རླུང་གིས་ཁུར་བའི་ཡུལ་སྡེ།

ལོ་དེའི་སྟོན་མཇུག་དེར་མི་རྣམས་སྔར་བཞིན་ལས་ལ་བྲེལ་བཞིན་ཡོད་ཅིང་། གང་ཞིག་ལ་བྲེལ་བཞིན་ཡོད་པ་གསལ་པོ་མི་ཤེས་མོད། བསྐྱར་ཟློས་འོར་ཟློས་ཀྱི་འཚོ་བའི་ཁྲོད་དུ་མི་རྣམས་ལ་ཁོམ་པ་ཞིག་ཁྱོན་ནས་མི་འདུག ཡིན་ཡང་། ལོ་དེ་ནི་སྔར་ལོ་དང་མི་འདྲ་བར་སྟོན་མཇུག་དེར་མི་རྣམས་ཀྱིས་ད་ལོའི་དགུན་ཁ་འདིར་རླུང་ག་འདྲ་ཞིག་ལྡང་བར་སེམས་ཁུར་བྱེད་ཀྱིན་འདུག ཆེ་རྒན་པ་ནས་ཆུང་གཞོན་པ་ཚང་མས་ད་ལོའི་དགུན་ཁ་འདི་ལ་རླུང་ག་འདྲ་ཞིག་ལྡང་བར་སེམས་ཁུར་བྱེད་ཀྱིན་ཡོད། ལྷག་པར་དུ་རླུང་དམར་འུར་འུར་ལྡང་བར་སྐྲག་སྣང་སྐྱེས་བཞིན་འདུག ཉིན་དང་ཉིན་འདས་ནས་དེ་རིང་ཁ་སང་དུ་གྱུར་ཞིང་སང་ཉིན་དེ་རིང་དུ་གྱུར། བོད་ཀྱི་གཏམ་དཔེ་ཞིག་ཏུ“དབྱར་ཕ་མ་འདྲ་བོ་འཇབ་ནས་ཡོང་། དགུན་རྒྱ་སྟག་འདྲ་བོ་ལྡིང་ནས་འོང ”ཞེས་པ་ལྟར་མཚོ་ལུང་གོང་མར་ཤེས་མེད་ཚོར་མེད་ངང་དགུན་ཁ་དངོས་གནས་སླེབས་པས་སྐབས་དང་སྐབས་སུ་ཡུལ་གྲུ་དེ་ལ་རླུང་ཆེན་མ་ཡིན་པའི་རླུང་ཆུང་རེ་ལྡང་བཞིན་འདུག

རྣམ་འདྲེན་གྱི་ཨ་ཕས་བཤད་པ་ལྟར་ན། ལོ་ངོ་མང་པོ་ཞིག་གི་ཡར་སྔོན་གྱི་དགུན་གྱི་དུས་ཚིགས་ཤིག་ལ་ཡུལ་གྲུ་འདི་ལ་རླུང་ཡ་མཚན་ཞིག་ལྡང་ནས་ཡུལ་གྲུ་འདིའི་སྲིད་འབྱོར་རིག་གསུམ་ལ་གོད་ཆག་ཆེན་པོ་ཞིག་ཐེབས་སོང་ཟེར། ད་དུང་ཚེ་སྒྲོན་གྱི་རྨོ་མོས་བཤད་ན་ལོ་དེར་ཁོ་ཚང་མཚོ་ལུང་གོང་མ་ན་ཡོད་ཅིང་། ཉིན་ཞིག་གི་ཕྱི་དྲོར་མཚོ་ལུང་གོང་མ་རུ་འཚུབ་མ་ནག་པོ་ཞིག་གློ་བུར་འཐིབས་ནས་ཁོ་ཚང་གི་མགོ་སྦྲ་བསློགས་ཤིང་། རྟ་ནོར་ལུག་གསུམ་ཡང་གར་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་དེ་སྐབས་དང་སྐབས་སུ་ཉེ་འཁོར་གྱི་མི་དག་ལ་བཤད་ཀྱིན་འདུག

རྣམ་འདྲེན་ནི་མཚོ་ལུང་གོང་མ་སྡེ་བའི་སློབ་ཆེན་སློབ་མ་ཞིག་ཡིན་ཞིང་། ཁོ་ནི་སྡེ་བ་དེའི་སློབ་ཆེན་སློབ་མ་དག་གི་ཁྲོད་དུ་ཕྱོགས་གང་ཅིའི་རིག་གཞུང་ལ་ཅུང་བྱང་ཆ་ཡོད་པའི་སློབ་མ་ཞིག་ཡིན་པས། རྣམ་འདྲེན་གྱི་ཆ་བྱད་དང་འདུ་ཤེས་སོགས་ཀྱང་མི་གཞན་དག་དང་ཅུང་མི་འདྲ་ཞིང་། ཇི་ལྟར་བལྟས་ཀྱང་ཁོ་ནི་ཟུར་ངོས་གང་ཞིག་ནས་གཞན་དང་ཐུན་མོང་མ་ཡིན་པ་ཞིག་ཡིན།

རྣམ་འདྲེན་ནམ་རྒྱུན་ལྟར་མལ་ལས་ལངས་ཏེ་ནམ་རྒྱུན་དང་མི་འདྲ་བའི་རྣམ་འགྱུར་ཞིག་མངོན་བཞིན་ཁོ་ཚང་གི་ཁྱི་རྒན་རྒྱ་ལྡང་གི་ཟུག་སྐད་ལ་རྣ་བས་མཉན་ནས་འདུག དེ་ནས་ཅུང་ཙམ་གྱི་རྗེས་སུ་ཁོ་ཡར་ལངས་ནས་ཁང་པའི་སྒེའུ་ཁུང་ལས་ཕྱི་རོལ་ཏུ་ཡུན་རིང་ཞིག་ལ་བལྟས་རྗེས་ཅི་ཞིག་མཐོང་སོང་བ་ཇི་བཞིན་སྒོ་ཁར་བུད་སོང་། ཕྱི་རོལ་ཏུ་རླུང་ཆེན་མ་ཡིན་པའི་རླུང་ཞིག་ལྡང་བཞིན་ཡོད་པས་ཁོ་སྒོ་ཁར་སླེབས་མ་ཐག་ཁོའི་ཅུང་འཁྱིལ་ནས་ཡོད་པའི་སྐྲ་ལོ་དེ་རླུང་གིས་བསྒུལ་བྱུང་། ཅུང་འཁྱིལ་ནས་ཡོད་པའི་སྐྲ་ལོ་དེ་ནི་རྣམ་འདྲེན་གཞན་དང་མི་འདྲ་བའི་ཆ་བྱད་དག་གི་ཁྲོད་ཀྱི་གཅིག་ཡིན་ཞིང་། ཁོའི་སྐྲ་ཡི་ཉག་མ་རེ་རེ་རླུང་གིས་སྒུལ་དུས་ཁོ་སྔར་ལས་ཀྱང་དངངས་འཚུབ་ཅིག་སྐྱེས་བཞིན་ཡོད་པ་འདྲ། ཁོས་ལག་པས་གདོང་གི་མིག་ཤེལ་ཡར་འདེད་ཙམ་བྱེད་བཞིན་མཚོ་ལུང་གོང་མའི་ཉག་ག་དེ་ལ་ལྟ་བཞིན་འདུག ཁོའི་གདོང་གི་མིག་ཤེལ་དཀར་པོ་དེའང་ཁོ་མི་གཞན་དག་དང་མི་མཚུངས་པའི་ཟུར་ངོས་མངོན་སྟངས་ཤིག་ཡིན། སྔོན་ཆད་མཚོ་ལུང་གོང་མར་མིག་ཤེལ་དཀར་པོ་གོན་མཁན་མེད་མོད། ལོ་འདི་དག་གི་རིང་ལ་མཚོ་ལུང་གོང་མར་མིག་ཤེལ་གོན་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ནའང་། རྣམ་འདྲེན་གྱི་མིག་ཤེལ་དེ་ནི་ཧ་ཅང་དམིགས་བསལ་བ་ཞིག་ཡིན། རྣམ་འདྲེན་ནི་མཚོ་ལུང་གོང་མའི་མིག་ཤེལ་དཀར་པོ་གོན་མཁན་ཐོག་མ་དེ་ཡིན་པས་ཁྲིགས་ཁྲིགས་མེད་ན་རྣམ་འདྲེན་གྱི་མིག་ཤེལ་དེ་ལས་དམིགས་བསལ་གྱི་བྱ་དངོས་རེ་འགའ་མཐོང་ཡང་སྲིད་ངེས།

