ཀྲུང་གོ་བོད་ཀྱི་དྲ་བ།

སྙན་ངག་དེ་བྲིས་མེད་ན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཆོས་དབྱིངས་རྒྱ་མཚོ།   སྤེལ་དུས། : 2022-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག

གལ་ཏེ། ཁྱོད་གཉིས་ཕན་ཚུན་ཁ་ཁར་གྱེས་མེད་ནའང་ཐང་།

གལ་ཏེ། སྙན་ངག་དེ་བྲིས་མེད་ན། ཁྱོད་ཀྱིས་བརྩེ་དུང་དེའི་སླད་དུ་གླེན་རྟགས་མང་ཙམ་བསྟན་ཡོད་ནའང་ཐང་།

གཉིས།

སྙན་ངག་དེ་འབྲི་དུས་ནི་དུས་ཚིགས་དབྱར་ཁ་ཞིག་ཡིན།

དབྱར་གཞུང་དེར། ཁྱོད་རང་ཕ་ཡུལ་གྱི་རི་བོ་མཐོན་པོ་དག་གི་སྒང་ལ་བུད་དེ། རྒྱང་རིང་གི་ནམ་མཁའ་དང་ནམ་མཁའི་དབྱིངས་སུ་དལ་གྱིས་རྒྱུ་བའི་སྤྲིན་ཕུང་ལ་རྒྱང་ལྟ་བྱས། ཁྱོད་ཀྱིས་རྒྱང་རིང་གི་སྤྲིན་པ་དེའི་གཤམ་འོག་ནི་ཁྱོད་ཀྱི་མཛའ་ན་མོའི་ཕ་ཡུལ་ཡིན་པར་ཆ་འཇོག་བྱས།

དབྱར་གཞུང་དེར། ཁྱོད་ཀྱིས་ཕ་ཡུལ་གྱི་མཐའ་མེད་པའི་ནམ་མཁའ་དང་ཁོད་ཡངས་པའི་རྩྭ་ཐང་། རྩྭ་ཐང་ན་ཁྲ་ལམ་མེར་བཞད་པའི་མེ་ཏོག ཀྱ་ཀྱུར་བཞུར་བའི་ཆུ་ཕྲན། གཤོག་རྩལ་ངོམ་ཞིང་སྐད་སྙན་སྒྲོག་པའི་འདབ་ཆགས་སོགས་མཛེས་པ་དང་སྙན་པ་ཡོད་ཚད་དཔེ་རུ་བཀོད་ནས་སྙན་ངག་ཅིག་བྲིས། སྙན་ངག་དེ་ནི་ཁྱོད་ཀྱི་རྒྱང་རིང་གི་མཛའ་ན་མོར་ཕུལ་བའི་སྙན་ངག་ཅིག་ཡིན།

སྙན་ངག་དེ་ནི་ཁྱོད་རང་ཆེས་འདང་རྩིས་ཆེ་བའི་སྙན་ངག་ཅིག་ཡིན་ལ། ཁྱོད་ཀྱིས་ད་བར་དུ་དེ་ལས་ལྷག་པའི་སྙན་ངག་ཡག་པོ་ཞིག་འཁྱོངས་མེད་པ་འདྲ།

གསུམ།

དབྱར་གཞུང་དེར། ཁྱོད་ལ་མཛའ་ན་མོ་དྲན་པའི་གདུང་བ་ཆེ་བ་ལས་གཞན་ད་དུང་རྨི་ལམ་ཞིག་ཡོད་པ་ནི། རང་གིས་ལོ་ཟླ་འདི་དག་གི་རིང་ལ་དགའ་སྐྱོ་ཆགས་སྡང་ཡིག་རིས་སུ་ཕབ་པའི་སྙན་ངག་དག་ཕྱོགས་གཅིག་ཏུ་བསྡུས་ནས་དེབ་ཆུང་ཞིག་དཔར་དུ་བསྐྲུན་འདོད་པ་དེ་ཡིན། རྨི་ལམ་དེས་ཁྱོད་ཀྱི་དྲན་པ་བསྒུལ་ནས་ཡུན་རིང་འགོར་བས། དབྱར་གཞུང་གི་གུང་གསེང་གི་ཁོམ་སྐབས་དང་བསྟུན་ནས་ཅིས་ཀྱང་འགྲུབ་ཐབས་བྱེད་དགོས་སྙམ་ཡོད། རྨི་ལམ་དེ་མངོན་འགྱུར་ཡོང་ཆེད་ཁྱོད་ཀྱིས་མཛའ་ན་མོར་བྲིས་པའི་སྙན་ངག་སོགས་བརྩམས་ཆོས་གསར་པ་མང་ཙམ་བརྩམས།

