ཀྲུང་གོ་བོད་ཀྱི་དྲ་བ།

“གེ་མེས།”

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཉི་བརྟེན།   སྤེལ་དུས། : 2022-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1

“ཨེ། སྡོད་དང་། ཨ་ཁུ་གན་གིས་ལག་བརྡ་ཞིག་བརྒྱབ་བྱུང་བ་འདྲ།”

ཉིན་དེར་ང་རང་རྫོང་ཐོག་ན་ཡོད། ཕྱིར་ཁྱིམ་དུ་ལོག་ཁར་ངེད་ཚོ་བའི་བུ་མོ་ཞིག་གིས་ཁ་པར་ཐོན་ནས་ངའི་རླངས་འཁོར་ལ་མི་གཅིག་ཨེ་ཚུད་ཟེར། ངས་རླངས་འཁོར་དུ་ང་རང་གཅིག་པུ་ཡིན་པས་ངས་ཁ་པར་ལས་མོར་ཁྱེད་རང་གང་དུ་ཡོད་ང་ཁྱེད་ལེན་དུ་ཡོང་ཞེས་བཤད་པ་ཡིན་ལ། མོས་མོ་ནོར་བུ་གླིང་ཇ་ཁང་དུ་ཡོད་ཟེར། ནོར་བུ་གླིང་ཇ་ཁང་ནི་རྫོང་མཁར་འདིའི་ཅུང་མིང་གྲགས་ཡོད་པའི་ཇ་ཁང་ཞིག་ཡིན་ལ། རྒྱུན་དུ་སྙན་ངག་ལ་དགའ་བ་དང་རིག་གནས་པའི་སྡེ་རུ་འབོད་པའི་ན་གཞོན་དག་དེར་འདུས་ནས་ཁ་བརྡ་བྱེད་པར་ཧ་ཅང་དགའ། ང་ཡང་ནོར་བུ་གླིང་ཇ་ཁང་དང་འབྲེལ་བ་ཅུང་དམིགས་བསལ་བ་ཞིག་ཡོད་པ་ནི། ཉིན་ཞིག་ང་གཅིག་པུས་འདི་ནས་འཚིག་ཇ་འཐུང་ཞོར་དཔེ་ཆར་བལྟས་ནས་སྡོད་དུས། དེ་ཚང་གི་སྦྱིན་བདག་ཡོང་སྟེ་ངེད་གཉིས་ཀྱིས་ཁ་བརྡ་བྱས་ནས་སྡོད་དུས། ཁོས་གློ་བུར་དུ་ང་ལ་ཕ་གིའི་གྱང་ངོས་སུ་ཡི་གེ་འགའ་བྲིས་ན་བསམ་པ་དང་ཅི་ཞིག་བྲིས་ན་འགྲིག་གམ་ཟེར། དེ་ནས་ངའི་སེམས་ལ་གློ་བུར་དྲན་ཡོང་བ་ནི་སྙན་ངག་པ་འཇུ་སྐལ་བཟང་ལགས་ཀྱི་སྐད་ཆ་ཞིག་སྟེ། བཟོ་ལྟ་བཅོས་བཅོས་མ་གནང་། འུ་ཚོ་ཕལ་བའི་མི་རེད། ཅེས་པའི་ཚིག་དུམ་དེ་དྲན་བྱུང་། ངས་ཁོར་དེ་བྲིས་ན་ག་འདྲ་འདུག་ཅེས་པར། ཁོ་ཡང་ཧ་ཅང་མགུ་ནས་ཁོས་ཡིག་གཟུགས་ཡག་པོ་ཞིག་གིས་མགྱོགས་པོར་བྲིས་ཡོང་ཟེར།

དེའི་རྗེས་མར་ང་རང་དེ་ཚང་ལ་སོང་དུས་ངོ་མ་སྒྱུ་རྩལ་ཡིག་གཟུགས་ཡག་པོ་ཧ་ལས་པ་ཡག་པོ་ཞིག་བྲིས་འདུག་པས། ཡིག་གཟུགས་ཀྱི་མཛེས་ཉམས་ལྡན་པའི་སྐད་ཆ་དེས་ང་ལ་རྒྱུན་དུ་སྙིང་ཉེ་བའི་ཚོར་བ་སྟེར་བར་བྱེད་ལ། སྐད་ཆ་དེར་བལྟས་ནས་སྐར་མ་ཆ་རེར་བསམ་བློ་བཏང་ན་སྙན་ངག་པ་ཁོང་གི་སྙན་ངག་གིས་ཁུར་བའི་འགན་ཁུར་ལྕི་མོ་དེ་ཡང་དྲན་ཡོང་། གང་ལྟར་ནང་དུ་འཛུལ་མ་ཐག་ལོབས་དྲགས་པའི་དྲི་མ་ཞིམ་པོ་ཞིག་ཁྱབ་འདུག་ལ། ཆ་ཡོད་པའི་ནང་གི་བཟོ་བཀོད་དང་ཞབས་ཞུ་མ་དག་གི་རྒྱུས་ཆེ་བའི་གདོང་གི་འཛུམ་མདངས་ཀྱིས་ཀྱང་མི་སེམས་བདེ་ལ་འབབ་པར་བྱེད།

