ཀྲུང་གོ་བོད་ཀྱི་དྲ་བ།

བརྡ་རྟགས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཨ་རིག་མཐོང་གྲོལ།   སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག

དེང་རབས་འཕྲུལ་ཆས་ཀྱི་སྒྲ་སྣ་ཚོགས་ཐོས་རྒྱུ་མེད་ལ་བལྟས་ཚོད་ཀྱིས་རང་བྱུང་གི་ཡུལ་ལྗོངས་ལ་གཞི་ནས་གཏོར་བརླག་ཐེབས་མ་མྱོང་བ་འདྲ་བའི་གནས་ཡུལ་དེ་ནི་ཕྱུགས་ལུང་ས་ཆ་ཡིན། ཕྱུགས་ལུང་ས་ཆའི་སྡེ་བ་མང་ཤོས་ཤིག་ནི་རི་མཐོ་ཞིང་ལུང་པ་ཟབ་མོ་རུ་ཆགས་ཡོད་པས། འགྲིམ་འགྲུལ་དང་དེང་རབས་ཀྱི་ཆ་འཕྲིན་ལག་ཆ་མང་པོ་ཞིག་བེད་སྤྱོད་གཏོང་བར་སྟབས་བདེ་མིན། ན་ནིང་ནས་བཟུང་སྡེ་བའི་མགོ་ཁྲིད་རྣམས་ཀྱིས་གོང་རིམ་ལ་རེ་ཞུ་བཏོན་པ་བརྒྱུད། ད་ལོར་ཕྱུགས་ལུང་ས་ཆ་ལ་གཞུང་ལམ་ལས་མགོ་བརྩམས་ཤིང་། དེ་ནས་ཁ་པར་བརྡ་རྟགས་ཀྱི་ལྕགས་སྡོང་ཡང་བཙུགས་པས་སྡེ་བ་ཡོངས་ལ་སྔར་མེད་ཀྱི་སྟབས་བདེ་མི་ཉུང་བ་ཞིག་བསྐྲུན། ཡིན་ནའང་། ཕྱུགས་ལུང་ས་ཆའི་ཆུ་བཟང་སྡེ་བ་ལ་ད་དུང་ཁ་པར་གྱི་བརྡ་རྟགས་མེད་པ་ནི་ཕྱུགས་ལུང་ཡུལ་གྲུ་འདིའི་སྔོན་མེད་ཀྱི་གསར་འགྱུར་ཁོ་ན་རུ་གྱུར་ཡོད།

དྲང་མོར་བཤད་ན་ཆུ་བཟང་སྡེ་བ་ཁོ་ནར་བརྡ་རྟགས་མེད་པར་གྱུར་པའི་གནས་ཚུལ་འདི་ལ་གོང་རིམ་གྱིས་དོ་སྣང་མ་བྱས་པ་མ་ཡིན་ལ།ཆུ་བཟང་སྡེ་བའི་སེར་སྐྱ་ཕོ་མོ་ཡོངས་ལ་ཁ་པར་བཀོལ་སྤྱོད་གཏོང་བའི་འདུན་པ་མེད་པ་ནི་དེ་བས་ཀྱང་ག་ལ་ཡིན། ཆུ་བཟང་སྡེ་བར་བརྡ་རྟགས་ལྕགས་སྡོང་བཙུགས་པའི་ལོ་འགའ་ནི་ཆུ་བཟང་སྡེ་བར་ད་སྔ་བྱུང་མ་མྱོང་བའི་རྐྱེན་ངན་ལ་འཕྲད་པའི་ལོ་འགའ་རུ་གྱུར་པས། ཆུ་བཟང་སྡེ་བའི་རྒད་པོ་རྒན་མོ་འགའ་ཡིས་ཐབས་བརྒྱ་ཇུས་སྟོང་གིས་བརྡ་རྟགས་ལྕགས་སྡོང་མེད་བརླག་ཏུ་བཏང་བའི་རྒྱུ་མཚན་དེ་ལ་ཐུག་འདུག

