ཀྲུང་གོ་བོད་ཀྱི་དྲ་བ།

ངོ་འབག་གི་སྒྲུང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སེང་རྡོར།   སྤེལ་དུས། : 2022-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1、ངོ་འབག་ནག་པོའི་སྒྲུང་། གླེང་གཞི།

ང་ཚོའི་སྡེ་བ་འདིའི་ས་རྒྱ་ཆུང་ཞིང་མི་གྲངས་ཉུང་ན་ཡང་། ནང་ལོགས་དང་རོང་ཕྱོགས་ནས་ཡོང་བའི་རྒྱ་བོད་ཧོར་གསུམ་གྱི་གྲུབ་ཆེན། གྲོང་ཆོག་པ། ལྷ་པ། མོ་པ། རྩིས་པ་སོགས་ཀྱིས་ཁྱབ་སྟེ་ཡོད། ཁོ་ཚོ་དང་འབྲེལ་བའི་གཏམ་རྒྱུད་ཆུང་ཆུང་ཅུང་ཟད་དགོད་བྲོ་བ། ཡང་ཅུང་ཟད་ངུ་བྲོ་བ། ཅུང་ཟད་ཉམས་ཀྱང་མཚར་བ་སྣ་ཚོགས་ཤིག་བྱུང་ཡོད།

ཁོ་ཚོས་སྡེ་བ་འདིར་གནོད་ཆེན་པོ་བསྐྱལ་མེད་པས། ང་ཁོ་ཚོར་མི་སྡང་ལ། ཁོ་ཚོས་ཕན་ཆེན་པོ་བཏགས་པའང་མེད་པས། རྗེས་དྲན་ཞུ་དགོས་པ་ཞིག་ཀྱང་མིན་མོད། ཁོ་ཚོའི་ཁ་རིས་ངོ་མདོག་དང་བཅའ་སྲོལ་ལས་སྲོལ་དག་བརྗེད་མི་ཐུབ་པ་ཞིག་རེད།

ཁོ་ཚོ་སྟེ་ངོ་འབག་དཀར་དམར་ཕག་གི་འཕག་འཚག་རེ་རེ་ནི། སྣ་ལ་འགྲོན་བུ་བཏགས་པའི་འབྲས་དཀར་བཤད་མཁན་རེ་དང་འདྲ་བར་ང་རང་ཐེ་བའི་མི་ཅུང་མང་པོ་ཞིག་གི་བག་ཆགས་ཁྲོད་ནམ་ཡང་ཀྱི་ལི་འཁོར་བཞིན་འདུག་ཁར། ད་དུང་རྩིད་པའི་ཨ་ར་ཕན་ཕུན་སྣ་ཚོགས་རེས་ཆད་དེ་འཐོར། རེས་ཐོར་ཏེ་འཆད།

སྒྲུང་འདི་འབྲི་སྐབས་ང་རང་ཇ་ཁང་ཞིག་ཏུ་ཡོད། ཇ་ཁང་མི་འདྲ་བའི་གནམ་གཅལ་མི་འདྲ། མཐིལ་ཤིང་མི་འདྲ། སྤྱིལ་བུ་མི་འདྲ། བར་ཚོམས་མི་འདྲ། ཇ་ཕོར་ཚུན་ཆད་མི་འདྲ་བས་ཁམས་དྭངས་པ་དང་ལྷིང་འཇགས་ཡོང་བ་སོགས་ཀྱི་ཆེད་དུ་དངུལ་གང་འཚམ་ཞིག་བརླགས་ཏེ། ཇ་ཁང་སྣ་ཚོགས་ཉུལ་བར་ངས་རྒྱབ་སྐྱོར་བྱེད།

ཇ་ཁང་ཡག་པོ་ཡོད་ན་སེམས་ཀྱི་འཕྲོ་འདུ་ཅིས་ཀྱང་རང་དབང་ལ་ཡོང་། དེ་ཡོང་བས་རྩོམ་ཡང་རང་བཞིན་ངང་གིས་ཡོང་བ་འདྲ།