མོས་གཡས་ཀྱི་སྒེའུ་ཁུང་དེའི་གམ་གྱི་ནེམ་འབོལ་དུ་ཁོ་ཧྥེ་ཕོར་བ་དོ་བླངས་ནས་ང་ལ་བསྒུགས་འདུག དོ་ཞག་གྲགས་ཆེ་བའི་ལྭ་ཐུང་ནེའུ་ཁུ་རྟགས་ཅན་ཞིག་དང་། སྐེ་རུ་གསེར་གྱི་མགུལ་ཐག་ཅུང་ཟད་ཕྲ་བ་ཞིག ལག་མགོར་ཡང་གསེར་གྱི་ལག་གདུབ་རན་མོ་ཞིག་དང་དངུལ་གྱི་མཛུབ་དཀྲིས་ཤིག་སྤྲས་འདུག་ཅིང་། ཁ་པར་ཀུ་ཤུ་བཅུ་གསུམ་པ་ཞིག་གི་ངོར་བལྟས་ནས་འཁྱུག་དབྱངས་རྩེ་བཞིན་འདུག སྤྱིར་ངེད་གཉིས་འཕྲིན་ཕྲན་ནས་ལོ་འགའི་སྔོན་ནས་ངོ་ཤེས་པ་ཡིན། དངོས་སུ་ཐུག་འཕྲད་བྱས་པ་ནི་ཐེངས་གཅིག་གཉིས་ཤིག་ལས་མེད་པས། ནང་སྒོས་སུ་སྔོན་ཆད་ངོ་ཐུག་དུས་དག་ནི་ཆོས་ཚོགས་དང་གླིང་བྲོ་འགྲན་སྡུར(མོ་ནི་ངེད་ཚོ་བའི་གླིང་བྲོ་དར་སྤེལ་ཚོགས་པའི་ཚོགས་མི་ཡིན)སོགས་འབའ་ཞིག་ཡིན་པས། ལྷོད་ལྷོད་ངང་དུ་ཁ་བརྡ་བྱས་པ་དེ་འདྲ་མེད། དེ་རིང་གློ་བུར་ཡིན་ལ་གློ་བུར་མིན་པའི་ཐུག་འཕྲད་འདིས་ང་རང་ཅུང་འཚབ་བ་འཚུབ་བེར་བཏང་ལ། མཐའ་སྐོར་དུ་བལྟས་ནའང་ཚོམས་འདི་རུ་མོ་ལས་མཆོག་པའི་བུ་མོ་ལོ་གཞོན་ཅན་དང་ཡག་མོ་སྒོ་ཅན་གང་ཡང་མེད་པས། རང་ངོ་གནོང་དགོས་པ་མེད་ལ། གཞོན་ནུ་ཕོ་གསར་དག་གི་སྔུན་ནས་ང་རྒྱལ་ཞིག་ཀྱང་སྐྱེ་ཆོག་ཆོག་ཡིན་པ་འདྲ།

“བདེ་མོ།”

“བདེ་མོ་བདེ་མོ།”

ངས་མོར་ལག་འཇུ་ཞིག་བྱ་ཨེ་དགོས་བསམ་པར་མོས་ང་ལ་ལག་འཇུ་བྱེད་དགོས་པའི་བཟོ་ལྟ་གང་ཡང་མེད་པས་ངས་ཀྱང་ལག་པ་གཉིས་ཕུར་ཕུར་བྱེད་ཞོར་འདུག་སྟེགས་སུ་བསྡད།