གཉིས།

ཆུ་བཟང་སྡེ་བ་ནི་ཁྱིམ་གྲངས་བརྒྱ་ཙམ་དང་མི་གྲངས་སུམ་བརྒྱ་ལྷག་ཡོད་པའི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་དབུལ་ཕོངས་སྡེ་བ་ཞིག་ཡིན། གཞེས་ནིང་ལོར་ཕྱུགས་ལོང་ས་ཆའི་ཆུ་བཟང་སྡེ་བ་སོགས་སྡེ་བ་བདུན་ལ་སྐུད་མེད་ཁ་པར་གྱི་བརྡ་རྟགས་ལྕགས་སྡོང་བཙུགས། ཏག་ཏག་ལོ་དེར་ཆུ་བཟང་སྡེ་བ་ནས་གསར་བུ་ལོ་ཉི་ཤུ་ལྷག་ལ་སོན་པ་ཞིག་རྟས་དྲུད་ནས་བསད་སོང་ལ། ཡང་ལོ་དེའི་ལོ་མཇུག་ལ་བུ་མོ་ཞིག་གིས་རང་སྲོག་བཅད། ད་དུང་ཕྱུགས་རྫི་ཞིག་ལ་ཐོག་གིས་བརྒྱབ་ནས་བསད་པ་དང་། ཕྱུགས་རྫི་དེའི་བེམ་པོ་བརྡ་རྟགས་ཀྱི་ལྕགས་སྡོང་བཙུགས་ཡོད་པའི་དེའུ་འབུར་དེའི་སྟེང་ནས་རྙེད་པ་སོགས་དོན་རྐྱེན་དེ་དག་ནི་ཕྱུགས་ལུང་ས་ཆའི་སྐྱེས་ཕོ་མོ་ཡོངས་ཀྱི་ཁ་ན་རླུང་ལྟར་སྒྲོག་བཞིན་ཡོད་ལ། དོན་རྐྱེན་དེ་དག་བྱུང་བ་ནས་བཟུང་ཆུ་བཟང་སྡེ་བ་ནི་སྡེ་བ་གཞན་པ་ཚོས་རྣམ་རྟོག་བྱ་ཡུལ་དུ་གྱུར་ཏེ། ཆུ་བཟང་སྡེ་བ་དང་གཉེན་མི་བྱེད་པ་དང་ཆུ་བཟང་སྡེ་བ་ནས་ཁྱེར་ཡོང་བའི་ཅ་ལག་སོགས་ཁྱིམ་དུ་མི་འཇོག་པའི་སྲོལ་ཞིག་ཆགས་པར་གྱུར། ན་ནིང་གི་ལོ་མགོ་ནས་བཟུང། ཆུ་བཟང་སྡེ་བའི་བགེགས་དང་གདོན་སེལ་ཕྱིར་སྡེ་བའི་ཁྱིམ་ཚང་རེ་རེ་ལ་རིམ་གྲོ་མང་པོ་བཅོས་ཡོད་པ་དང་། མ་འོངས་པར་ཆུ་བཟང་སྡེ་བར་རྐྱེན་ངན་བར་ཆད་མི་འབྱུང་བའི་ཆེད་དུ་སྡེ་བའི་རྒན་དར་གཞོན་གསུམ་ཕྱོགས་ཡར་མར་ལ་སོང་ནས་མོ་རྩིས་ལུང་བསྟན་བྱེད་པར་བྲེལ་འདུག