ཉིན་དེར་ཁོས་མཚོ་ལུང་ཉག་ག་ནས་འཚུབ་མ་ནག་པོ་ཞིག་འཐིབ་བཞིན་པ་མཐོང་བྱུང་། འཚུབ་མ་དེ་རང་དང་ཁ་ཐག་ཇེ་ཉེ་ཡིན་པས་སེམས་སུ་གློ་བུར་དུ་སྐྲག་སྣང་དང་འཇིགས་སྣང་ཞིག་གིས་བསྒྲིབས་པར་བྱས་ཤིང་། ཡིད་ནས་《བར་ཆད་ལམ་སེལ》མྱུར་མོར་བཏོན། ཡིད་དགའ་བ་ཞིག་ལ《བར་ཆད་ལམ་སེལ》བཏོན་པའི་བྱིན་རླབས་ཡིན་མིན་ཅི་ཆ་གང་ལྟར་འཚུབ་མ་དེ་རེ་ཞིག་འཇགས་པར་གྱུར་ནས་རྣམ་འདྲེན་གྱི་ཞེ་སེམས་ཀྱང་ག་ལེར་ལྷོད་ལ་བབས་ཏེ་བདེ་བར་གྱུར། དེ་བས་ཉིན་དེར་མཚོ་ལུང་གོང་མའི་སྡེ་མི་དག་ནམ་རྒྱུན་དང་འདྲ་བར་རང་རང་ས་ནས་ལས་ལ་བྲེལ་ཞིང་། རྣམ་འདྲེན་ཡང་ཕྱིར་ཁྱིམ་དུ་ཡོང་ནས་རང་གི་མིག་ཤེལ་གདོང་ནས་བླངས་ཏེ་མདུན་ཅོག་སྟེང་དུ་བཞག ཁོས་ཡུན་རིང་ཞིག་ལ་རང་གི་མིག་ཤེལ་དེར་བལྟས་ནས་བསྡད། ཁོས་མིག་ཤེལ་དེ་ལ་བལྟས་ཀྱིན་བལྟས་ཀྱིན་ཁོ་རང་གིས་མིག་ཤེལ་གོན་པའི་བརྒྱུད་རིམ་དེ་ཡིད་ལ་དྲན། ཁོ་རང་སློབ་སྦྱོང་ལ་དགའ་བའི་སློབ་མ་ཞིག་ཡིན་པས་ཁོས་ནམ་རྒྱུན་འབད་བརྩོན་ལྷོད་མེད་ཀྱིས་བསླབ་གཞི་མཐའ་དག་ནན་གྱིས་སྦྱངས་པ་དང་། སྒོས་སུ་དགོང་མོའི་ངལ་གསོའི་དུས་ཚོད་སྤྱད་ནས་གསལ་ལ་མི་གསལ་བའི་གློག་སྒྲོན་འོག་ཏུ་དཔེ་ཀློག་བྱས་ཤིང་། ཁོ་དེ་ལྟར་དཔེ་ཀློག་གི་འཚོ་བར་གོམས་པས་དེ་ལྟ་བུའི་དཔེ་ཀློག་གི་འཚོ་བའི་ཁྲོད་དུ་ཁོའི་མིག་གི་མཐོང་ལམ་ག་ལེར་སྒྲིབ་མགོ་བརྩམས། རྣམ་འདྲེན་གྱི་མིག་གི་མཐོང་ལམ་དེ་ལྟར་ཞན་པར་གྱུར་ནའང་ཁོས་དགོང་མོར་དཔེ་ཀློག་བྱེད་རྒྱུའི་འདུན་པ་མ་ལྷོད་པས་མཐར་དགེ་རྒན་གྱི་སྐུལ་སློང་འོག རྣམ་འདྲེན་གྱི་ཨ་ཕས་ཁོ་ལ་མེ་ཤེལ་མིག་ར་ཞིག་ཉོས། དུས་དེ་ནས་བཟུང་རྣམ་འདྲེན་དང་མིག་ཤེལ་གྱི་བར་ལ་འབྲེལ་བ་བྱུང་བས་མིག་ཤེལ་ནི་རྣམ་འདྲེན་གྱི་འཚོ་བའི་ཁྲོད་མེད་ཐབས་བྲལ་བའི་དངོས་པོ་ཞིག་ཏུ་གྱུར། དེ་ལྟར་མིག་ཤེལ་ལ་བལྟས་པས་མིག་ཤེལ་དང་འབྲེལ་བའི་གཏམ་རྒྱུད་མང་པོ་ཞིག་དྲན་བྱུང་། ཁོས་མིག་ཤེལ་ཐོག་མར་གོན་དུས་ཁོའི་ཉེ་འདབས་ཀྱི་མི་དག་གིས་ཁོ་ལ་རྣམ་འདྲེན་མྱིག་བཞི་ཞེས་མཚང་མིང་ཞིག་བཏགས་མོད། ཁོ་ནི་ངོ་མ་མིག་བཞི་ཡོད་པ་ལྟར་ཁོས་མཚོ་ལུང་གོང་མའི་མི་དག་གིས་མཐོང་ཐབས་བྲལ་བའི་བྱ་དངོས་ཅི་རིགས་ཤིག་མཐོང་གིན་ཡོད་ཅིང་། འབྱུང་འགྱུར་གྱི་འཚོ་བའི་ཁ་ཕྱོགས་དག་ཀྱང་གསལ་ལ་མི་གསལ་བ་ཞིག་མཐོང་གིན་ཡོད་པ་འདྲ།