“ཇེ་ཡག་རེད་མོ། ངེད་ཚོ་བའི་མོ་གཞོན་རེ་བ་ཅན་མ།” མོ་རང་ཅུང་སྐྱེངས་པའི་ངང་ནས“ཁྱེད་ཀྱང་དེ་བཞིན་རེད། བུ་རེ་བ་ཅན་ལ་རེ་བཞག་ཆེ་ས། གོས་རི་མོ་ཅན་ལ་ཡང་ལྟ་ཡོད་ཟེར་བ་ནང་བཞིན་རེད” ཟེར་བཞིན་ལག་པས་ཅོག་ཙེའི་སྟེང་གི་ཁོ་ཧྥེ་བསྟན་ནས་བཞེས་ཞེས་པའི་བཟོ་ལྟ་བསྟན་བྱུང་བས། འཛུམ་མདངས་ལྷོད་པོ་དེ་དང་མིག་མདངས་རྣོན་པོ་དེས་ངེད་གཉིས་ནི་ཆ་ཡོད་རྒྱུས་ཡོད་ཅིག་གམ་ཤིན་ཏུ་སྙིང་ཉེ་བའི་ཚོར་བ་ཞིག་ངང་གིས་སྦྱིན་ཡོང་། བག་ཡོད་ཡོད་འདྲ་བའི་འཛུམ་མདངས་དེས་ང་ནི་མོའི་སེམས་ནས་དྭངས་གཙང་རྒྱུན་ལྡན་གྱི་ཡུལ་མི་ཞིག་གམ། ཧ་ཅང་འདྲིས་ཆ་ཆེ་བའི་ཆུང་གྲོགས་ཤིག་ཏུ་བརྩིས་ཡོད་པའང་ཚོད་དཔག་བྱེད་ཐུབ་པ་འདྲ། ངས་ལན་དུ་མགོ་བོ་ལྡེམ་ཙམ་འགའ་བྱས་མུར། ཕར་ཡང་ལག་པས་ཁོ་ཧྥེ་བསྟན་ནས་བཞེས་ཞེས་པའི་བཟོ་ལྟ་བསྟན་པ་ཡིན། མོ་དེ་རིང་སློབ་ཆེན་ནས་དགུན་གནང་བཏང་རྗེས་ཁྲེན་ཏུའུ་གྲོང་ཁྱེར་ནས་རྫོང་ཐོག་ཏུ་ཐོན་པ་ཡིན་འདུག་ལ། ད་ཆ་རླངས་འཁོར་ཞིག་བཙལ་ནས་ཁྱིམ་ལ་ལོག་རྩིས་ཡིན་འདུག

2

“ཨེ། སྡོད་དང་། ཨ་ཁུ་གན་གིས་ལག་བརྡ་ཞིག་བརྒྱབ་བྱུང་བ་འདྲ།”

ངས་རླངས་འཁོར་གྱི་སྒོག་ཟྭ་མནན་ནས་ཕྱོགས་སྟོན་སྒྲོན་གཡས་སར་བརྒྱབ་སྟེ་ལམ་ཁར་བཅར་ནས་བསྡད། རླངས་འཁོར་གྱི་སྒེའུ་ཁུང་ལས་ཨ་ཁུ་རྒན་པ་ཞིག་གི་གཉེར་མས་ཁེངས་པའི་གདོང་མདོག་སྐྱ་བོ་དེ་མཐོང་བྱུང་ལ། ཅུང་ལྐོག་ཏུ་ལྷུང་བའི་མིག་གཉིས་ལས་ཨ་ཁུ་དེ་མི་གཟབ་ནན་ཞིག་ཡིན་པ་མཐོང་ཡོང་། “ཨེ་གསར་བུ། ང་གན་གི ལྟོས་དང་། མཐོང་མཚམས་ཀྱི་དགོན་པ་གན། ང་གན་རག་བར་དུ་འཁྱེར་ཆོག་གམ། སྤྱིར་ང་ཁེར་འགྲོ་ལ་ལོབས་ཡོད་ཀྱང་དོ་དགོང་མུན་རུབ་ལ་ཉེ། རྐང་ཐང་དུ་སོང་ན་རྐང་བས་མི་ལྕོག་པས” ཟེར། སྤྱིར་ང་རང་ས་གང་ནས་མི་གང་ཞིག་ལ་འཕྲད་པ་ཚང་མ་རླངས་འཁོར་དུ་བཞག་ནས་གླ་ཆ་ལེན་མྱོང་མེད། ཨ་ཁུ་ཁོང་ལྟ་བུ་ནི་དེ་བས་ཀྱང་བཤད་ག་ལ་དགོས།