ཨ་ཁུ་སྐྱབས་ཁོས་ཐག་རིང་ནས་བསུས་ཡོང་བའི་སྟོད་ལྭ་སེར་སྨུག་གྱོན་ཞིང་དེའི་ནང་ལ་ཁ་མདོག་གཅིག་གྱུར་མིན་པའི་ཚི་ལེན་གྱོན་པ། དབུ་སྐྲ་ཅུང་རིང་ཞིང་སྨིན་མ་སྟུག་ལ་ཧ་ཅང་དོ་མི་མཉམ་པའི་ཁ་སྤུ་ཞིག་བསྐྱུར་ཡོད་ཅིང་། མངོན་མཁྱེན་ལ་ཐོགས་པ་མེད་པར་བཤད་པའི་རྩིས་པ་དེས་གསུངས་པ་ལྟར་ན། ཆུ་བཟང་སྡེ་བར་བྱུང་བའི་དོན་རྐྱེན་དེ་དག་གི་གཞི་རྩ་ནི་བརྡ་རྟགས་ཀྱི་ལྕགས་སྡོང་དེ་གདོན་པ་དང་ཆུ་བཟང་སྡེ་བའི་མ་འོངས་པའི་བགེགས་བར་ཆད་སེལ་དགོས་ན་ཁ་པར་བརྡ་རྟགས་ཀྱི་ལྕགས་སྡོང་དེ་ངེས་པར་དུ་བཤིག་དགོས་ལ། བཤིག་ནས་ཞིག་རོ་རྨ་ཆུའི་ནང་དུ་འཕེན་དགོས་པར་མ་ཟད།ད་དུང་དྲུག་ཅུ་པའི་གཏོར་མ་ཞིག་ཀྱང་འཕངས་ན་བཟང་བའི་ལུང་བསྟན། ཁ་པར་བརྡ་རྟགས་ཀྱི་ལྕགས་སྡོང་དེ་ནི་ཆུ་བཟང་སྡེ་བའི་རྩྭ་ཆུ་ཆེས་འཛོམས་ཤིང་། བརྗིད་ཆགས་ཀྲོང་ངེར་འགྱིང་བ། ས་དེའི་སྡེ་དམངས་ཀྱི་མཆོད་བཀུར་བྱེད་ཡུལ་དུ་གྱུར་པའི་གཞི་བདག་ཨ་མྱེས་གནས་མཆོག་ཅེས་པའི་རི་རྩེ་རུ་ལྷབ་ལྷུབ་རླུང་གིས་བསྐྱོད་པའི་ལབ་ཙེ་ཞིག་ཡོད་པ་དེ་དང་མཉམ་པོར་བཙུགས་ཡོད་ལ། རྒྱུས་མེད་ཀྱི་མི་ཞིག་ཆུ་བཟང་སྡེ་བར་ཡོང་ཚེ་ཆུ་བཟང་སྡེ་བའི་ལུང་མདོ་ནས་ཡར་བུད་མ་ཐག་མིག་ལམ་དུ་སྤྱང་ཐོ་བཞིན་གསལ་ལྷང་ངེར་མངོན་ཡོང་བ་ནི་ཨ་མྱེས་གནས་མཆོག་རྩེ་ཡི་ལབ་ཙེ་དེ་དང་ཁ་པར་བརྡ་རྟགས་ཀྱི་ལྕགས་སྡོང་དེ་གཉིས་ཡིན་འདུག