ད་ལོར་ཁོས་མཚོ་ལུང་གོང་མའི་ཡུལ་གྲུ་འདི་ལ་རླུང་ཆེན་ཞིག་ལྡང་རྒྱུ་ཡིན་པ་རྟོགས་ཡོད་པ་ལྟར་ཧ་ཅང་སེམས་ཁུར་བྱེད་ཀྱིན་འདུག རླུང་ལྡང་བར་སེམས་ཁུར་བྱེད་མཁན་ནི་ཁོ་གཅིག་པུ་མ་ཡིན་པར་མཚོ་ལུང་གོང་མའི་མི་ཚང་མ་ཡིན་མོད། ཁོ་ནི་སེམས་ཁུར་ཁོ་ན་བྱེད་མཁན་ཞིག་མ་ཡིན་པར་རླུང་འགོག་ཐབས་ལ་བསམ་གཞིག་བྱེད་མཁན་དང་རླུང་ལྡང་བར་གྱུར་ན་གནོད་འཚེ་སྔོན་འགོག་ཐབས་ལ་སྟ་གོན་གང་ལེགས་གནང་མཁན་ཞིག་རེད། དེ་བས་ཁོས་སྡོང་འཛུགས་ནགས་སྐྲུན་ནི་མཆོག་ཏུ་གྱུར་པའི་རླུང་འགོག་ཐབས་ཤེས་ཡག་པོ་ཞིག་ཏུ་བསམས་ནས་ནམ་ཞིག་མཚོ་ལུང་གོང་མའི་སྡེ་མི་དག་ཕྱོགས་གཅིག་ཏུ་འཛོམ་ན་དེ་ཅིས་ཀྱང་བཤད་དགོས་སྙམ་གྱིན་ཡོད། སྐབས་སྐབས་སུ་ཁོ་ཚང་ལ་ཡོང་བའི་མགྲོན་པོ་རེ་ཟུང་ལ་ཁོས་ཁ་བརྡའི་ཟུར་ཕྱོགས་གང་རུང་ནས་སྡོང་འཛུགས་ནགས་སྐྲུན་ནི་རླུང་གི་གནོད་འཚེ་སྔོན་འགོག་གི་ཐབས་ལམ་བཟང་པོ་ཞིག་ཡིན་པར་བཤད་ཅིང་། སྡོང་འཛུགས་ནགས་སྐྲུན་ནི་ཁྲིམས་དང་མཐུན་པའི་སྐྱེ་ཁམས་འཛུགས་སྐྲུན་ཞིག་ཡིན་པ་ཞོར་དུ་བཤད་དེ། ཁྲིམས་མཐུན་ཁེ་དབང་ལོངས་སྤྱོད་དང་ཕ་ཡུལ་འབྱུང་འགྱུར་འཛུགས་སྐྲུན་བྱས་ནས་རང་ཡུལ་རང་སྲུང་ནི་ཀུན་གྱི་འགན་འཁྲི་ཡིན་པ་རྟག་པར་ལབ་བཞིན་ཡོད། དེ་འབྲེལ་རྣམ་འདྲེན་གྱིས་མཚོ་ལུང་གོང་མའི་མི་རྣམས་ལ་སྡོང་འཛུགས་ནགས་སྐྲུན་གྱི་འདུ་ཤེས་ཆགས་པར་རང་ནུས་ཅི་ལྕོགས་ཀྱིས་སྐུལ་འདེད་གཏོང་བཞིན་ཡོད།

མཚོ་ལུང་གོང་མའི་མི་སུ་ལ་མཚོན་ནའང་སྔོན་ཆད་རླུང་གིས་ཡུལ་གྲུ་འདི་ལ་གནོད་འཚེ་ཚབས་ཆེན་ཞིག་བཟོས་མྱོང་བ་རྣ་ཐོས་ཡོད་ཅིང་། སྒོས་སུ་རྒན་རབས་པ་དག་གིས་རླུང་དེའི་འཇིགས་པ་དངོས་སུ་མིག་གིས་རིག་ཡོད་པས་རླུང་ཆེན་དེ་ལྟ་བུ་ཞིག་ལྡང་བར་ལྷག་ཏུ་སེམས་ཁུར་བྱེད་ཀྱིན་ཡོད།

རྣམ་འདྲེན་གྱིས་དཔེ་ཆའི་མིང་གསལ་པོར་དྲན་གིན་མེད་མོད། ཁོས་སྔོན་ཆད་བཀླགས་མྱོང་བའི་དེབ་ཅིག་ལས་རླུང་གི་ཆགས་ཚུལ་ལ་ཕུ་རླུང་དང་མདའ་རླུང་ཞེས་གཉིས་ཡོད་པ་དྲན་བཞིན་ཡོད། དཔེ་ཆ་དེའི་སྟེང་ཞོགས་པར་ཉི་མ་ཤར་རྗེས་ཉི་འོད་རི་ལྡེབས་སུ་འཕྲོས་ཤིང་། རི་ལྡེབས་ཀྱི་མཁའ་རླུང་དྲོན་པོར་ཕྱིན་ནས་རི་ལྡེབས་བརྒྱུད་དེ་རི་རྩེར་རྒྱུ་བ་དང་། གཤོང་སའི་མཁའ་རླུང་གིས་ཁ་གསབ་བྱས་སྟབས་ཕུ་རླུང་ཆགས་ཞེས་བྲིས་ཡོད། ཉི་མ་ནུབ་ཏུ་བཞུད་ནས་རི་རྩེ་དང་རི་ལྡེབས་ཀྱི་མཁའ་རླུང་གྲང་མོར་ཆགས་པ་ཧ་ཅང་མགྱོགས་མོད། འོན་ཀྱང་རི་གཤམ་གྱི་མཁའ་དབུགས་དྲོན་པོ་ཡིན། དེ་ཡང་དེའི་སྐབས་ཀྱི་རི་རྩེ་དང་རི་སྐེད་ལ་ཐག་ཉེ་བའི་མཁའ་རླུང་གྲང་མོ་རི་ཁུལ་དུ་རྒྱུ་བ་དང་།ཡང་རི་རྩེ་དང་རི་སྐེད། རི་སྐེད་ནས་རི་གཤམ་དུ་རྒྱུ་བས་མདའ་རླུང་ཆགས་ཞེས་བྲིས་ཡོད་པ་དྲན་ནས་ཁོས་སེམས་སུ་རླུང་ནི་རང་བྱུང་གི་འབྱུང་བ་བཞིའི་ཁྲོད་ཀྱི་གཅིག་ཡིན་པས་རང་བྱུང་གི་གནོད་འཚེ་ལ་གཡོལ་ཐབས་མེད་ཀྱང་སྲིད་མོད། སྔོན་འགོག་དང་སྟ་གོན་གྱི་ཚུལ་དུ་གྲ་སྒྲིག་གང་ལེགས་བྱེད་རྒྱུ་ནི་ཧ་ཅང་བཟང་བའི་བྱེད་ཐབས་ཤིག་ཏུ་སྙམ་བཞིན་ཡོད།

