ཀྲུང་གོ་བོད་ཀྱི་དྲ་བ།

ངའི་ཨ་མ་ནི་ཁྱི་མོ་ཞིག་ཡིན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཧོར་ཚང་བསྟན་འཛིན་ཕུན་ཚོགས།   སྤེལ་དུས། : 2022-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་ཨ་མའི་མངལ་ལས་སྐྱེས་ཚར་བ་ཡིན་ནམ། རེད་དེ། ངས་ཨ་མའི་ཞལ་ངོ་མི་མཐོང་དོན་ཅི་ཡིན་ནམ། ཨ་མས་ང་ལ་ཞིམ་མངར་གྱི་ནུ་ཞོ་མི་སྣུན་དོན་ཅི་ཡིན་ནམ། ཨ་ཡ་མཚན། ང་མི་ཡི་གྲིབ་གཟུགས་ཙམ་ཡང་མེད་པའི་ས་སྟོང་འདི་རུ་ཡོད་པ་ཅི་ཡིན་ནམ། དྲི་བ་འདི་དག་ནི་ལྟོང་ལས་ཤོར་བའི་མདའ་མོ་ཞིག་ལྟར་ངའི་མི་ཆེན་གྱི་མཐེ་བོང་ཙམ་ལས་མེད་པའི་སྙིང་ཆུང་གཏོར་ལ་ཁད་བྱས། ངས་མག་མོག་ཏུ་གྱུར་པའི་མིག་ཟུང་གིས་གཡས་གཡོན་གཉིས་ལ་མིག་མྱུལ་ཇི་ལྟར་བྱས་ཀྱང་ནམ་མཁའ་སྟོང་པ་དང་ས་གཞི་སྟོང་པ་ལས་ཅིའང་མ་མཐོང་། སྐབས་དེར་ངས་ཨ་མ་དྲན་ཡོང་། ཟླ་དགུ་ཞག་བཅུར་མངལ་དུ་ཁུར་བའི་ཨ་མ་དྲན་ཡོང་། ངས་ཨ་མ་འབོད་པའི་བརྡ་རུ་ངུ་སྐད་ཝ་བརྒྱལ་འདྲ་ཁ་ཤས་བྱས་པའི་ལན་དུ་ཁྱི་ལྡོམ་ལྔ་དྲུག་ཙམ་ཞིག་ངའི་མཐའ་འཁོར་དུ་རུབ་སྟེ་སྣོམ་སྣོམ་བྱེད།

“འདི་རུ་བུས་པ་ཞིག་ཡོད་པ་ཅི་ཡིན་ནམ། སུའི་ཡིན་ནམ།”ཁྱི་ལྡོམ་ཚོ་ངའི་མཐའ་འཁོར་དུ་རུབ་སྟེ་བསམ་བློ་གཏོང་།

“སུའི་ཡིན་ན་ཡིན། ང་ཚོས་བཟའ་འཇོག”ཁྱི་ལྡོམ་སྡེར་མོ་དཀར་ཐིག་ཅན་དེས་ཁ་ཆུ་འཛར་འཛར་གྱིས་ངའི་མི་ཆེན་གྱི་ལག་མཐིལ་ཙམ་ལས་མེད་པའི་གདོང་བ་རུ་སྡེར་འདྲད་རྒྱག་ལ་ཁད་ཅིག་བྱས།

“བཟའ་མི་ཆོག འདི་ནི་དཀོན་མཆོག་གིས་ང་ལ་གནང་བའི་ལེགས་སྐྱེས་ཡིན། སུས་ཟོས་ན་ངས་དམར་འཛིང་བྱ་ངེས་ཡིན།”ཁྱི་མོ་རྒྱ་ནག་མ་དེས་མགོ་སྤུ་གྱེན་དུ་གཟེངས་ལ་ངར་ལྕགས་ཀྱིས་བརྡུངས་པ་མིན་གྲང་སྙམ་པའི་མཆེ་བ་གཙིགས་ཏེ་ངའི་ཉེ་འགྲམ་ནས་ཕར་འགྲོ་ཚུར་འོང་བྱས།