མཐོ་སྒང་ན་ཚ་བ་ཆེ་བའི་དབྱར་གཞུང་དེར། ཁྱོད་རང་རྨི་ལམ་དེའི་ཆེད་དུ་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ལ་ཕྱིན། གྲོང་ཁྱེར་གྱི་ཚ་གདུག་ནི་དེ་ལས་ཀྱང་བཟོད་ཐབས་བྲལ་བ་ཞིག་ཡིན་མོད། ཁྱོད་ཀྱིས་གཟའ་འཁོར་གཅིག་ཙམ་གྱི་རིང་ལ་ཚ་བ་དང་སྐད་མི་འཕྲོད་པ་སོགས་ཀྱི་དཀའ་སྡུག་ཚད་མེད་པ་ཞིག་ལ་གདོང་གཏད་དེ་རྨི་ལམ་མངོན་འགྱུར་ཡོང་བར་འབད། དགའ་འོས་པ་ཞིག་ནི་དཀའ་སྡུག་གི་ཉིན་ཞག་དེ་དག་བརྒྱུད་རྗེས། ཁྱོད་ཀྱིས་རང་ཉིད་ཀྱི་སྙན་དེབ་ཐོག་མ་མི་ཡུལ་དུ་འབུལ་ཐུབ་པ་བྱུང་བས། བསམ་གྱིས་མི་ཁྱབ་པའི་དགའ་སྤྲོ་ཞིག་གིས་དཀའ་སྡུག་དེ་དག་ནི་ཉི་ཤར་རྗེས་ཀྱི་སྨུག་སྤྲིན་བཞིན་གར་སོང་ཆ་མེད་དུ་བཏང་།

སྙན་དེབ་དེའི་ནང་དུ། ཏག་ཏག་ཁྱོད་ཀྱིས་མཛའ་ན་མོར་བྲིས་པའི་སྙན་ངག་དེའང་བཀོད་ཡོད་ཅིང་། སྙན་ངག་གི་ཁ་བྱང་འོག་ཏུ་མཛའ་ན་མོxxxxལ་ཕུལ་བ་ཞེས་གསལ་བཤད་ཐུང་ངུ་ཞིག་ཀྱང་བྲིས་ཡོད།

བཞི།

སྙན་དེབ་དཔར་སྐྲུན་སྔོན་གྱི་ལས་རིམ་སྟེ་ཞུ་དག་དང་སྒྲིག་སྦྱོར། ཇུས་འགོད་སོགས་མཐའ་དག་ཚར་ནས་དཔེ་སྐྲུན་ཁང་ལ་སྤྲད་རྗེས། ཁྱོད་རང་ཕྱིར་ཕ་ཡུལ་དུ་ལོག་སྟེ་སྙན་དེབ་དངོས་སུ་སྒོར་ཐོན་པར་རེ་སྒུག་བྱས།

ཁྱོད་ཀྱིས་སློབ་མགོ་མ་ཚུགས་པའི་སྔོན་ལ་རང་གི་སྙན་དེབ་སྒོར་ཐོན་ཐུབ་ན་ཅི་མ་རུང་སྙམ། དེ་ལ་རྒྱུ་མཚན་མང་པོ་ཡོད་སྲིད་མོད། གཅིག་ནི་ཏན་ཏན་མཛའ་མོ་དང་འབྲེལ་བ་ཡོད་དེ། སློབ་སྐབས་གསར་པའི་སློབ་མགོ་ཚུགས་པ་དང་བསྟུན་ནས། སྙན་དེབ་གསར་པ་དེ་མཛའ་མོར་ལེགས་སྐྱེས་སུ་ཕུལ་ན་རང་ལ་སྔར་ལས་ལྷག་པའི་དང་དོད་དང་མཐོང་ཆེན་བྱེད་པའམ། ཡང་ན་མོ་ལ་བྲིས་པའི་སྙན་ངག་དེ་མཐོང་ན་སེམས་པ་དགའ་སྟེ་རང་ལ་བཅངས་པའི་བརྩེ་བ་སྔར་ལས་ཟབ་པར་འགྱུར་ངེས་རེད་སྙམ་པའོ།།

ཡུན་རིང་མ་འགོར་བར། ཁྱོད་ཀྱི་སྙན་དེབ་དཔེ་སྐྲུན་ཁང་ནས་དངོས་སུ་སྒོར་ཐོན་པས། ཁྱོད་ལ་འདོད་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་སོང་སྙམ་པའི་དགའ་སྤྲོ་འཕེལ་བ་དང་། ངའོ་སྙམ་པའི་ཁེངས་སེམས་ཤིག་ཀྱང་ངང་ངམ་ཤུགས་ཀྱིས་རྒྱུད་ལ་སྐྱེས།