ཉིན་འགའི་སྔོན་ལ་མཚོ་ལུང་ཞོལ་མར་རླུང་ལྡང་ནས་རླུང་འཚུབ་འཇིགས་པོ་ཞིག་གིས་ཁྱིམ་ཚང་སྐོར་ཞིག་གི་ཁང་ཀླད་ཁུར་བའི་གནས་ཚུལ་ཞིག་ཕྱོགས་སོ་སོ་ནས་ཐོས་ཡོང་བས་མཚོ་ལུང་གོང་མའི་མི་དག་ལྷག་ཏུ་སྐྲག་གིན་ཡོད་ཅིང་། སྐྲག་སྣང་དང་སེམས་ཁུར་གྱི་ཁྲོད་དུ་མཚོ་ལུང་གོང་མའི་མི་དག་གིས་མཚོ་ལུང་ཞོལ་མའི་ཁྱིམ་ཚང་སྐོར་ཞིག་གི་ཁང་ཀླད་ཁུར་བ་དེ་ཉེན་ཁ་གང་ཞིག་གི་སྔོན་བརྡ་ཡིན་པར་བསམ་བཞིན་ཡོད།

བར་སྐབས་དེར། ཚེ་སྒྲོན་གྱི་རྨོ་མོ་ཚེ་ལས་འདས་སོང་། ཚེ་སྒྲོན་དང་ཚེ་སྒྲོན་གྱི་ཤ་ཉེ་དག་ལ་མཚོན་ན་རྨོ་མོ་ཚེ་ལས་འདས་པ་ནི་ཧ་ཅང་སྡུག་བསྔལ་ལྕི་བའི་དོན་དག་ཅིག་ཡིན་ཞིང་། དེ་ནི་སྡུག་ཐོག་སྡུག་བཞག་དང་སེམས་པ་སྔར་ལས་སྨྲེང་སྤྱད་ཅིག་ཏུ་གྱུར། རྣམ་འདྲེན་དང་ཚེ་སྒྲོན་བར་ལ་ཤ་ཁྲག་གི་འབྲེལ་བ་མེད་མོད། ཚེ་སྒྲོན་གྱི་རྨོ་མོ་ཚེ་ལས་འདས་པ་དེས་ཁོའི་སེམས་སུའང་སྡུག་བསྔལ་དང་ཕངས་འགྱོད་ཆེན་པོ་ཞིག་བཞག ཚེ་སྒྲོན་གྱི་རྨོ་མོ་ནི་མཚོ་ལུང་གོང་མའི་དམངས་ཁྲོད་གླུ་མ་གྲགས་ཅན་ཞིག་ཡིན། མོ་རང་གཞོན་དུས་སུ་མོའི་སྐད་ངག་དེས་ཡུལ་གྲུ་འདིའི་རྒན་གཞོན་ཚང་མར་བག་ཆགས་ཟབ་མོ་ཞིག་བཞག་མྱོང་བས་མོ་དང་དུས་ཐོག་གཅིག་པའི་མི་དག་གིས་ཚེ་སྒྲོན་གྱི་རྨོ་མོའི་སྐད་ངག་དེས“ཕྱི་མའི་ཡུལ་ནས་ཕྱིར་ལ་བཀུག་འཇོག”ཅེས་བསྟོད་བསྔགས་དང་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད། དེ་བས་རྒན་རབས་གླུ་མ་དེས་སྔོན་ཆད་བླངས་པའི་དམངས་གླུ་སྐོར་ཞིག་གིས་རྣམ་འདྲེན་གྱི་ཡིད་སེམས་དབང་མེད་ཕྲོགས་མྱོང་བས་རྣམ་འདྲེན་གྱིས་ཚེ་སྒྲོན་གྱི་རྨོ་མོའི་ངག་ནས་དབྱངས་རྟ་དང་དམངས་གླུ། དམངས་སྲོལ་གྱི་ཆོ་ག་ཕྱག་ལེན་མང་པོ་ཞིག་ཡིག་ཐོག་ཏུ་ཕབ་སྟེ་ཕྱི་རབས་པ་དག་ལ་སྔོན་བྱུང་མེས་པོ་རྣམས་ཀྱིས་བཞག་པའི་ཐུན་མོང་མ་ཡིན་པའི་དམངས་ཁྲོད་རིག་གནས་མང་པོ་ཞིག་བརྒྱུད་སྒྲོག་བྱེད་བསམ་མོད། ཡིད་ཕངས་པ་ཞིག་ལ་ཁོས་རེ་འདུན་དེ་མ་འགྲུབ་པར་ཚེ་སྒྲོན་གྱི་རྨོ་མོ་ཚེ་ཡི་འཕེན་པ་རྫོགས་པ་དེ་རྣམ་འདྲེན་ལ་མཚོན་ན་ཧ་ཅང་ཕངས་སེམས་ཆེ་ཞིང་། མི་ཚེའི་ཁྲོད་ཀྱི་འགྱོད་སྣང་ཆེ་ཤོས་ཤིག་ཏུ་གྱུར། སྒོས་སུ་རྣམ་འདྲེན་ནི་མཚོ་ལུང་གོང་མའི་སློབ་ཆེན་སློབ་མའི་ཁྲོད་ཀྱི་རིག་གནས་ཀྱི་ཆུ་ཚད་མཐོ་ཞིང་ལྟ་རྒྱ་མཐོང་རྒྱ་གཞན་ལས་ལྷག་པ་དེ་ཡིན་པས་ཁོས་དམངས་ཁྲོད་རིག་གནས་ལ་ཞིབ་འཇུག་དང་འཚོལ་བསྡུ་བྱེད་བསམ་པའི་ཕུགས་འདུན་ཞིག་སེམས་སུ་ཉར་ནས་ཡོད་པས་ནམ་རྒྱུན་ཁོ་རྒན་རབས་པ་དག་གི་གཏམ་ལ་ཉན་རྒྱུར་ཧ་ཅང་དགའ་བོ་ཡོད། མ་ཟད། སྟོན་ཐོག་སོགས་ནས་གླུ་པ་གླུ་མ་དག་གིས་ལེན་བཞིན་པའི་ལ་གཞས་སོགས་ལ་ཉན་རྒྱུའང་ཞེ་དྲག་དགའ་བོ་ཡོད། མཚོ་ལུང་གོང་མར་རྣམ་འདྲེན་མ་གཏོགས་ཀྱང་སློབ་ཆེན་སློབ་མ་རེ་ཟུང་ཡོད་མོད། དེ་དག་དང་རྣམ་འདྲེན་ནི་དངོས་གནས་འཇིག་རྟེན་གཉིས་ཀྱི་མི་རེད་ཅེས་བཤད་ཆོག རྣམ་འདྲེན་མ་གཏོགས་གཞན་དག་ནི་བོད་ཀྱི་ལ་གཞས་དང་དབྱངས་རྟ་སོགས་ལ་དགའ་མོས་ཁྱོན་ནས་མེད། ཁོ་ཚོ་དགའ་ས་ནི་རྒྱ་གཞས་དང་ཕྱི་ཕྱོགས་རྒྱལ་ཁབ་སྐོར་ཞིག་གི་གླུ་གར་སྒྱུ་རྩལ་ཡིན་པ་ལས་རྣམ་འདྲེན་དང་འདྲ་བར་བོད་ཀྱི་གླུ་གར་ལ་དགའ་སྣང་ཁྱོན་ནས་མེད། སྐབས་རེར་མ་གཏོགས་དེ་ཚོས་བོད་སྐད་ཀྱང་མི་བཤད་པས་མཚོ་ལུང་གོང་མའི་མི་དག་གི་སེམས་སུ་སློབ་ཆེན་སློབ་མ་ནི་ཁོ་ཚོ་དང་ཁོ་ཚོ་ལྟ་བུ་ཡིན་པ་ལས་རྣམ་འདྲེན་ལྟ་བུ་ཞིག་ཡིན་མི་འོས་པར་བསམ་བཞིན་ཡོད། དེ་བས་རྣམ་འདྲེན་ཚང་གི་ཁྱིམ་མཚེས་དག་གིས་ཀྱང་རྣམ་འདྲེན་ནི་མ་འོངས་པར་རླབས་ཆེན་གྱི་མི་ཞིག་ཏུ་མི་འགྱུར་ཞེས་བཤད་བཞིན་ཡོད། རྒྱུ་མཚན་རྣམ་འདྲེན་ནི་མཚོ་ལུང་གོང་མའི་སློབ་ཆེན་སློབ་མ་གཞན་དག་དང་མི་འདྲ་བར་ནམ་རྒྱུན་བོད་སྐད་བཤད་ཅིང་། བོད་ཀྱི་འཚོ་བ་ལ་དགའ་མཁན་ཞིག་ཡིན་པས་མཚོ་ལུང་གོང་མའི་མི་དག་གི་སེམས་སུ་གྲོང་ཁྱེར་འགྲིམ་པའི་སློབ་ཆེན་སློབ་མ་ཞིག་ལ་མཚོན་ན་ཕྱིར་ཕ་ཡུལ་ལ་དགའ་བ་ནི་ནོར་འཁྲུལ་ཞིག་ཏུ་བསམ་བཞིན་ཡོད། ད་དུང་མཚོ་ལུང་གོང་མའི་སློབ་ཆེན་སློབ་མ་གཞན་དག་དང་མི་འདྲ་བར་རྣམ་འདྲེན་གྱི་འདུ་ཤེས་ལ་འགྱུར་བ་གང་ཡང་མ་བྱུང་བ་ནི་རྣམ་འདྲེན་རིག་གནས་ཤེས་བྱ་འབྱོར་མེད་པའི་སྒྲུབ་བྱེད་ཅིག་ཏུ་བགྲང་བཞིན་ཡོད།