2、ངོ་འབག་དཀར་པོའི་སྒྲུང་། བླ་རྒན་དར་རྒྱས།

“ཁྱོད་ཀྱིས་བལྟས་ན། བླ་རྒན་དར་རྒྱས་དང་རྒྱ་ལའོ་ཧྲིན་གཉིས་ཀྱི་སུའི་དེ་ཆེ་ས་རེད།”

“ཧེ་ཧེ། ངས་དཔོན་བྱམས་དཀར་གྱི་དེ་མ་གཏོགས་རིག་མ་མྱོང་། ཁོའི་དེ་ཧ་ཅང་ཆེ།”

འདི་ནི་བྱིས་པ་པྲ་ཚགས་གཉིས་ཀྱི་ལབ་རེས་རེད། “དེ”འདི་བརྡ་སྤྲོད་ལུགས་ཀྱི་གསང་བ་ལ་འཇུག་པའི་སྐབས་ཡིན་པས། ངས་མ་འགྲེལ་ཡང་ཚང་མས་ཧ་གོ་རྒྱུ་རེད་འདོད།

བྱིས་པ་དེ་གཉིས་སུ་དང་སུ་རེད་ཟེར་ན། ཁོ་གཉིས་ཀྱིས་ངོ་འབག་ལྗང་གུ་རེ་གྱོན་འདུག་པས་གློ་རྒྱག་ཏུ་ཁ་ཚོན་མི་ཆོད་ཀྱང་། སྐད་གདངས་ལ་མཉན་ན་མོ་པ་སྒལ་འབུར་གྱི་ཞི་མོ་དང་ཆི་ལེན་ལྷ་མོའི་ཞི་ལུ་ཡིན་པ་འདྲ།

ཡ་ད་ལྟས་ཕྲུག་དེ་གཉིས་ལོགས་སུ་བསྐྱུར་ཏེ་བླ་རྒན་དར་རྒྱས་བཤད་ཡ། ཁོ་ནི་ཀ་མདོའི་ཡིན་ཟེར་ལ་མིན་ཡང་ཟེར། གང་ལྟར་སུས་ཀྱང་ཁོའི་ཐོབ་དཔང་མཐོང་མྱོང་མེད། བཟོ་ལྟ་ནི་ཆུ་ངོགས་གཏམ་རྒྱུད་ནང་གི་གྲྭ་པ་ལོའུ་ཀྲི་ཧྲིན་དང་འདྲ་བོ་ཞིག་ཡིན།

ཁོའི་ཁྱད་ཆོས་གཙོ་བོ་ནི། རྩིས་བྱས་ན་འཆུག་རྒྱུ་མེད་ཟེར་བ་དེ་རེད། ཁོས་ཁྱིམ་ཚང་ཞིག་ལ་ཆེ་གེ་མོས་མནན་པ་བརྒྱབ་འདུག་ཟེར་ནས་མི་མང་ཙམ་བསྡུས་ཏེ་ཐང་སྟོང་ཞིག་ཏུ་ས་བརྐོས་ཤིང་ས་འོག་ནས་མདོག་དམར་ལ་ཁ་མིག་དོད་པ་ཨག་འདེབས་པ་ཆེ་ཆུང་མིའི་མགོ་བོ་ཙམ་ཞིག་བླངས་པས་ཐམས་ཅད་ཧ་ལས། འོན་ཀྱང་ཁོས་དངོས་པོ་དེ་མྱུར་དུ་སྦྱིན་སྲེག་བྱ་དགོས་ཟེར་ནས་མེ་ལ་བསྲེགས་པས། ཞིབ་ཕྲ་སུས་ཀྱང་མཐོང་ཐུབ་མེད།

དེ་ནས་བཟུང་ཁོ་རང་ཁྱིམ་ཚང་དེའི་གཞིས་དཔོན་དུ་གྱུར་ཏེ་གང་སྐྱིད་གང་བདེ་བྱས་ནས་བསྡད། མཚམས་ཤིག་ལ་གློ་བུར་དུ་ཁྱིམ་ཚང་དེའི་བུ་མོ་ལྷ་མོ་འདྲ་ཞིག་ལྕགས་རར་ལྕེབས། དེ་ནི་བླ་རྒན་དར་རྒྱས་ལ་འབྲེལ་བ་ཡོད་ཟེར་མཁན་ཅི་བས་མང་།