གསུམ།

སྡེ་བའི་ལོ་བཞི་བཅུ་ཡན་གྱི་སྐྱེས་པ་མང་པོ་ཞིག་གིས་ས་ཐག་རིང་ནས་གདན་ཞུ་བྱས་པའི་རྩིས་པའི་ལུང་བསྟན་བཞིན་དེའུ་འབུར་སྔོ་རིལ་སྟེང་གི་ཁ་པར་བརྡ་རྟགས་ཀྱི་ལྕགས་སྡོང་དེ་རྨ་ཆུའི་ནང་དུ་འཕངས་སྟེ་གཏན་ནས་མེད་པར་གཏོང་རྒྱུར་གྲོས་མཐུན་བྱུང་། འོན་ཀྱང་ཆུ་བཟང་སྡེ་བའི་གཞོན་སྐྱེས་སྡེ་དཔོན་རྒྱ་མཚོ་དང་སྡེ་བའི་ནང་གི་ལོ་ཆུང་གང་མང་ཞིག་ཁ་པར་བརྡ་རྟགས་མེད་པར་གཏོང་རྒྱུར་གཏན་ནས་འཐད་པ་མ་བྱུང་བར་མ་ཟད། གོང་རིམ་སྲིད་གཞུང་ལ་ཞུ་གཏུག་བྱས་ནས་བརྡ་རྟགས་མེད་པར་གཏོང་རྒྱུར་འཐད་པ་མིན་པའི་རྣམ་འགྱུར་ཡང་ཡང་བསྟན། དེ་ལྟར་ཟླ་བ་ལྔ་ཡི་རིང་ལ་བརྡ་རྟགས་མེད་པར་གཏོང་མིན་ཐད་ནས་སྡེ་བའི་རྒན་གཞོན་ཚོས་རྩོད་གླེང་གང་མང་བྱས་ཀྱང་། ཆུ་བཟང་སྡེ་བའི་རྒད་པོ་རྒོད་པོ་ཚོའི་བསམ་ཐོག་ལ་མི་འཇོག་ཐབས་མེད་དུ་གྱུར་ཏེ་ཨ་མྱེས་གནས་མཆོག་རྩེ་ཡི་བརྡ་རྟགས་ལྕགས་སྡོང་དེ་བཤིགས་ནས་རྨ་ཆུའི་ནང་དུ་འཕངས་ཤིང་རྩིས་པས་བཤད་པ་ལྟར་རྨ་ཆུའི་ནང་ལ་དྲུག་ཅུ་བའི་གཏོར་མ་ཞིག་ཀྱང་འཕངས། བརྡ་རྟགས་ལྕགས་སྡོང་མེད་པར་བཏང་བ་ནས་བཟུང་། ཆུ་བཟང་སྡེ་བ་ཧ་ཅང་ལྷིང་འཇགས་ཡིན་ལ་ད་བར་དུ་བློ་ཡུལ་ལས་འདས་པའི་སྔོན་གྱི་དོན་རྐྱེན་དེ་འདྲ་གཅིག་ཀྱང་མ་བྱུང་། མཐའ་འཁོར་གྱི་སྡེ་བ་གཞན་པ་ཚོས་ཆུ་བཟང་སྡེ་བ་དང་གཉེན་མི་བྱེད་པ་དང་ཕན་ཚུན་བར་ལ་འགྲོ་འོང་མི་བྱེད་པའི་གོམས་སྲོལ་དག་ཀྱང་རིམ་བཞིན་ཡལ་སོང་།

བརྡ་རྟགས་ཀྱི་ལྕགས་སྡོང་དེ་ཆུ་བཟང་སྡེ་བར་གདོན་ནས་ཆུ་ནང་དུ་འཕངས་ནའང་། ཆུ་བཟང་སྡེ་བའི་རྒན་དར་གཞོན་གསུམ་གྱིས་ལག་འཁྱེར་ཁ་པར་གོང་ཆེན་རེ་བཟུང་སྟེ། བརྡ་རྟགས་ཀྱི་ལྕགས་སྡོང་ཡོད་པའི་སྡེ་བ་གཞན་པར་སོང་ནས་བརྡ་རྟགས་བཙལ་ནས་ཁ་པར་གཏོང་བ་དང་སྐད་འཕྲིན་རྩེ་མཁན་ཇེ་མང་ནས་ཇེ་མང་དུ་སོང་། བསམ་ཡུལ་ལས་འདས་པ་ཞིག་ལ། དང་ཐོག་ཡང་མིན་ན་བརྡ་རྟགས་ལྕགས་སྡོང་བཤིག་དགོས་ལ། ཡང་མིན་ན་རྒད་པོ་ང་འཆི་དགོས་ཟེར་མཁན་གྱི་ཆུ་བཟང་སྡེ་བའི་ཨ་ཁུ་བློ་གྲོས་ཀྱིས་ཀྱང་། ཁ་པར་བརྡ་རྟགས་མེད་ན་དོན་དག་མི་འགྲུབ་ཀི་ཟེར་ནས་ཉེ་ལམ་སྐུད་མེད་ཀྱི་བརྡ་རྟགས་སྒམ་ཆུང་སྙིང་རྗེ་བོ་ཞིག་ཉོས་ནས་ཁྱིམ་ཚང་གི་མཆོད་ཁྲིའི་མདུན་ན་བཞག་ཡོད། ཆུ་བཟང་སྡེ་བར་ཁ་པར་བརྡ་རྟགས་མེད་སོང་ལ།ཨ་མྱེས་གནས་མཆོག་གི་རྩེ་རུ་ཡོད་པའི་ལབ་ཙེ་ལའང་བློས་ཐུབ་ཀྱི་གྲོགས་པོ་མེད་པ་དང་མཚུངས་པར་རླུང་ཁ་ན་འགུལ་ཙམ་འགུལ་ཙམ་བྱེད་ཀྱིན་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།