དེ་འབྲེལ་མཚོ་ལུང་གོང་མའི་མི་དག་གིས་རྣམ་འདྲེན་དང་ཡུལ་སྡེ་གཅིག་པའི་སློབ་ཆེན་སློབ་མ་དག་གཤིབ་བསྡུར་ཅི་རིགས་བྱས་རྗེས་མི་རེ་ཟུང་གིས་རྣམ་འདྲེན་ལ་རྩ་ཞིག་མི་ཚང་གི་ཞེས་བཤད་བཞིན་འདུག ཡང་མི་སྐོར་ཞིག་གིས་རྣམ་འདྲེན་གྱི་མིག་ལ་གོན་ཡོད་པའི་མིག་ཤེལ་དེ་མི་གཞན་དག་གིས་གོན་ཡོད་པའི་མིག་ཤེལ་དང་མི་འདྲ་བར་ཁྲིགས་ཁྲིགས་མེད་ན་རྣམ་འདྲེན་གྱིས་མི་གང་ཡིན་གྱིས་མཐོང་ཐུབ་མེད་པའི་བྱ་དངོས་ཅི་རིགས་དང་མ་འོངས་པ་མཐོང་གིན་ཡོད་པ་འདྲ་ཞེས་ཀྱང་བཤད་ཀྱིན་འདུག ཡིན་ཡང་། རྣམ་འདྲེན་གྱིས་དེ་དག་ལ་ཁ་ཡ་ཁྱོན་ནས་བྱེད་ཀྱིན་མེད། ཁོ་ལ་མཚོན་ན་མི་དག་གིས་ཁོ་ལ་ལྟ་ཚུལ་ཅི་འདྲ་བཟུང་ཡང་རུང་བའི་འདུ་ཤེས་ཤིག་གིས་ཁོ་ལ་ཅི་ཟེར་ཡང་ཁོ་དང་འབྲེལ་མེད་ཀྱི་རྣམ་འགྱུར་ཞིག་བཟུང་ནས་ཡོད། རྣམ་འདྲེན་གྱིས་ཆེས་སེམས་ཁུར་དང་དོ་སྣང་བྱེད་བཞིན་པ་ནི་རླུང་ཡིན་ལ། རླུང་ལྡང་ནས་ཡུལ་མི་དང་རྟ་ནོར་ལུག་གསུམ་འཁུར་བར་ཧ་ཅང་སེམས་ཁུར་བྱེད་བཞིན་ཡོད་པར་མ་ཟད། ཡུལ་མི་རྒན་རབས་པ་དག་ཚེ་སྒྲོན་གྱི་རྨོ་མོ་ཇི་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་ཚེ་ཡི་འཕེན་པ་རྫོགས་ཚུལ་ལ་རྣམ་འདྲེན་ཤིན་ཏུ་སྐྱོ་བ་སྐྱེས་བཞིན་ཡོད། རྒན་རབས་པ་དག་གི་ཆེ་བཀུར་ཆུང་བྱམས་དང་ཕུ་ནུའི་ལ་རྒྱ། གཞན་ཕན་ལྷག་བསམ། ངོ་ཚ་ཁྲེལ་ཡོད་ཀྱི་འདུ་ཤེས་སོགས་ནི་ཕྱི་རབས་པ་དག་གིས་མིག་དཔེར་འཛིན་དགོས་པར་བསམ་བཞིན་ཡོད། སྒོས་སུ་རྣམ་འདྲེན་གྱི་སེམས་སུ་རྒན་རབས་པ་དག་ནི་དམངས་སྲོལ་རིག་གནས་དང་དམངས་ཁྲོད་རིག་གནས་ཀྱི་བང་མཛོད་ལྟ་བུ་ཞིག་ལ་ངོས་འཛིན་བཞིན་ཡོད་པས་ཁོ་ཚོའི་ཚེ་ཡི་འཕེན་པ་རྫོགས་པ་ནི་རིག་གནས་ཤིག་གི་ཉམས་རྒུད་ལ་ངོས་འཛིན་བཞིན་ཡོད། ཁོས་ཚེ་སྒྲོན་གྱི་རྨོ་མོའི་མདུན་ནས་དམངས་ཁྲོད་རིག་གནས་ཅི་རིགས་ཤིག་ཡིག་ཐོག་ཏུ་འགོད་མ་ཐུབ་པ་ནི་སེམས་ཀྱི་འགྱོད་གདུང་ཞིག་ཏུ་གྱུར་ཏེ་རང་ལ་ལེ་བདའ་དང་འཁང་ར་བྱེད་ཀྱིན་ཡོད།