ས་སྲོད་ཅིག་ལ། ཁོ་རང་འཚབ་འཚུབ་ངང་གར་སོང་ཆ་མེད་དུ་གྱུར། ཁོ་དེ་ལྟར་གསལ་བཤད་དང་འགྲེལ་བརྗོད་ཅི་ཡང་མེད་པར་ང་ཚོའི་སྡེ་བར་ཡོང་ནས། ཡང་གསལ་བཤད་དང་འགྲེལ་བརྗོད་གང་ཡང་མ་བཞག་པར་བུད་སོང་།

ཁོས་སྡེ་བ་འདིའི་མང་ན་འབྲི་གཡག་གཉིས་གསུམ་ཞིག་གི་རིན་ཁྱེར་ཡོད་ལས་ཆེ། དེའི་མང་ཞིག་ཁྱེར་མེད་ཁོ་ཐག་ཡིན་པ་འདྲ། ང་ཚོ་ཁོར་སྡང་མི་ཤེས་ལ་སྡང་དོན་ཡང་མེད་པ་འདྲ་མོད། དེ་ལྟ་ནའང་། སྐབས་རེར་ཅུང་དྲན་པ་འདྲ་ཞིག་རེད།

ཡོན་ཏན་མེད་ཅིང་རྟ་ཞོན་པར་དགའ་བ། བུད་མེད་ལ་ཧ་ཅང་ལོས་དགའ་འདོད་སྤྱད་ཀྱི་བླ་རྒན་དེ་གང་ལ་བུད་སོང་ངམ། རྒྱབ་ལ་རས་ཁུག་སེར་པོ་ཁུར་བའི་བླ་རྒན་དེ་ང་ཚོའི་སྐད་ཅིག་གི་མགྲོན་པོར་གྱུར་མཐར་ཡང་གློག་འཁྱུག་པ་ལྟར་ཡལ་སོང་བ་རེད། འདི་ནི་རྟེན་འབྲེལ་ཞིག་གིས་ཡིན་ནམ་གཞན་ཅི་ཞིག་གིས་ཡིན། འཇིག་རྟེན་འདིར་འདི་འདྲའི་དགའ་མིན་སྡུག་མིན་གྱི་དོན་དག་མང་པོ་མང་པོ་ཡོད་པ་རེད་ཨང་།

ངས་འདི་ལྟར་མི་དྲན་དགུ་དྲན་བྱེད་ཞོར་ཇ་འཐུང་གིན་ཡོད། ཇ་འཐུང་ཞོར་སྒྲ་དྭངས་ཤིང་གདངས་དམའ་བའི་གླུ་མ་དབྱངས་ཤིག་ལའང་རོལ་གྱིན་ཡོད། ཇའི་བསྟན་བཅོས་དག་ཏུ། ཕུའུ་འེར་ཞེས་པའི་ཇ་ལ“དྲོད་སྟེར་བའི་ཁྱད་ཆོས་ཡོད་ཁར་ཟ་མ་འཇུ་ཞིང་ཕོ་བ་ལ་ཕན”ཟེར་བྲིས་ཀྱང་བྲིས་ལ་བདེན་ཡང་བདེན་འདུག་སྟེ། ཇ་འདི་འཐུངས་ཐེངས་རེར་ངའི་ཁོག་པའི་ནང་བདེ་བ་ཕྲན་བུ་ཞིག་ཐོབ་ཅིང་། རིམ་པས་ལུས་ཕྱི་ནང་རིལ་བོར་ཁྱབ་ཀྱིན་ཡོད། གོ་ཚོད་ལ།བླ་རྒན་དར་རྒྱས་ཀྱང་ཇ་འཐུངས་པར་ཧ་ཅང་དགའ་ཞིང་། ཇ་མཆོད་སྟབས་བདེ་ཞིག་ཀྱང་ལྐོག་ལྐོག་སུད་སུད་ཀྱིས་འདོན་སྐད།