ལྔ།

ད་ནི། ཁྱོད་ལ་ལས་འགན་གཞན་པ་ཅི་ཡང་མེད་དེ། གཅིག་ཡོད་པ་ནི་སློབ་སྐབས་གསར་པའི་མགོ་ཚུགས་ཏེ་མཛའ་ན་མོ་དང་ཐུག་འཕྲད་ཡོང་བར་རེ་ཞིང་སྒུག་པ་དེ་ཡིན།

ཁྱོད་ཀྱིས་ད་ལོའི་སློབ་སྐབས་གསར་པ་ནི་ནམ་རྒྱུན་དང་མི་འདྲ་བར་ཆེས་མཛེས་སྡུག་ལྡན་པའམ་ཆེས་རེ་སྒུག་བྱེད་ཆོག་ཆོག་ཅིག་ཏུ་འདོད་བཞིན་ཡོད།

རེ་སྒུག་ཇི་ལྟར་ཆེ་ན་རེ་འབྲས་ནི་དེ་ལྟར་ཡིད་དུ་མི་འོང་པ་ཞིག་རེད་ཨང་། ཁྱོད་ཀྱིས་ཉིན་སྣེར་ཉིན་མཐུད་ཅིང་ཞག་སྣེར་ཞག་བརྩིས་ཏེ་སློབ་སྐབས་གསར་པ་མགོ་ཚུགས་པར་རེ་ཞིང་བསྒུགས་ཀྱང་། ཁྱོད་ལ་དུས་ཚོད་ནི་ལྡོག་སྟེ་འགྲོ་བཞིན་པ་མིན་ནམ་སྙམ་པའི་འཁྲུལ་སྣང་ཡང་ཡང་སྐྱེས།

ཁྱོད་རང་ཆེས་རེ་སྒུག་ཆེ་བ་ནི་རྒྱང་རིང་གི་མཛའ་ན་མོར་ཐུག་འཕྲད་ཡོང་བ་དང་། རང་གི་སྙན་དེབ་ལེགས་སྐྱེས་སུ་འབུལ་ཐུབ་པ་དེ་ཡིན། འོན་ཀྱང་། སློབ་མགོ་མ་ཚུགས་ན་དེ་དག་ཐམས་ཅད་རྨི་ལམ་དང་སྟོང་བསམ་རང་ཡིན་པས། ཁྱོད་ཀྱིས་སྔར་བཞིན་རེ་སྒུག་བྱེད་པ་ལས་ཅི།

དྲུག

གལ་ཏེ། ཁྱོད་གཉིས་ཕ་ཡུལ་གཅིག་པ་ཡིན་ན། སློབ་མགོ་ཚུགས་པར་དེ་འདྲའི་རེ་ལྟོས་ཆེན་པོ་བྱེད་མི་དགོས་ཀྱང་། ཁྱོད་ཀྱི་མཛའ་ན་མོ་ནི་རྒྱང་རིང་གི་སྤྲིན་པ་དེའི་གཤམ་འོག་ཏུ་ཡོད་པས། ཁྱོད་རང་ཅི་འདྲའི་རི་བོ་མཐོན་པོར་འགོས་ཀྱང་། རྒྱང་རིང་གི་སྤྲིན་པའི་འོག་ཏུ་ཁྱོད་ཀྱི་མཛའ་ན་མོའང་ཁྱོད་རང་དྲན་པའི་གདུང་བས་མནར་བཞིན་ཡོད་མེད་ཤེས་ཐབས་བྲལ།

གལ་ཏེ། ཁྱོད་གཉིས་རང་ལ་དབང་བའི་ཁ་པར་རེ་ཡོད་ན། ཁྱོད་ཀྱིས་སྔ་མོ་ནས་རྒྱང་རིང་གི་མཛའ་མོར་འཕྲིན་པ་བསྐུར་ཏེ་གནས་ཚུལ་རྣམས་བཤད་ཆོག་ཅིང་། མོ་ལ་བྲིས་པའི་སྙན་ངག་དང་སྙན་དེབ་གསར་པ་སྒོར་ཐོན་པའི་གསར་འགྱུར་སོགས་ཀྱང་བཤད་ཆོག་མོད། འོན་ཀྱང་། ཁྱོད་གཉིས་ནི་མཐོ་འབྲིང་སློབ་རིམ་དང་པོ་འདོན་བཞིན་པའི་སློབ་མ་གཉིས་ཡིན་པས། དེ་འདྲའི་རང་དབང་གི་བར་སྟོང་དང་ཆ་རྐྱེན་ཞིག་གང་ན་ཡོད།