རྣམ་འདྲེན་སྐྱོ་གདུང་དང་སེམས་ཁུར་ཅི་རིགས་ཀྱི་ཁྲོད་དུ་ལོ་ཟླ་དང་ཚེས་གྲངས་སོགས་གསལ་པོར་ཤེས་ཀྱིན་མེད་ཀྱང་། གང་ལྟར་ཁོས་སེམས་སུ་ལོ་ཟླ་ནི་མིག་རྡེབ་དབང་ཙམ་ཞིག་ལ་ངོས་འཛིན་བཞིན་ཡོད། ཤེས་མེད་ཚོར་མེད་ངང་རྣམ་འདྲེན་གྱི་ཨ་ཕའང་ལོ་དྲུག་ཅུར་སླེབས་སོང་། བོད་ཀྱི་གཏམ་དཔེ་ཞིག་ཏུ་ལོ་དྲུག་ཅུར་བུད་ན་འདུག་ཁོམ་མེད། ནངས་བྱ་ཕོ་གྲག་ན་གཉིད་ཁོམ་མེད་ཅེས་པ་བཞིན། རྣམ་འདྲེན་གྱི་ཨ་ཕ་འང་ལོ་དང་ནམ་ཚེས་དེད་དེ་ཚེ་སྒྲོན་གྱི་རྨོ་མོ་འདས་ནས་ཅང་མ་འགོར་བར་ཚེ་ལས་འདས་སོང་།

རྣམ་འདྲེན་གྱི་ཨ་ཕ་ནི་མཚོ་ལུང་གོང་མའི་ཡུལ་གྲུ་དེའི་རྒན་རབས་པ་དག་གི་ཁྲོད་ཀྱི་གཏམ་ཁ་ལྕེ་དང་བཟང་ཤེས་རྒྱ་སོགས་གང་ཐད་ནས་ཆེས་བཟང་བ་དེ་ཡིན། ཡུལ་གྲུ་འདིའི་གྱོད་ཁ་མཆུ་དང་གཉེན་སྟོན་སོགས་ཁོས་མ་བསྒྲུབས་པ་གཅིག་ཀྱང་མེད་པས་ཁོ་ནི་རྒན་པ་དག་གི་ཁྲོད་ནས་ཆེས་འཇོན་ཐང་ཅན་དེ་ཡིན། དེ་བས་རྣམ་འདྲེན་ལ་བོད་ཀྱི་དམངས་སྲོལ་རིག་གནས་ལ་དགའ་བ་བླ་ལྷག་ཡོད་པ་ནི་ཁོའི་ཨ་ཕས་བཞག་པའི་བག་ཆགས་ལ་འབྲེལ་བ་ཡོད་དེ། ཁོའི་ཨ་ཕ་ནི་ཡུལ་གྲུ་འདིའི་གླུ་པ་དང་གཏམ་བཤད་པ།གྱོད་བཤད་པ་གྲགས་ཅན་ཞིག་ཡིན་པས་ཁོའི་ཨ་ཕའི་སྟེང་ན་འང་རྣམ་འདྲེན་གྱིས་རྟག་པར་སློབ་ན་འདོད་བཞིན་པའི་དམངས་ཁྲོད་རིག་གནས་ཀྱི་སྐོར་གྱ་ནོམ་པ་ཞིག་ཡོད། རྣམ་འདྲེན་གྱི་མ་གཞིའི་འཆར་གཞི་ནི་ད་ལོའི་དགུན་གནང་གི་གནང་བ་འདི་བེད་སྤྱད་དེ་ཕ་ཡུལ་གྱི་ཡུལ་མི་སྐོར་ཞིག་གི་ངག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་དམངས་ཁྲོད་རིག་གནས་སྐོར་ཞིག་འཚོལ་བསྡུ་བྱེད་བསམ་ཞིང་། སྒོས་སུ་ཚེ་སྒྲོན་གྱི་རྨོ་མོ་དང་རང་གི་ཨ་ཕའི་ངག་ནས་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་ངག་ཐོག་རིག་གནས་ཅི་རིགས་ཤིག་ཡིག་ཐོག་ཏུ་འགོད་བསམས་མོད། ཡིད་ཕངས་པ་ཞིག་ལ་ད་ལོའི་དགུན་ཁ་ནི་སྔོན་གྱི་ལོ་དག་གི་དགུན་ཁ་དང་མི་འདྲ་བར། རྣམ་འདྲེན་སློབ་གྲྭ་ནས་ཕྱིར་ཕ་ཡུལ་དུ་འབྱོར་དུས། ཡུལ་མི་དག་གིས་རླུང་ལྡང་བར་སེམས་ཁུར་བྱེད་བཞིན་ཡོད་ཅིང་། ཚེ་སྒྲོན་གྱི་རྨོ་མོ་དང་རང་གི་ཨ་ཕའང་ཚེ་ལས་འདས་པས་རྣམ་འདྲེན་གྱི་འཆར་གཞི་འགྲུབ་རྒྱུ་ཕར་ཞོག རྣམ་འདྲེན་གྱི་མི་ཚེའི་ཁྲོད་ལ་སྔར་བཞག་མ་མྱོང་བའི་འགྱོད་སྣང་དང་སྡུག་བསྔལ་ཞིག་བཞག་སོང་། རང་གི་ཨ་ཕ་འཇིག་རྟེན་མི་ཡུལ་དུ་བཞུགས་པའི་ནམ་རྒྱུན་གྱི་འཚོ་བའི་ཁྲོད་ཁོང་གི་མདུན་ནས་བོད་ཀྱི་གཉེན་སྲོལ་གྱི་ཆོ་ག་ཕྱག་ལེན་དང་། གཏམ་དཔེ་བཤད་ལུགས། གླུ་ལེན་ལུགས། ཤགས་རྒྱག་ལུགས། གྱོད་བཤད་ལུགས་སོགས་ཐུན་མོང་མ་ཡིན་པའི་རིག་གནས་མང་པོ་ཞིག་ཡིག་ཐོག་ཏུ་མ་བཀོད་པ་ལ་འགྱོད་སྣང་ཆེན་པོ་སྐྱེས་སོང་། རང་གི་ཨ་ཕ་འཇིག་རྟེན་དཀར་ངོགས་སུ་བཞུགས་དུས་ཁོང་གི་སྟེང་གི་གཞན་དང་ཐུན་མོང་མ་ཡིན་པའི་རིག་གནས་དང་ཡོན་ཏན་ཅི་རིགས་ཤིག་རང་རྒྱུད་དུ་ལེན་མ་ཐུབ་པ་ལ་ཤིན་ཏུ་ནས་འགྱོད་པ་ཆེན་པོ་སྐྱེས།

