང་སྟངས། དགའ་ཁ་འཁྱེར་ཕྱོགས། ལྭ་བ་གྱོན་སྟངས། སྐད་ཆ་འཆད་ལུགས་སོགས་ལ་ཧེ་བག་ཆེན་པོ་བྱུང་སོང་། གསེར་སོས་ནམ་རྒྱུན་ཁོམ་སྐབས་དང་བསྟུན་ནས་ཆེད་དུ་དུས་ཚོད་རེ་བཙལ་ནས་ཡག་མོར་ཁ་པར་གཏོང་རྒྱུ་ནི་ཁོའི་ཉིན་གཅིག་གི་བྱ་བའི་ནང་གི་དོན་དག་གལ་ཆེན་ཞིག་ཏུ་རྩི་བཞིན་ཡོད། “ལས་དབང་བསམ་ནག་ཨེ་རེད་ཨ་རོག་ཚོ། ། ཁ་ཡིག་སྐོར་ལོག་ཨེ་རེད་ཨ་རོག་ཚོ། །”ཞེས་གསེར་སོས་ཡག་མོའི་ཁ་པར་གྱི་ཡོང་བརྡར་བཞག་པའི་གླུ་དབྱངས་འདི་ལ་མཉན་ནས་ཅུང་ཙམ་འགོར་སོང་། བར་སྐབས་ཤིག་ལ་ཡག་མོས་ཁ་པར་སྣེ་ལེན་བྱས་སོང་། “ཝེ། ཁྱོད་ཀྱིས་ཉེ་ལམ་དཀའ་ཡི་མེད་དམ། སློབ་སྦྱོང་ཨེ་དཀའ་ཀི ཁྱོད་ལ་ལྔ་གཅིག་དུས་ཆེན་སྐབས་སུ་ཁོམ་པ་ཡོད་དམ། ”ཞེས་གསེར་སོས་ནན་ཏན་གྱི་ངང་ནས་བསྟུད་མ་བསྟུད་ཐོག་ཏུ་མོར་དྲི་བ་འགའ་འདྲི་དུས། ཡག་མོས་ཁོས་དྲིས་པའི་དྲི་བ་དེ་དག་ལ་དོ་སྣང་མི་བྱེད་པར་ཁོ་ཚོའི་འཛིན་གྲྭའི་སློབ་གྲོགས་ཀྲང་ཡོན་ཟེར་བ་དེ་དེ་རིང་ཅང་སུའུ་གྲོང་ཁྱེར་གྱི་གླུ་དབྱངས་འགྲན་ཚོགས་ཤིག་ལ་ཞུགས་ཏེ་ཨང་དང་པོ་བླངས་ཚུལ་དང་། སློབ་གྲོགས་དེས་ཁོ་ཚོར་མགྲོན་བྱས་ཚུལ། སློབ་གྲོགས་དེ་ལ་རླངས་འཁོར་ཡོད་ཚུལ། ཁོའི་ཨ་ཕ་ཅང་སུའུ་ཞིང་ཆེན་གྱི་ཕྱུག་བདག་བཅུའི་གྲས་ཀྱི་གཅིག་ཡིན་ཚུལ་སོགས་ཤ་བཤད་རྒྱུ་བཤད་ཅིག་བྱས་རྗེས། ད་དུང་སང་ཉིན་ཡང་ཁོ་ཚོ་གནས་གཞན་ཞིག་ལ་རྩེད་དུ་འགྲོ་དགོས་པས། སྔ་མོ་ནས་ཉལ་དགོས་པའི་རྣམ་འགྱུར་ཞིག་བསྟན་ཏེ་ཁ་པར་གྱི་སྒོ་ཁྲོག་སེར་གཏན་སོང་། གསེར་སོས“ཡག་མོ། ཡག་མོ། ཁྱོད……”

“གསེར་སོ། ཨ་རོག གསེར་སོ། དུ་བ་ཞིག་བྱིན་ར།”ཞེས་སློབ་གྲོགས་ཡུམ་སྐྱབས་ཀྱིས་སྒོ་ཁྲོག་སེར་ཕྱེ་སྟེ་གསེར་སོའི་གམ་དུ་ཡོང་ནས་གསེར་སོས་བྱིན་པའི་དུ་བ་དེ་ལ་མེ་སྒོ་བཞིན་མལ་ཁང་གི་སྒོ་ཕྱིར་ཁྲོག་སེར་བརྒྱབ་ནས་བུད་སོང་། གསེར་སོས་མགོ་བོ་ཡར་ལ་དགྱེ་དགྱེ་འགའ་བྱས་ཏེ་ལག་པས་མིག་ཟུང་འཕུར་བཞིན་སྒེའུ་ཡོལ་ཤག་སེར་ཕྱེས་པས། ནམ་གཞི་ནས་གསལ་འདུག ཁོའི་མིག་ལམ་དུ་སྣང་ཡོང་བའི་སྒེའུ་ཁུང་ཕྱི་རོལ་གྱི་སྡོང་རྒན་དེའང་ཁོ་དང་འདྲ་བར་ཞག་གང་བོར་གཉིད་མ་ཁུགས་པ་ལྟར་སྐྱ་ཐིང་ངེར་འགྲེང་ནས་འདུག