བདུན།

སློབ་མགོ་ཚུགས་སོང་།

ཁྱོད་ཀྱིས་བསྒུགས་བསྒུགས་པའི་མཐར། སློབ་མགོ་དངོས་སུ་ཚུགས་སོང་།

སློབ་མགོ་ཚུགས་པའི་ཉིན་དེར། ཁྱོད་ཀྱིས་དགའ་སྤྲོ་དང་བཅས་ཏེ་མིང་ཐོ་བཀོད་པ་དང་། རྒྱབ་ལ་ཁུར་བའི་ཅ་ལག་རྣམས་སྡོད་ཤག་ཏུ་བཞག་རྗེས། ཐད་ཀར་སློབ་ཁང་གི་ཕྱོགས་སུ་ཕྱིན་ཏེ་མཛའ་མོ་དང་ཐུག་འཕྲད་ཡོང་བར་རེ་ལྟོས་བྱས།

སྟབས་ལེགས་པ་ཞིག་ལ། ཁྱོད་ཀྱི་མཛའ་མོས་ཁྱོད་རང་ཡོང་བར་རེ་ཞིང་བསྒུགས་ཡོད་པ་ལྟར། མོ་རང་གཅིག་པུ་སློབ་ཁང་དུ་བསྡད་འདུག ཐོག་མར་ཁྱོད་ལ་དོགས་མི་བདེ་བའམ་ངོ་ཚ་བའི་སྣང་བ་ཞིག་སྐྱེས་ཀྱང་། ཁྱོད་ཀྱིས་སྟག་ཤར་ཞིག་གི་ལ་རྒྱ་བཟུང་སྟེ་སྤོབས་པ་ཆེར་བསྐྱེད་ཀྱིས་མོའི་གམ་དུ་བཅར་ཅིང་འཚམས་འདྲི་ཞུས།

“དེབ་འདི་གུང་གསེང་ནང་ལ་དཔར་སྐྲུན་བྱས་པ་ཡིན།” ཁྱོད་ཀྱིས་རང་གི་སྙན་དེབ་གསར་པ་ཞིག་དཔེ་ཁུག་ནས་བླངས་ཏེ་མོ་ལ་སྤྲད་པ་དང་། “སློབ་སྐབས་གསར་པའི་ལེགས་སྐྱེས་ཐོག་མ་ཡིན”ཞེས་བཤད།

“རྟེན་འབྲེལ་ཞུ། ཕ་བཟང་གི་བུ་རེད་ཡ།”

སྐད་ཆ་དེ་གོ་དུས། ཁྱོད་ཀྱི་ནང་སེམས་སུ་དགའ་སྤྲོ་ཚད་མེད་པ་ཞིག་གིས་ཁྱབ་སྟེ། ཁྱོད་རང་ནམ་མཁའི་ཀློང་ལ་སྤུར་ཡང་། ཁྱོད་ཀྱིས་གཟབ་ནན་དང་སྒམ་ཚུགས་ཀྱིས་ཅོལ་ཆུང་གི་བྱ་སྤྱོད་ཅི་ཡང་མ་སྤེལ།

“དེབ་འདིའི་ནང་དུ་ཁྱོད་ལ་བྲིས་པའི་སྙན་ངག་ཅིག་ཡོད།”

“རྫུན་མ་བཤད།” ཁྱོད་ཀྱི་སྐད་ཆ་དེས་མོའི་ངོ་མདངས་གློ་བུར་དུ་འགྱུར་སོང་། “ང་ལ་བྲིས་པའི་སྙན་ངག་དེབ་ནང་དུ་བཀོད་ནས་ཅི་བྱེད།” མོའི་སྐད་གདངས་ལའང་འགྱུར་བ་བྱུང་འདུག་པས། ཁྱོད་རང་གློ་བུར་དུ་ཅི་བཤད་འདི་བཤད་དང་ཅི་བྱེད་འདི་བྱེད་མེད་པར་གྱུར།

“ངའི་མིང་དང་བཅས་པ་དེབ་སྟེང་དུ་བཀོད་ན། ཚང་མས་ཤེས་མི་འགྲོའམ། ཁྱོད་རང་ངོ་མི་ཚ་རུང་ང་ད་རུང་སློབ་གླིང་འདི་ནས་འདུག་དགོས་པ་རེད།” ཁྱོད་ཀྱི་མཛའ་མོ་གློ་བུར་དུ་ཡར་ལངས་ཏེ“ད་ནས་བཟུང་འུ་གཉིས་རང་རང་སོ་སོ་ཡིན། ངའི་འཚོ་བ་ལ་ཐེ་གཏོགས་མི་བྱེད་རོགས”ཞེས་བཤད་བཞིན་ཁྱོད་ཀྱི་སྙན་དེབ་གསར་པ་དེ་ས་ལ་འཕངས་ནས་སློབ་ཁང་གི་སྒོར་བུད་སོང་།

བརྒྱད།

དུས་དེ་ནས་བཟུང་། ཁྱོད་གཉིས་ཁ་ཁར་གྱེས་སོང་།

དེ་ནི་སྙན་ངག་དེ་བྲིས་པས་ལན་ནམ།

སྙན་ངག་དེ་བྲིས་མེད་ན།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།