3、ངོ་འབག་དམར་པོའི་སྒྲུང་། རྒྱ་ལའོ་ཧྲིན།

ཁོའི་ངོ་ནི་དམར་ནག་ཤས་ཆེ་བ། སྨིན་མ་རིང་ཞིང་རྣ་བ་ཀོར་ཀོར་ཅན། གཏུམ་ཉམས་ཅུང་ཟད་ཡོད་པ་ཞིག་ཡིན།ཁོས་ནི་གནའ་དང་མར་དར་བའི་རྒྱ་ལྭ་སྔོན་པོ་ཆ་ཚང་ཞིག་གྱོན། རྟག་པར་བཙོ་བསྐོལ་བ་ཡིན་ཟེར་ནས་ཆུ་ནག་སྟོང་གདུ་བྱེད། སྐབས་རེར་ཆུ་དེའི་ནང་རྡོ་རིལ་འགའ་རེ་འཕེན། སྐབས་རེར་རྩྭ་ཕྱགས་ཤིག་གིས་ཆུ་ཁོལ་མ་དཀར་ཆིལ་ཆིལ་མི་ཕྱུགས་གཉིས་ཀྱི་ཐོག་ལ་གཏོར། མི་དག་སྟོད་རྗེན་དུ་བསྡད་ནས་ཆུ་དེ་འཕོག་པར་རེ། ཆུ་དེས་རབ་ཏུ་ཚ་མོད།མང་པོས་མི་ཚ་ཟེར་ནས་མཚར་མཚར་བྱེད།

ཁོའི་ཁ་ནས་འདོན་རྒྱུ་ནི“འ་མེ་ཐོ་ཧྥོ”རྐྱང་རྐྱང་ཡིན། ཁོས་ཆང་ཅུང་མང་པོ་འཐུང་། ཆང་གིས་བཟི་རྗེས་ལུག་ར་དང་ནོར་རའི་ནང་ལ་བརྒྱུགས་ནས་ས་གནམ་ལ་གཏོར། གྱང་ཁར་ཞོན། ལུ་གུ་ཆུང་ཆུང་དང་བེའུ་ཆུང་ཆུང་དེ་འདྲའི་རྣ་ནང་ལ་ཅི་ཞིག་ལབ་པར་བྱེད།

ཁོ་ཡང་བུད་མེད་ཀྱི་རིགས་ལ་ཧ་ཅང་དགའ་སྟེ། སྡེ་བའི་བུད་མེད་དར་མ་སྐོར་ཞིག་ཁོའི“ཕྱག་རྒྱ་མ”རུ་གྱུར།

སྡེ་མི་ཚོས་བཤད་ན། ཁོས་སྲི་གཅོད། མོ་ལུང་ཐོག་ཏུ་ཁེལ། ཁོ་ལ་མི་དགའ་བའི་ལས་བྱས་ཚེ་ལས་བྱེད་མཁན་དེར་ན་བ་དང་འཆི་བ་སོགས་ཡོང་ཟེར། ཁོས་སྡེ་བའི་གཞོན་ནུ་མ་རེ་ཟུང་གི་ལུས་སྨད་རྗེན་པར་བལྟ་རྒྱུ་ཟེར་ནས་བཙན་འཛུགས་སྐབས་ཤིག་ལ་ངས་ཁོ་ལ་ངོ་རྒོལ་བྱས་པ་ཡིན། དེ་ནས་ཁོས་ང་ལ“ཁྱོད་རང་ལོ་ཉེར་གཅིག་ཐོག་ཏུ་ཡང་ན་རྒྱ་གར་ལ་འབྲོ་རྒྱུ་རེད། ཡང་ན་བཙོན་ལ་འགྲོ་རྒྱུ་རེད”ཟེར།

ང་རང་མ་གཞི་ནས་དད་པ་ཆུང་གཤིས་ཁོའི་སྐད་ཆ་དེར་དོ་སྣང་མ་བྱས་མོད། ངའི་ཁྱིམ་མི་དག་གིས་ངའི་ཆེད་དུ་ང་རང་ལོ་ཉེར་གཉིས་ལ་མ་བུད་བར་སེམས་ཁྲལ་བྱས། ཡིན་ཡང་ང་རང་རང་ལོ་ཉེར་གཅིག་ནི་ཕར་ཟད་ད་ལྟ་སོ་དགུ་རང་ལ་ཐོན་བྱུང་མོད། ཁོས་ལབ་པའི་ལུང་བསྟན་དེ་གཉིས་མངོན་གྱུར་བྱུང་མ་སོང་།