བོད་ཀྱི་གཏམ་དཔེ་ཞིག་ཏུ་རྒྱ་མཚོ་གམ་ནས་བཞག་སྟེ་ཀོ་གྱོང་མཆིལ་མས་སྦངས་ཞེས་པ་ལྟར་དམངས་ཁྲོད་རིག་གནས་ཀྱི་སློབ་དཔོན་ཆེན་མོ་ཞིག་རང་གི་གམ་ནས་བཞག་སྟེ། དམངས་ཁྲོད་རིག་གནས་ཞེས་རྒྱང་རིང་ཞིག་ལ་བསྙེགས་པ་དེ་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པར་ངེས་ཤེས་སྐྱེས་པས་རང་གི་རྨོངས་ལས་དེ་ལ་གུ་ཡངས་གཏོང་ཐབས་བྲལ་ནས་རྣམ་འདྲེན་གྱི་སེམས་སུ་ཚངས་མགུར་ཚན་པ་ཞིག་དྲན་བྱུང་། ནོར་བུ་རང་ལ་ཡོད་དུས། ། ནོར་བུའི་ནོར་ངོ་མ་ཤེས། ། ནོར་བུ་གཞན་ལ་ཤོར་དུས། ། སྙིང་རླུང་སྟོད་ལ་འཚང་བྱུང་། །ཞེས་པ་ཡིད་ལ་གསལ་ལེར་དྲན་ནས་མིག་ལས་མཆི་མ་དབང་མེད་བཞུར་བཞིན་རང་གི་ཕ་འཇིག་རྟེན་མི་ཡུལ་དུ་བཞུགས་པའི་དུས་སྐབས་དག་གི་ཕ་དང་རང་གི་བར་གྱི་གཏམ་རྒྱུད་ཅི་རིགས་ཤིག་ཕྱིར་དྲན་བྱེད་བཞིན། ཨ་ཕས་རང་ལ་གནང་བའི་བྱམས་སེམས་དང་གཅེས་སྐྱོང་ནི་འཇིག་རྟེན་སྟེང་སུས་ཀྱང་གནང་ཐུབ་མེད་པའི་བརྩེ་སེམས་ངོ་མ་དེ་ཡིན་པ་དངོས་གནས་རྟོགས་སོང་། བོད་ཀྱི་དམངས་གླུ་ཞིག་ཏུ་དྲིན་ཆེན་ཡན་ན་དྲིན་ཆེན་མེད། ། དྲིན་ཨ་ཕའི་ཡན་ན་དྲིན་ཆེན་མེད་ཞེས་པའི་མི་སུ་དང་གང་ཡིན་རུང་ཁ་ནས་ལེན་བཞིན་པའི་ཆེས་སྤྱིར་བཏང་གི་ཚིག་འདི་ནི་ཅི་འདྲའི་བདེན་ཨང་སྙམ་པས་སྔར་ལས་ཀྱང་མིག་ཆུ་ཤམ་ཤམ་དུ་བཞུར།

བཤད་རྒྱུན་ཞིག་ཏུ་ཕ་སེམས་བུ་ཐོག་དང་བུ་སེམས་རྡོ་ཐོག་ཟེར་མོད། རྣམ་འདྲེན་ནི་དེ་འདྲ་ཞིག་མ་ཡིན་པར་རང་གི་ཕ་འཇིག་རྟེན་དཀར་ངོགས་སུ་འཚོ་བཞུགས་གནང་དུས་ཀྱང་ཕ་ལ་བཀུར་བསྟི་བྱེད་ཅིང་ཧ་ཅང་འདང་བརྩེ་ཡོད་པ་ཞིག་ཡིན་པས་རང་གི་ཕ་ལ་བརྩི་བཀུར་མ་བྱས་པའི་འགྱོད་སྣང་གང་ཡང་མེད། ཡིན་ཡང་བར་སྐབས་འདིའི་རྣམ་འདྲེན་གྱི་སེམས་ནང་གི་སྡུག་བསྔལ་ནི་ཤ་ཉེ་འབྲེལ་ཀུན་ལས་ལྕི་ཞིང་། ཁོ་སྐྱོ་གདུང་གི་ཁྲོད་དུ་འཕྲུལ་སྣང་བྱུང་སྟེ་རང་གི་ཨ་ཕའི་རྒྱབ་གཟུགས་མོག་པོ་ཞིག་རང་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་སོང་ནས་ཡལ་བར་གྱུར་པའི་བར་སྐབས་དེར། ཁོས་སྔོན་རྒྱའི་རྩོམ་པ་པོ་ཀྲུའུ་ཙི་ཆིན་ལགས་ཀྱིས་བྲིས་པའི《རྒྱབ་གཟུགས》ཞེས་པའི་ལྷུག་རྩོམ་དེ་དྲན་ཞིང་། དེ་ལ་གོ་དོན་དང་ངེས་ཤེས་གཞན་ཞིག་རྙེད།

དེ་ལྟར་རྣམ་འདྲེན་སྐྱོ་གདུང་དང་སྡུག་བསྔལ་གྱིས་མནར་ནས་ཡོད་པའི་བར་སྐབས་དེར། ཚེ་སྒྲོན་ཁོ་ཚང་ལ་མ་ཎི་འདོན་དུ་སླེབས།ཕ་མ་དང་ཤ་ཉེ་ཤི་བྲལ་བྱས་པའི་སྡུག་བསྔལ་དེ་ཚེ་སྒྲོན་གྱི་མགོ་ལའང་ཡོང་མྱོང་བས་རྣམ་འདྲེན་གྱི་བར་སྐབས་འདིའི་སྡུག་བསྔལ་ནི་མོས་དངོས་གནས་ཚོར་ཐུབ་པ་ཞིག་ཡིན་པས་རྣམ་འདྲེན་མཐོང་མ་དག་མིག་ཆུ་བཞུར་སོང་། མོས་སེམས་སུ་སྨྲ་བསམ་བརྗོད་འདས་ཀྱི་སྐྱེ་འཆིའི་སྡུག་བསྔལ་དག་གི་འོག་ཏུ་མི་ནི་ཅི་འདྲའི་ཉམ་ཆུང་བ་ཞིག་དངོས་གནས་རེད་འདོད་པའི་ཚོར་སྣང་ཞིག་དབང་མེད་བྱུང་།