ངས་མོ་དང་ཨ་ཁུ་གཉིས་ཀྱིས་ཁ་བརྡ་ལ་ཉན་ཞོར། ག་ལེར་རླངས་འཁོར་བསྐོར་ནས་མེ་ལོང་ལས་ཕྱིར་བལྟས་པ་ན། ཁོང་གིས་མགོ་བསྒུར་ནས་མ་ཎི་འདོན་གྱིན་དུ་སྐབས་རེར་ཁ་བརྡ་རེ་འགའ་བྱེད་སྟངས་དང་། ཧ་ཅང་གཟབ་ནན་གྱི་ཉམས་དེ་དག་ལས་ཁོང་ནི་རྒན་པ་དམིགས་བསལ་བ་ཞིག་ཡིན་པ་རྟོགས་ཐུབ། སྤྱིར་བོད་ཀྱི་མི་དག་ནི་ཁ་བརྡ་བྱས་ནས་སེམས་སྐྱིད་བྱེད་པ་དང་དགོད་ཁ་འཆོར་བྱེད་ཀྱི་སྐད་ཆ་འཆད་པར་ཧ་ཅང་མཁས་ལ། སྒོས་སུ་རྒན་པ་དག་ལ་ནི་སྐད་ཆ་སྐྱིད་པོ་དེ་བས་ཀྱང་མང་དུ་བཤད་རྒྱུ་ཡོད་པ་རེད། མི་སུ་དང་གང་ཞིག་ལ་འཕྲད་ནའང་སྨྲེ་ངག་གི་དབྱངས་དང་སྡུག་ཡུས་ཀྱི་ངག་གང་ཡང་མེད་པར་སྐད་ཆ་སྣང་སྐྱིད་ཆུ་བཞུར་བཞུར་བྱེད་ལ། དགོད་སྒྲ་སིང་མོ་འབྲུག་གྲག་གྲག་བྱེད། ཡིན་ཡང་ཨ་ཁུ་ཁོང་ནི་ཅུང་སྐྱོ་དུབ་ཀྱིས་མནར་འདུག་ཅིང་། སེམས་ཀྱི་ཟབ་ས་གང་ཞིག་ཏུ་དགུན་གྱི་འཁྱགས་དར་བཞིན་ཞུ་དཀའ་བའམ་ཡང་ན་འཚོ་བའི་ཁ་ཟུར་ཁུགས་ཟུར་ཞིག་ན་གང་ཞིག་རླུང་ལྟར་འཇགས་མི་ཐུབ་པར་འདུག་པའི་ཉམས་ཤིག་མངོན་ཡོང་། ངས་དེ་ལྟར་བསམ་གྱིན་བསམ་གྱིན་ཨ་ཁུ་དེ་མིག་ལ་འདྲིས་པ་ཞིག་གམ་གང་ཞིག་ནས་མཐོང་མྱོང་བ་མ་ཡིན་ནམ་བསམ་ནས་མདུན་གྱི་དགོན་པའི་ཕྱོགས་ལ་ཐེངས་ཤིག་བལྟས། ཨོ་རེད། ངས་དྲན་བྱུང་། ལོ་འགའི་སྔོན་གྱི་དབྱར་ཁ་ཞིག་ལ་ང་དེ་རིང་ནང་བཞིན་གྱི་གནས་དེ་ནས་ཡང་ཁོང་དང་འདྲ་བའི་ཨ་ཁུ་ཞིག་གིས་བཀག་བྱུང་། ཉིན་དེར་ངས་འཕྲུལ་རྟ་ཞིག་ལ་ཞོན་ཡོད་པས་ངས་ཁོང་འཕྲུལ་རྟའི་འཕོངས་ལ་བཟུང་ནས་དགོན་པ་དེའི་ཁང་བ་ཞིག་གི་སྒོ་ཁར་བསྐྱལ་བ་ཡིན། རེད། ཁོ་རེད། དེ་རིང་གི་ཨ་ཁུ་ཁོང་དེ་དུས་ཀྱི་ཨ་ཁུ་དེ་རེད།