རྒྱ་ལའོ་ཧྲིན་ད་ལྟ་རྒན་འཁོགས་ཆགས་འདུག་ལ། ན་བ་ཡང་ཇེ་དྲག་ཏུ་འགྲོ་བཞིན་འདུག་ཟེར། ཁོས་ང་ཚོའི་སྡེ་བ་འདི་ཟ་ས་འཐུང་ས་ཉལ་ས། ཐ་ན་གཉང་ས་ཚུན་ཆད་བྱས་ནས་བསྡད་པ་རེད་ལ། ཁོ་རང་གི་ཚོད་ཀྱིས་མི་ཕྱུགས་གཉིས་ཀྱི་ཆེད་དུ་བཅའ་བ་རིམ་གྲོ་ཡང་མང་ཙམ་བསྒྲུབས་པ་རེད།

གང་ལྟར་ད་ནི་ཁོས་འཆི་དོང་ཁར་རྐང་པ་བསྲིངས་ནས་འདུག་པས། ང་ནི་ཁོ་ལ་མི་དགའ་བ་ཅི་ཡང་མེད་ལ། ངའི་མི་ཚེའི་ཁྲོད་དུ་མི་འདི་འདྲ་ཞིག་ཀྱང་ཡོད་དགོས་སོང་བ་ཨེ་རེད་སྙམ་ནས་བསམ་བློ་གཏོང་བཞིན་ཡོད།

ངས་མུ་མཐུད་དུ་ཇ་འཐུངས་པས། ལུས་ཀྱང་དྲོས། སེམས་ལའང་ཆོས་ལུགས་ཁག་ལས་བཤད་པའི“བྱིན་རླབས”ལྟ་བུའི་ཅི་ཞིག་འཛུལ། གྲོགས་པོ་ལ་ལས། ཇ་འཐུང་བ་ལ་གཞན་དུ་འགྲོ་ཅི་དགོས། ཇ་ལོ་འདང་ཚད་ཅིག་ཉོས་ཏེ་རང་ཁྱིམ་དུ་རྔ་མོང་གིས་ཆུ་འཐུང་བ་བཞིན་བྱ་ཆོག་གི་རེད་ཟེར་མོད། ལར་ཆོག་ལུགས་བཤད་ན་ཇ་མ་འཐུང་བར་ཆུ་འཐུང་ནའང་ཆོག་གི་རེད། བརྒྱ་ལ་འཐུང་ནའང་སྔར་བཞིན་ཇ་ནག་འཐུང་ཆོག་གི་རེད། སྡུག་ཐུག་ན་རྩྭ་ཇ་འཐུང་ནའང་ཆོག་གི་རེད། ཡིན་ཡང་དེ་ཙམ་ཞིག་ནི་སེར་སྣ་ཆེ་དྲགས་པས་དང་སྟབས་བདེ་དྲགས་པས་མི་འཐད།

རྒྱ་ལའོ་ཧྲིན་གྱིས་ནི་ཇ་ཡི་ཚབ་ལའང་ཆང་འཐུངས་སྐད། འགའ་རེས་ཁོས་ཆང་གི་ནང་ལ་ཇ་ལོ་བཏབ་འདུག་ཀྱང་ཟེར་མོད། ངས་ནི། གཏམ་དེའི་རིགས་རྫུན་གྱི་ཕྱོགས་ལ་བརྒྱབ་པ་ཡིན།