དེ་ལྟར་སྡུག་བསྔལ་སེམས་ཀྱིས་ཚོར་ནས་མིག་ཆུས་སྐད་ཆ་བཤད་དུས་མི་སུ་ཡིན་པ་གསལ་པོར་མ་ཤེས་མོད། མི་ཞིག་གིས་རླུང་གཡུག་བྱུང་ཞེས་སྐད་བརྒྱབ། དེ་མ་ཐག་རྣམ་འདྲེན་གྱིས་མིག་ཆུ་ཕྱི་བཞིན་ཁྱིམ་ནས་སྒོར་བུད་དེ་ཕར་ཚུར་ལ་ལྟ་དུས། རླུང་དངོས་གནས་གཡུག་གིན་འདུག ཁོ་ཚང་གི་སྒོ་དར་རླུང་གིས་བསྐྱོད་དེ་གཅོད་ལ་ཉེ། རྣམ་འདྲེན་ལ་སྔར་ལས་ཀྱང་དངངས་འཚུབ་ཅིག་སྐྱེས་ཏེ་མཚོ་ལུང་གོང་མའི་ཉག་ག་དེ་ལ་ལྟ་དུས། དེ་རུ་འཚུབ་མ་ནག་པོ་ཞིག་འཐིབ་བཞིན་འདུག འཚུབ་མ་ནག་པོ་དེ་ག་ལེར་རང་དང་བར་ཐག་ཇེ་ཉེ་ཡིན་པ་མཐོང་། དེ་མ་ཐག་རྣམ་འདྲེན་གྱིས་སྔོན་ཚེ་སྒྲོན་གྱི་རྨོ་མོ་འཇིག་རྟེན་མི་ཡུལ་དུ་བཞུགས་དུས་སུ་བཤད་བཞིན་པའི་འཚུབ་མ་ནག་པོ་དེ་དྲན་བྱུང་། མཚོ་ལུང་ཉག་ཁ་ནས་འཐིབ་བཞིན་པའི་འཚུབ་མ་དེ་ཧ་ཅང་འཇིགས་སུ་རུང་བ་ཞིག་ཡིན་པས་མཚོ་ལུང་གོང་མའི་མི་རྣམས་རང་རང་ས་ནས་སྐྲག་སྣང་དང་བཅས་ཏེ“ད་ཚང་མ་འཁུར་རྒྱུ་རེད”ཅེས་འུར་བཞིན་འདུག མཚོ་ལུང་གོང་མའི་ཁྱིམ་ཚང་རྣམས་ཀྱི་སྒོ་ཟོག་དག་རེ་རེ་བཞིན་འཚུབ་མའི་ཀློང་དུ་འདྲེན་བཞིན་པ་རྣམ་འདྲེན་གྱིས་མཐོང་སོང་། རྣམ་འདྲེན་གྱིས་འཚུབ་མ་དེ་ལྟ་བུ་ཞིག་ཡོང་རྒྱུ་ཡིན་པ་སྔ་མོ་ཞིག་ནས་རྟོགས་ཡོད་པས་ཁོས་སྡོང་འཛུགས་ནགས་སྐྲུན་གྱི་གྲོས་གཞི་ཞིག་མཐའ་འཁོར་གྱི་མི་སྐོར་ཞིག་ལ་བཏོན་ནས་རླུང་འགོག་ཐབས་ལ་གྲ་སྒྲིག་བྱས་མོད། དེ་ལག་ལེན་དུ་འདེབས་དབང་མ་བྱིན་པར་མཚོ་ལུང་གོང་མར་རླུང་འདི་ལྟར་ལྡང་སོང་། རླུང་གིས་མི་དང་ཕྱུགས་ཟོག་འཁུར་བཞིན་པའི་བར་སྐབས་དེར་མི་སྐོར་ཞིག་གིས་རྣམ་འདྲེན་གྱིས་རླུང་འགོག་ཐད་ལ་བཏོན་པའི་སྡོང་འཛུགས་ནགས་སྐྲུན་གྱི་བྱེད་ཐབས་དེ་དྲན་བྱུང་། ཡིན་ཡང་ད་ནི་ཡོད་ཚད་འཕྱིས་ཟིན་པས་འཁང་ར་དང་ལེ་བདའ་བྱེད་དབང་མ་བྱིན་པར་འཚུབ་མ་ནག་པོ་ཞིག་གིས་ཁོ་ཚོ་གར་ཁུར་གང་ཁུར་མ་ཤེས་མོད། གང་ལྟར་རྒྱང་རིང་ཞིག་ཏུ་ཁུར་སོང་།

འཇིགས་སྐྲག་དང་དངངས་འཚུབ་ཀྱི་ཁྲོད་དུ་རྣམ་འདྲེན་ལ་མགོ་ཡོམ་ལྟ་བུ་ཞིག་འཁོར་ཏེ་རླུང་ནང་དུ་འགྱེལ་སོང་། ཁོས་ས་རྡུལ་གྱིས་བསྒྲིབས་ནས་ཡོད་པའི་མིག་ཤེལ་ལས་སྔར་བཞིན་རླུང་གིས་འཁུར་བཞིན་པའི་སྲོག་ཆགས་དང་དངོས་པོ་མཐའ་དག་གསལ་པོར་མཐོང་བྱུང་། ཁོས་རང་ཁྱིམ་དུ་ཉར་ཚགས་བྱས་ཡོད་པའི་དཔེ་ཆ་དག་ཀྱང་རླུང་གིས་ཁུར་ཏེ་ཤོག་ལེབ་རེ་རེ་བཞིན་ས་རུ་འཐོར་ནས་ཤོག་ལེབ་རེ་རེ་ས་ངོས་ནས་བར་སྣང་དུ་འཁུར་དུས།རྣམ་འདྲེན་གྱིས་དཔེ་དེབ་དེ་དག་གི་ཁྲོད་ཀྱི་ཤེས་བྱ་དང་ཡིད་དུ་འོང་བའི་གཏམ་རྒྱུད་དག་ལ་སླར་ཡང་ཐེངས་གཅིག་མཇལ་ན་བསམ་པས་ཚོར་སྣང་ཞིག་གིས་ཁོས་ལག་པས་དཔེ་དེབ་དེ་དག་འཛིན་པར་འབད་པ་བྱས་མོད། ཁོས་ལག་པའི་ཟིན་རྒྱུ་ཕར་ཞོག དཔེ་དེབ་དེ་དག་གི་ཤོག་བུ་རེ་རེ་ཕྱོགས་བཞི་མཚམས་བརྒྱད་དུ་འཐོར་གྱིན་རང་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར། རླུང་ཤུགས་ཀྱིས་ཁོ་རང་ཉིད་ཀྱང་བར་སྣང་དུ་བཀྱགས་ནས་བར་སྐབས་ཤིག་ལ་ཁོ་རང་མིག་འཕྲུལ་ཡིན་མིན་ཅི་ཆ། ཁོའི་མཐོང་སྣང་ཞིག་ཏུ་རླུང་གིས་འཁུར་བཞིན་པའི་དཔེ་དེབ་ཀྱི་ཤོག་ངོས་དེ་དག་ལས་དབྱངས་བཞི་དང་གསལ་བྱེད་སུམ་ཅུའང་མགོ་རྟིང་རྫོགས་ནས་མགོ་དང་རྐང་པ་རང་རང་སར་འཐོར་གྱིན་ཕྱོགས་བཞིར་ཁུར་ནས་ཁོ་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར་ཏེ་རེ་རེ་བཞིན་ས་རྡུལ་གྱི་ཀློང་དུ་འཐིམ་པར་གྱུར་པ་མཐོང་བྱུང་། བར་སྐབས་དེར་སྔར་ལས་ཆེ་བའི་རླུང་འཚུབ་དྲག་པོ་ཞིག་གིས་ཁོའི་མཐོང་ལམ་ཡོད་ཚད་བསྒྲིབས་པར་གྱུར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།