“ཨ་ཁུ། ཁྱོད་ཀྱིས་ང་རང་ངོ་ཤེས་ཀྱིན་འདུག་གམ།” ཨ་ཁུས་འདང་ཞིག་བརྒྱབ་ནས་ཤེས་ཀྱིན་མེད་པའི་བརྡ་བསྟན་བྱུང་། སྔོན་མ་ངས་ཁོ་རང་འཕྲུལ་རྟའི་འཕོངས་ལ་བཟུང་ནས་འགྲོ་ཉིན་ཕལ་ཆེར་ངས་སྐེ་དཀྲིས་ཤིག་ཀྱང་བརྒྱབ་ཡོད་ཚོད་འདུག ཡང་གཅིག་བཤད་ན་ལོ་ཁ་ཤས་ཀྱང་སོང་ཡོད་པས། ཕན་ཚུན་ལ་འགྱུར་བ་གང་ལ་གང་འཚམ་རེ་ཡང་བྱུང་ཡོད་སྲིད། ངས་ཁོང་ལ་དེ་ལྟར་དྲིས་པ་ཡང་བསམ་བློ་མ་བཏང་བའི་སྐད་ཆ་རང་རེད་བསམས། ཡིན་ཡང་ང་ལ་ཨ་ཁུ་ཁོང་གིས་ང་རང་ངོ་ཤེས་ཐུབ་པའི་རེ་བ་ཞིག་འདུག་པས། རླངས་འཁོར་དལ་མོར་གཏོང་ཞོར་ཁོང་ལ། “དེ་དུས་དབྱར་ཁའི་ཉིན་ཞིག་གི་ཕྱི་དྲོར། ཁྱེད་རང་གསར་བུ་ཞིག་གིས་འཕྲུལ་རྟ་ཞིག་ལ་བསྐྱོན་ནས་སོང་བ་དང་། གསར་བུ་དེར་འཕྲུལ་རྟའི་ཁ་ལོ་ཆོག་ཡིག་མེད་པར་འགྲིམ་འགྲུལ་ཉེན་རྟོག་པས་བར་ཚད་ཅིག་ལ་བདའ་བ་དྲན་ནམ”ཞེས་དྲིས་པ་ཡིན། “ཨེ། ད་དྲན་བཞག ཁྱོད་ཡིན་ནམ། ཉིན་དེར་ཁྱོད་ལ་ཞོན་རྩལ་བཟང་བས་མིན་ཚེ། དེ་རིང་རྒན་པོ་ང་ཡང་འདི་ནས་ཁྱེད་ལ་འཕྲད་གི་མ་རེད་ཡ། ཨེ། གསར་བུ། རླངས་འཁོར་ཁ་ལོ་ཆོག་ཡིག་ཡོད་དམ” ཟེར། ང་གད་མོ་དགོད་ཞོར་ཡོད་པའི་ལན་ལ་མགོ་བོ་ལྡེམ་ཙམ་བྱས་པ་ཡིན།

ངེད་གཉིས་ཀྱིས་ཁོ་རང་ཁང་བའི་སྒོ་ཁར་བསྐྱལ་བ་ཡིན་ལ། ཁོས་ར་བའི་ཁ་ན་ཉི་མར་བཞག་ཡོད་པའི་ལྷམ་འབོག་དེ་མར་བླངས་ནས་དེའི་ནང་གི་ཁང་སྒོའི་ལྡེ་མིག་བླངས་ཤིང་སྒོ་ཕྱེ་ནས། “ཤོག ཁྱིམ་ལ་ཤོག”ཟེར། ཆེ་རྒྱུ་མེད་ལ་ཆུང་རྒྱུ་མེད་པའི་ཁང་བ་དེ་ནི་ཅུང་རྙིང་པ་ཞིག་ཡིན་པར་འདུག་ལ། སྒོའི་ངོས་ཀྱི་རྣམ་བཅུ་དབང་ལྡན་གྱི་པར་དེ་ཡང་ཉི་མས་ཚིགས་ནས་སྐྱ་བོར་གྱུར་འདུག ར་བ་ཆུང་ཆུང་དེ་ད་དུང་རྩྭ་ཡིས་ཁེངས་འདུག ཁྱིམ་གྱི་གཡས་ཁྱིམ་དུ་ས་གདན་རྨ་འབྲུག་ཁ་སྤྲོད་རྙིང་པ་ཞིག་བཏིང་འདུག སྤྱིར་རྙིང་པ་ཡིན་ཡང་ཚི་དང་རྡུལ་སོགས་གང་གིས་ཀྱང་ཟོས་མེད་པར་གཙང་རྐྱང་རྐྱང་དུ་འདུག འགྱིག་གཞོང་དམར་པོ་དེའི་ནང་དུ་གོ་རེ་དང་གོར་སྦྲང་གང་བཞག་འདུག་མོད། གོ་རེ་དག་གྱོང་ནས་རྡོ་ལྟར་འདུག་ལ། གོར་སྦྲང་དག་ཀྱང་ཚང་མ་དུས་ཚོད་བརྒལ་འདུག ཁོས་ངེད་གཉིས་ཁྱིམ་ལ་ཐོན་པ་ནས་ཇ་སྐོལ་མགོ་བརྩམས།ཡིན་ཡང་ལྕགས་ཟེའུ་ནང་གི་ཆུ་འཇོག་ཡུན་རིང་སོང་བས་རུལ་དྲི་འཐུལ་གྱིན་འདུག མོས་ལྕགས་ཟེའུ་དག་གི་ནང་ནས་ཆུ་ཕྱུང་ཞིང་ཆུ་གསར་པ་ཞིག་ལེན་དུ་བུད་སོང་། ཨ་ཁུ་དེས་བཤད་ན་ཆུ་ཐག་རིང་བས་ནམ་རྒྱུན་བྱིས་པ་དག་ལ་བུ་རམ་གྱི་གླ་རྔན་བྱིན་ནས་ཆུ་ལེན་དུ་མངགས་པ་ཡིན། ཡིན་ཡང་སློབ་གྲྭ་འཚོགས་སོང་དུས་བྱིས་པའང་མེད་པས། ཉིན་འགའི་སྔོན་ཁྱིམ་མཚེས་ཚང་གི་ཞི་མོས་ང་ལ་ཆུ་མང་ཙམ་བླངས་པ་རེད་ཟེར།