4、ངོ་འབག་སེར་པོའི་སྒྲུང་། དཔོན་བྱམས་དཀར།

འགྲོ་འདུག་སྤྱོད་གསུམ་ལ་དལ་ཞིག་བབས་ཡོད་པའི་མི་སྟེ། དཔོན་བྱམས་དཀར་ནི་རེབ་གོང་ཕྱོགས་ཤིག་གི་ཡིན་ལ།ལོ་དྲུག་ཅུ་ལྷག་ཅིག་ཡིན། དཔོན་འདོན་བཟང་ཟེར་བ་ཁོ་ཡིན། དུས་གསུམ་གསལ་ལེར་ལོས་མཁྱེན་འདོད་པའི་མིག་ཁོ་ནར་ཡང་ལྟད་མོ་ཞིག་ཡོད།

དཔོན་ཤོམ་ཅན་ཞིག་ཀྱང་ཡིན། རལ་བ་རིང་པོ་མགོ་ལ་དཀྲི། བ་སོའི་ཕྲེང་བ་སྐེ་ལ་འཕེན། རས་ཁམ་ནག་དང་དམར་སྨུག་གི་ལྭ་བ་གསར་རྐྱང་གྱོན། ཁོས་གཅོད་འདོན་དུས་རྐང་དུང་འབུད་པ་ཡིན་ལ། ལོ་ན་མཐོ་བས་ཡིན་ནམ། གང་ལྟར་རྐང་དུང་གི་སྒྲ་དེ་སྙན་མོ་ཞིག་མིན་ལ། ང་ཚོ་བྱིས་པ་ཚོས་སྒྲ་དེ་གོ་ཐེངས་རེ་རེར་མ་བགད་རང་བགད་ཡིན།

ཁོ་བུད་མེད་ལ་མི་དགའ་བ་ཡིན་ནམ་སྤམ་རྫུ་བྱས་པ་ཡིན་པ་སུས་ཤེས། ཁོ་ང་ཚོའི་སྡེ་བར་ཡོང་ནས་བུད་མེད་ཅིག་ལ་མིག་ཟུར་ཞིག་འཕངས་པའི་གཏམ་ཙམ་ཡང་ཐོས་མྱོང་མེད། ངས་ཁོ་བུད་མེད་ལ་མི་དགའ་བས་ཡ་མཚན་རེད་ཟེར་བ་མིན། བུད་མེད་ལ་དགའ་བ་ནི་སྐྱེས་པའི་ལྷན་སྐྱེས་ཀྱི་གཤིས་ལུགས་ཤིག་རེད། དེ་ལ་དགག་རྒྱུ་ཅང་ཡོད་པ་མ་རེད།འོན་ཀྱང་དཔོན་བྱམས་དཀར་ནི་སྐྱེས་པ་དམིགས་བསལ་ཞིག་རེད་ཟེར་བ་ཡིན།

ཁོས་ཆོས་བཏོན་པར་སྡེ་མི་ཚོས་སྒོར་མོ་གང་འཚམ་རེ་འབུལ་གྱིན་ཡོད། སྒོར་མོའི་མང་ཉུང་ཙམ་ལ་བལྟས་ནས་ཁོར་རྣམ་འགྱུར་ལྷག་པ་སྟོན་རྒྱུ་ཡང་མེད། ཁོ་ལ་རེ་བ་ཞིག་ཡོད་པ་ནི“ཚ་རུ་རེ་ཟུང་སྟེར་རྒྱུ་ཨེ་ཡོད”ཅེས་པ་དེ་ཡིན། ང་ཚོས་ཀྱང་ཁོ་ལ་ལོ་རེ་བཞིན་ཚ་རུ་འགའ་རེ་བྱིན་པ་ཡིན།

ཁོ་ལ་ལྷ་མཐོང་འདྲེ་མཐོང་ལབ་རྒྱུ་ཡང་མེད། ཡོད་པ་ནི་འདོན་སྐད་ཧུར་པོ་དེ་དང་རྡོར་དྲིལ་སྦུབ་གསུམ་དང་འགྲོགས་པའི་ཕྱག་རྒྱ་མཉེན་ལྕུག་ལྡན་པ་རྣམ་གྲངས་མང་བ་ཉམས་ཟིལ་ལྡན་པ་དག་རེད།