གསེར་སོའི་གདོང་ལ་ཉོབ་མདངས་ཤིག་གིས་ཁེངས་ཤིང་། ལུས་ཡོངས་སུ་ཐང་ཆད་པའི་ཚོར་བ་ཞིག་གིས་ཀུན་ནས་གཙེས་འདུག ཁོ་སྒྱིད་ལུག་ངང་ཡར་ལངས་ཤིང་སྤྱོད་ཁང་དུ་སོང་ནས་གདོང་ལ་ཆུ་འཁྱགས་ཡིད་ཚིམ་པ་ཞིག་བརྒྱབ་པས། རྣམ་རིག་ཇེ་གསལ་དུ་སོང་བའི་ཉམས་སྣང་ཞིག་སྐྱེས་ཤིང་། དེ་མུར་ཕྱིར་མལ་ཁང་དུ་ལོག་ནས་མལ་གྲོགས་ཚོར་ལངས་དགོས་པའི་འབོད་བརྡ་ཡང་ཡང་བཏང་མོད། ཁོ་ཚོར་སྣང་དོགས་ཅི་ཡང་མེད་པར་རང་རང་ས་ན་རྨི་ལམ་གྱི་ཞིང་ཁམས་སུ་འགྲིམས་འདུག ཁོ་རང་འུ་ཐུག་ནས་འབོད་མཚམས་བཞག་སྟེ་སྒེའུ་ཁུང་ཁར་ཡོད་པའི་རྐུབ་སྟེགས་དེའི་སྟེང་དུ་བསྡད་དེ་ཁ་པར་བླངས་ནས་གྲོགས་ཚོམས་སུ་ཉུལ་མགོ་བརྩམས། ཁོས་གྲོགས་ཚོམས་སུ་ངོ་ཤེས་མི་ཤེས་ཀུན་པོས་བསྐུར་པའི་འདྲ་པར་དང་བརྙན། གླུ་དབྱངས། ད་དུང་དགའ་སྐྱོ་ཆགས་སྡང་གཟུགས་སུ་བཀོད་པའི་ཡིག་རིགས་མི་འདྲ་བ་དེ་དག་ཞིབ་ཀྱིས་བཀླགས་ཏེ་བསྡད། བར་སྐབས་ཤིག་ལ་ཡག་མོས་གྲོགས་ཚོམས་སུ་པར་གཉིས་དང་དེའི་གོང་དུ་རྒྱ་ཡིག་ཐིག་ཕྲེང་འགའ་དང་བཅས་བྲིས་ཏེ་བསྐུར་ཡོད་པ་མཐོང་བྱུང་། དེ་མ་ཐག་ཁོས་མྱུར་མོར་བལྟས་པ་ན།ཡག་མོ་དང་མོའི་སློབ་གྲོགས་ཀྲང་ཡོན་གཉིས་ཀྱིས་ཕན་ཚུན་ལ་མཆུ་སྦྱོར་བྱེད་པའི་པར་ཞིག་དང་། རླངས་འཁོར་དཀར་ཁྲ་དབྱིབས་ལེགས་ཤིག་གི་ནང་དུ་ཁོ་གཉིས་ཀྱི་མགོ་བོ་ཕན་ཚུན་ལ་གཏུགས་ནས་ཡོད་པའི་པར་གཉིས་བསྐུར་ཡོད་ཅིང་། དེའི་མགོ་རུ་རྒྱ་ཡིག་གིས“སྙིང་ཉེ་བའི་མི། ང་ཁྱེད་ལ་དགའ”ཞེས་བྲིས་འདུག དེ་དུས་གློར་བུར་དུ་སྒེའུ་ཁུང་ཕྱི་རོལ་ནས་རླུང་འཚུབ་ཅིག་གིས་བུད་མེད་ཀྱི་གསང་དོར་ལྡོམ་པོ་ཞིག་ཁུར་ཡོང་ནས་ཅི་ཡིན་འདི་ཡིན་མ་ཤེས་པར་གསེར་སོའི་གདོང་ལ་བཀབ་སོང་། གསེར་སོས་ཞེ་སྡང་དང་རྣམ་རྟོག ཡིད་ཆད་དང་བཅས་གདོང་གི་གསང་དོར་དེ་ཐང་ལ་འཕངས་ཤིང་ཨུ་ཤུ་ཕེ་གསུམ་འདེབ་བཞིན་རྡོག་པས་ལན་འགར་བརྫིས་བྱུང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།