“ཨ་ཁུ་ཁྱོད་ལ་འདུག་རོགས་གཞན་མེད་དམ།”

“མེད། བུ་གཅིག་ཡོད་པ་རྫོང་ཐོག་གི་ལས་བྱེད་པ་རེད། བུ་མོ་གཅིག་པུ་དེ་ཐག་རིང་ཞིག་ལ་མནའ་མར་བུད་སོང་། ལོ་འགའི་སྔོན་ཆུང་མ་དང་འཐོར་རྗེས་བུས་དགོན་པ་ནས་ཁང་བ་ཞིག་ཉོས་ནས་འདི་རུ་བསྡད་པ་ཡིན” ཟེར། ཨ་ཁུའི་རྣམ་འགྱུར་སྣ་ཚོགས་ལས་ཁོའི་སེམས་ནམ་ཡང་བུ་མོར་ཆགས་འདུག་པ་མཐོང་ཐུབ་ལ། ཁོས་བུ་མོ་ཟེར་སྐབས་སྒེའུ་ཁུང་ནས་རྒྱང་རིང་རྒྱང་རིང་ཞིག་ལ་བལྟས་ནས་འདུག

“རེད། གསར་བུ། བུ་མོ་གན་དང་ཁྱོད་གཉིས་འབྲེལ་བ་ཅི་ཡིན” ཨ་ཁུའི་དྲི་བ་དེར་ངས་ལན་ཇི་ལྟར་གདབ་དགོས་པ་ཡིན་ནམ། མོ་དང་ངེད་གཉིས་ལོ་འགའི་སྔོན་ཕ་ཡུལ་གྱི་རྟགས་འཇུག་ཟབ་སྦྱོང་ཞིག་གི་སྟེང་ནས་ངོ་ཤེས་པ་ཡིན་ལ། དེ་ནས་ཡུན་རིང་གི་འབྲེལ་འདྲིས་བརྒྱུད་རྗེས་ངེད་གཉིས་ལ་གླེང་གཞི་གཅིག་པའི་ཁ་བརྡ་མང་པོ་ཡོད། ཁ་བརྡ་དེ་དག་ནི་སློབ་མ་དང་ཕ་ཡུལ། ཕུགས་བསམ་དང་མ་འོངས་པ་སོགས་ཡིན་པས། ངས་མོ་ལ་ཕོ་མོའི་བརྩེ་དུང་གི་འབྲེལ་བ་དང་བསམ་པ་འཛིན་མ་མྱོང་ལ། མོས་ཀྱང་ང་ལ་འཛིན་མྱོང་མེད་པ་འདྲ། དེ་བས་ཉིན་ཞིག་མོས་ང་ལ་ཁྱེད་ནི་ངའི་ཞི་ལུ‘གེ་མེས’ཡིན་ཟེར། ངས་ཀྱང་ངེད་གཉིས་ཀྱི་འབྲེལ་བ་དེ་དེ་ལྟ་བུ་ཞིག་གིས་མཚོན་ན་དེ་ཙམ་རན་པོ་ཞིག་མི་འདུག་བསམས། ‘གེ་མེས(闺蜜)’ཟེར་བ་ནི་དེང་གྲོགས་པོའི་བར་གྱི་མཛའ་གཅུགས་འབྲེལ་བ་མཚོན་པའི་ཕོ་མོའི་བརྩེ་དུང་མ་ཡིན་པའི་འབྲེལ་བ་གཞན་ཞིག་ལ་ཟེར་བཞིན་འདུག བོད་ཡིག་ལ་དེའི་འབྲེལ་བ་མཚོན་བྱེད་ཀྱི་མིང་ཚིག་ཁ་གསལ་པོ་ཞིག་མེད་པ་འདྲ། གང་ལྟར་དེང་སང་རྒྱ་དང་བོད་ཀྱི་ན་གཞོན་དང་སློབ་མའི་ནང་ན་མིང་ཚིག་དེ་ཁྱབ་ཆེར་སྤྱོད་བཞིན་འདུག ངས་ཨ་ཁུ་ལ་འགྲེལ་མང་པོ་ཞིག་བརྒྱབ་པ་ཡིན་མོད། ཡིན་ཡང་འགྲེལ་ཅི་ལྟར་བརྒྱབ་ནའང་ཨ་ཁུ་དང་ང་རང་ཉིད་ལ་ཡིད་ཚིམ་པའི་འགྲེལ་ཞིག་རྒྱག་མ་ཐུབ།