ཁོ་ལ་ཕར་བལྟས་ན་ཡོན་ཏན་གྱི་མཛོད་ཅིག་དང་འདྲ་མོད། འདི་ད་ཡོན་ཏན་རེད་འདོད་སྤྱད་ཀྱི་ཆོས་བཤད་སོགས་ཀྱང་བརྒྱབ་མ་མྱོང་། ཁོའི་རྣམ་པ་ཁོ་ནས་ཀྱང་ང་ཚོ་བྱིས་པ་ཚོའི་ཡིད་བཀུགས་མྱོང་ལ། མི་རྒན་ཚོའི་ཡིད་ཀྱང་བཀུགས་ཡོད་ཐག་ཆོད་ཡིན།

ལོ་འགའི་གོང་ནས་བཟུང་ཁོའི་སྐོར་ཅི་ཡང་གོ་རྒྱུ་མི་འདུག ད་ལྟ་ཕལ་ཆེར་ཁོ་འཇིག་རྟེན་གཞན་དུ་སོང་ཟིན་ཡང་སྲིད། ཤི་བའི་དུས་སུ་ཡང་ཁོར་ཉམ་ང་བ་དང་བག་ཚ་བ་ཅི་ཡང་མེད་ལས་ཆེ་ཞེས་ངས་རྟག་པར་བསམ་གྱིན་ཡོད།ངའི་སེམས་ངོར་ཁོ་ནི་འཁོར་བའི་བྲེལ་ཟིང་ཁྲོད་ཀྱི“རླིངས”ཞེས་པའི་བརྡ་དེ་ཆགས་ཡོད།

ངས“རླིངས” ཞེས་པ་དེ་དང་མཉམ་དུ“ཇ”ཞེས་པ་ཞིག་ཀྱང་དྲན་ཡོང་།

ང་ལ་མཚོན་ན། ཇ་འཐུང་སའི་གནས་དང་། འཐུང་སྤྱད་ཕོར་བ། འཐུང་མཁན་འདུག་སའི་འབོལ་ཁྲིའམ་ཚུགས་ཀ་གཞན་གྱིས་བྱས་པའི་འདུག་སྟེགས་ཅི་རིགས། དེའི་སྔུན་ལ་ཡོད་པའི་ཅོག་ཙེ། དེའི་ཡང་སྟེང་ལ་ཡོད་པའི་ཇ་ཕོར་བརྟེན་ས་སྟེ་ཇ་ཅོག་གམ་ཇ་སྟེགས་སུ་འབོད་པ་སོགས་ལའང་དཔྱོད་ཅིང་རྟོག་རྒྱུར་དགའ། འོན་ཀྱང་དོན་འདི་རང་དཔོན་བྱམས་དཀར་ལ་འབྲེལ་བ་ཅི་ཡང་མེད་དེ། ཁོས་མཚམས་ལན་རེར་ཇ་མདོག་གི་སྐ་རགས་ཞེང་ཆེན་ཞིག་ལྷུགས་ཀྱིས་བཅངས་ཡོད་པ་ཙམ་མོ།།

5、ངོ་འབག་སྔོན་པོའི་སྒྲུང་། མཇུག་གི་གཏམ།

ད་དུང་མོ་པ་སྒལ་འབུར་དང་ཆུ་ལེན་ལྷ་མོ་སོགས་བརྗེད་ཐོར་ཉར་འོས་པ་ཤིན་ཏུ་མང་། དྲིན་ཆེན་མིན་ལ་དགྲ་ཟླ་ཡང་མིན་པའི་མི་དེ་དག་ཀྱང་ཆེས་ཕྲ་ས་ཞིག་ནས་ངའི་མི་ཚེའི་ས་ཁྲ་འགྲུབ་བྱེད་ཀྱི་ཐིག་དུམ་རེ་ཟུང་ཆགས་ཡོད་པ་འདྲ། ཐིག་དུམ་འདི་ཚོ་བརྒྱུད་ནས་ཕར་བལྟས་ན། ངས་ང་ཚོའི་རུ་སྡེ་ཕྲ་མོ་དང་། སྡེ་འདབས་ཀྱི་དོང་ཆུ། ཁྱིམ་ཚང་རེ་རེའི་སྒོ་ཁའི་ཁྱི་རྒན་སོགས་ཀྱང་རབ་རིབ་ཙམ་ཞིག་མཐོང་ཐུབ་སྙམ་འཆར།