མོས་ཆུ་ལྕགས་ཟེའུ་དོ་བླངས་ནས་སླེབས་བྱུང་ལ། “ཨ་ཁུ། ཆུ་ཡུན་རིང་བཞག་རྗེས་འཐུང་མི་ཉན། བདེ་ཐང་ལ་གནོད་པ་ཚབས་ཆེན་བཟོ་སྲིད་པ་རེད”ཟེར།

ངེད་གཉིས་ཕྱིར་ཡོང་ཁར་ཨ་ཁུས་ཁ་བཏགས་དཀར་པོ་་ཞིག་བཟུང་ནས་བཀའ་དྲིན་ཞུ་ཞོར་ང་ལ་བསྒྲོན་རྗེས། རྗེས་སོར་ཁོམ་པ་རེ་བྱུང་ན་ཁྱེད་གཉིས་མཉམ་དུ་ང་ལ་བལྟ་རུ་ཤོག་ཟེར་བཞིན། ང་ལ་བལྟས་ནས“ཞི་མོ་ཡ་རབས་ཤིག་འདུག”ཟེར།

“ཨ་ཁུས་ཅི་ཞིག་བཤད་བྱུང་ངམ། ”

“ཅང་མ་རེད། ཕལ་ཆེར་ངས་འགྲེལ་བརྒྱབ་པ་ཡག་པོ་ཞིག་ཆགས་མེད་ཚོད་རེད།”

ཉི་མས་ས་གཞི་ལ་ཤར་ནུབ་ཀྱི་དབྱེ་བ་གསལ་པོ་ཞིག་བྱས་ནས་འདུག གཞུང་ལམ་སྟེང་གི་ནོར་དག་གིས་ནི་རླངས་འཁོར་ཡར་འགྲོ་མར་འགྲོ་བཀག་འདུག་སྟེ། དཔེ་ཁུག་ཁུར་བའི་རྫི་བོ་ཆུང་ཆུང་དེ་ནི་ཉི་མའི་ཤར་ནུབ་ཕྱེ་བའི་མཚམས་ན་ལག་པས་རྡོ་བ་འཕེན་བཞིན་ནོར་དག་ལ་རང་འགུལ་གྱིས་རླངས་འཁོར་ལ་ལམ་གཡོལ་དགོས་བའི་གོ་བརྡ་གཏོང་གིན་འདུག

3

ཉི་འོད་རི་རྩེ་ནས་དལ་མོར་མར་འབབ་ཀྱིན་འདུག ངས་ནངས་ཇ་འཐུང་ཞོར་ཁ་པར་ལས《སེམས་གཅོང》ཞེས་པའི་རྩོམ་ཡིག་ཅིག་བཀླགས། “སེམས་གཅོང”ཞེས་པའི་ཡིག་འབྲུ་དེ་མཐོང་འཕྲལ། ངས་ཉིན་དེའི་ཨ་ཁུ་དེ་དྲན་ཡོང་། དེ་རིང་ནི་ལོ་སར་ནས་ཉིན་ལྔ་པ་རེད། རུ་ཁ་ཁྱིམ་མཚེས་དག་ལ་འཚམས་འདྲིར་ཡང་འགྲོ་མི་དགོས། རེད། ངས་འཕྲལ་མར་མོར་ཁ་པར་ཞིག་བཏང་བ་ཡིན།

“ཝེ། ཁྱོད་དེ་རིང་ཁོམ་གྱི་ཡོད་དམ། ངེད་གཉིས་ཉིན་དེའི་ཨ་ཁུ་དེའི་སར་ལོ་སར་འཚམས་འདྲི་ཞིག་ཞུ་རུ་འགྲོ་འམ།”

“ཁོམ་ཡོད། ཁོམ་ཡོད། ཆོག་གི ཁྱོད་ང་ལེན་དུ་ཤོག་དང་། འགྲོ” མོས་གོ་ལྷམ་འོད་འཁྱུག་པ་ཞིག་གི་སྟེང་ལ་བོད་གོས་དག་མ་ཞིག་གྱོན་འདུག་ལ། ཆེ་རྒྱུ་མེད་ལ་ཆུང་རྒྱུ་ཡང་མེད་པའི་བྱུ་རུའི་སྐེ་རྒྱན་ཡག་ཐག་ཆོད་ཅིག་སྐེ་ལ་བཏགས་ནས་ལག་གཡས་པས་སྤུ་ཚར་གྱི་ཐུ་བ་བཟུང་ནས་ཉི་འོད་འོག་ཏུ་ཁང་བའི་སྒོ་སྐས་ནས་ག་ལེར་མར་འབབ་ཅིང་ངའི་རླབས་འཁོར་ལ་བུད། སྤོས་ཆུ་བྱུགས་པའི་དྲི་ཞིམ་ཞིག་གིས་ང་ལ་ཁ་བརྡའང་མང་པོ་མེད་པར་བྱས། ངེད་གཉིས་རྫོང་ཐོག་ལ་སོང་ནས་བུ་རམ་དང་གྲོ་མ། ཤ་དང་སིལ་ཏོག བཏུང་བ་ཡག་པོ་ཉུང་ཤས་ཤིག་ཉོས་ནས་ཨ་ཁུ་ཡོད་སར་ཕྱིན་པ་ཡིན།

“ཨ་ཁུ་ལོ་སར་བཟང་། ”

“ལོ་སར་བཟང་། ལོ་སར་བཟང་། ཁྱེད་གཉིས་ཐོན་བྱུང་ངམ། ཤོག་ཤོག མགྱོགས་པོར་ནང་ལ་ཤོག” ཉིན་དེར་ངེད་གཉིས་ཀྱིས་ཨ་ཁུ་དང་མཉམ་དུ་ལོ་འདིའི་ཆེས་མཇུག་མཐའི་ལོ་སར་རོལ་བ་ཡིན་ལ། ཨ་ཁས་གཏམ་གླེང་བྱས་པ་མང་པོ་མེད་ཀྱང་། མང་ཤས་ནི་ཁོའི་བུ་མོ་དང་འབྲེལ་བའི་ཁ་བརྡ་རྐྱང་རྐྱང་རེད།

“དོ་ནུབ་སྐྱིད་པ་ལ།” ངེད་ཅག་གི་འབྲེལ་འདྲིས་ཀྱི་གོ་རིམ་ནང་ནས་ཨ་ཁུའི་ཁ་ནས་ཐེངས་གཅིག་ལ་བུད་པའི‘སྐྱིད’ཅེས་པའི་ཚིག་དེས་ངའི་སེམས་ལ་ཚག་སྒྲ་ཞིག་སྦྱིན་བྱུང་།

ནུབ་མོ་ང་རང་རླངས་འཁོར་ནང་ཉལ་བ་ཡིན་ལ། མོ་ཁྱིམ་ནས་ཉལ་བ་རེད། ཕྱི་ཉིན་ནངས་ཇ་བཏུང་རྗེས་ངེད་གཉིས་ཕྱིར་རང་རང་གི་ཁྱིམ་དུ་ལོག་པ་ཡིན། ཡོང་ཁར་ཨ་ཁུས“ཡ་ཡ། ཁུ་ལོ། ང་ད་དུང་མ་ཤི་ན་ཁོམ་པ་ཡོད་སྐབས་ང་ལ་ད་དུང་སྐོར་རེ་རྒྱོབས། འོ། ད་དུང་། ཁྱེད་གཉིས‘གེ་མེས’ཡག་པོ་བྱོས” ཟེར། བལྟས་ཡོང་ན་མོས་ཀྱང་ཨ་ཁུ་ལ‘གེ་མེས’ཞེས་པ་དེར་འགྲེལ་མང་པོ་བརྒྱབ་ཡོད་ཚོད་འདུག་ཀྱང་། ད་དུང་ཡང་དེ་འདྲའི་འགྲེལ་ཡག་པོ་ཞིག་ཕོག་མེད་པ་འདྲ།

“འོ་ཡ། ཨ་ཁུ་གོ་སོང། ཁྱོད་ཀྱིས་ཀྱང་ཨ་ནེ‘གེ་མེས’ཤིག་བཙལ་ན་རེད་ཡ། ”

“ཧ་ཧ་ཧ······”

ཞོགས་པའི་ཉི་འོད་ས་ཆེན་པོར་ཡོངས་སུ་འཕྲོས་འདུག་ལ། སྤྲིན་པ་བྱེའུ་མགོ་ཙམ་ཡང་མེད་པའི་ནམ་མཁའ་ན་ཟླ་བ་ནི་འོད་མེད་པར་ནུབ་རིའི་མཚམས་སུ་ཁེར་རྐྱང་གིས་གདུངས་འདུག

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།