ད་ཡང་ཁ་སྐོམ་པོ་འདྲ་ཞིག་བྱུང་བས། རང་གིས་རང་ལ་གུས་པ་དང་བཅས་ཇ་ཞིག་ལྡུག་ཡ། ཇ་ཞེས་པ་འདི་ལ།གཅིག་ནས། ཀ་ར་སིལ་ཏོག་གི་བྲོ་བ་མེད་ཅིང་། གཉིས་ནས་ཆང་དཀར་ཆང་དམར་གྱི་བཟི་ཁ་ཡང་མེད།གསུམ་ནས་ཕོ་བའི་ཞབས་ལ་འབབ་རྒྱུ་ཡང་མེད་མོད། སྒོར་མོ་སྤྲད་ནས་ད་དུང་ཡང་འཐུང་ན་འདོད་ཨང་།

ཇ་ཕོར་རེ་རེའི་ཐོག་ཏུ་གཉིད་མིན་སད་མིན་གྱི་ཚོན་མདོག་ཅིག་ཡོད་ཅིང་། ཇ་ཁུ་ཞེས་པའི་གཤེར་ཁུ་ནག་པོ་དེ་རང་སོ་བར་བརྒྱུད་དུས་བདེ་ཚོར་ཁྱད་པར་བ་ཞིག་ཀྱང་རྙེད་ཡོང་། དེ་ཙམ་དུ་མ་ཟད། ཆབ་བྱིས་ཡིན་ནམ་ཇ་བླ་ཞེས་པ་དེ་ཡང་བཀྲུས་ཤིང་སྦངས་ན་ལོངས་སྤྱོད་ཅིག་ཏུ་འགྱུར་ཡོང་།

ཇ་བཙན་པོ་འཐུངས་པས་སྣང་བ་ཡང་འཁྲུལ་ཡོང་། ལྟོས་ཨ། མི་ཞིག་གིས་ལྷུན་ཆགས་ཀྱི་སྡེ་བ་བསྐོར་ནས་གྲོང་མཐའ་ཡི་ཇ་ཁང་དུ་སོང་། དེ་ནི་མོ་པ་སྒལ་འབུར་རེད། ཡང་མི་གཞན་ཞིག་གིས་རྙིང་ཟད་ཀྱི་འགྲོན་བུ་བཏགས་ཏེ་འདྲ་མིན་གྱི་ངོ་འབག་བཟོས། དེ་ནི་ཆི་ལེན་ལྷ་མོ་རེད། བར་དེ་ནས་ད་གཟོད། དབུགས་འབྱིན་རྔུབ་ཀྱང་ལུག་ཅིག་གི་མཆུ་བཅིངས་པའི་ཚོད་དུ་བྱུང་། ཅི་ཞིག་གིས་ཅི་ཞིག་ལ་རེག་ཅིང་བརྡར་བའི་ཁྲོག་སྒྲ་ཡང་བསྟུད་མར་མཆེད།

“ཁྱོད་ཀྱིས་བལྟས་ན། བླ་རྒན་དར་རྒྱས་དང་རྒྱ་ལའོ་ཧྲིན་གཉིས་ཀྱི་སུའི་དེ་ཆེ་ས་རེད།”

“ཧེ་ཧེ། ངས་དཔོན་བྱམས་དཀར་གྱི་དེ་མ་གཏོགས་རིག་མ་མྱོང་། ཁོའི་དེ་ཧ་ཅང་ཆེ།”

དོན་གྱིས་ངོ་འབག་སེར་པོའི་ཕྱེད་ཅིག་ངོ་འབག་དམར་པོ་ཡིན་ཞིང་། ངོ་འབག་ནག་པོའི་རྒྱབ་ཏུའང་ངོ་འབག་དཀར་པོ་བསྐུངས་ཡོད་པས། མདོར་བསྡུས་ན། ངོ་འབག་ཁྲ་བོ་ཞིག་ཏུ་ཁོ་ཐག་ཆོད་པ་འདྲ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།