“འདི་མི་ཡི་བུས་པ་ཞིག་ཡིན་པ་ལས། ཁྱོད་ཀྱི་ཁྱི་ཕྲུག་མ་རེད། ཁྱོད་ཀྱི་ཁྱི་ཕྲུག་ཁྱི་འཛིན་མཁན་གྱིས་བརྐུས་ཚར་བ་མིན་ནམ།”ཁྱི་ལྡོམ་སྡེར་མོ་དཀར་ཐིག་ཅན་དེས་ཧ་ཅང་མ་རངས་པའི་ཉམས་ཤིག་བསྟན་ནས་བཤད། ཁྱི་མོ་རྒྱ་ནག་མས་སྐད་ངན་དེ་ཐོས་འཕྲལ། ངར་ལྕགས་ཀྱིས་བརྡུངས་པའི་མཆེ་བ་དང་རྣོ་ངར་འབར་བའི་སྡེར་མོ་གཉིས་དུས་མཉམ་དུ་གཙིགས་ཏེ་ཁྱི་ལྡོམ་སྡེར་མོ་དཀར་ཐིག་ཅན་གྱི་མགོ་ཐོག་ཏུ་མཆོངས་སོང་། ཁྱི་ལྡོམ་སྡེར་མོ་དཀར་ཐིག་ཅན་དེས་ཡ་ལན་སློག་པ་ལྟ་ཅི། གཅིན་སྐྱག་ལ་ཚོད་འཛིན་མི་ཐུབ་པར་དབང་མེད་དུ་ཤོར་ཞིང་། སྐད་ཅིག་མའི་དུས་ཡུན་དུ་ཕྱིར་འཐེན་བགྲང་ལས་འདས་པ་ཞིག་བྱས་ཏེ་ཁྱི་མོ་རྒྱ་ནག་མའི་མཆེ་སྡེར་ལས་ཐར་ཙམ་བྱུང་བས་གློག་འོད་འཁྱུག་པ་ཇི་བཞིན་ཐག་རིང་ཞིག་ཏུ་བྲོས་ནས་ཕྱི་བལྟས་ཡང་ཡང་བྱེད། ཁྱི་ལྡོམ་གཞན་པ་ཚོའང་གློ་བུར་གྱི་དོན་དག་དེས་དཔའ་འཁུམ་ཚར་ངེས་པས་གཉའ་བ་ཞུམ་ཞུམ་དང་རྔ་མ་སྒྱིད་ཁུག་ཏུ་དྲུད་དེ་ཐག་རིང་ནས་ཐག་རིང་དུ་ཡལ་བར་གྱུར།

ཁྱི་མོ་རྒྱ་ནག་མའི་གོམ་སྒྲ་ང་དང་བར་ཐག་ཇེ་ཉེ་ནས་ཇེ་ཉེ་རུ་འགྲོ་དུས། ངའི་སྙིང་ཆུང་ལྟིག་ལྟིག་ཏུ་ལྡིང་གིན་འདུག ཁྱི་མོ་རྒྱ་ནག་མས་ངའི་ལུས་པོ་ཧྲིལ་པོ་ལྕེ་ཡིས་གཙང་མར་བལྡགས་རྗེས། ཧ་ཅང་གཟབ་ནན་གྱིས་ངའི་ལུས་ཐོག་ཏུ་ཉལ་ནས་ནུ་ཏོག་ཅིག་ངའི་ཁ་རུ་བསྣུན་ཡོང་བས། ངའི་སྙིང་གི་འཕར་ལྡིང་ཡང་རིམ་གྱིས་རྒྱུན་ལྡན་ལྟར་ལྡིང་ཞིང་ཞིམ་མངར་གྱི་ནུ་ཞོ་འདོད་རྔམ་ཆེན་པོས་འཇིབ། ཡ་མཚན་པ་ཞིག་ལ་ཁྱི་མོ་རྒྱ་ནག་མ་ངའི་ལུས་ཐོག་ཏུ་ཉལ་ཡོད་ཀྱང་ང་རང་མར་མནན་ཡོང་བའི་ཚོར་བ་སྤུ་ཙམ་ཡང་མ་མཆིས། ངས་ནུ་ཞོ་འདོད་རྔམ་ཆེན་པོས་འཇིབ་དུས་ལུས་ཧྲིལ་པོར་གཞི་ནས་གསོན་ཤུགས་རྒྱས་ཏེ་ཅུང་ཙམ་འགུལ་ཐུབ་པ་ཙམ་བྱུང་། ཁྱི་མོ་རྒྱ་ནག་མས་ང་རང་མོའི་པང་ནས་འགུལ་གྱིན་པ་ཚོར་བས། སླར་ཡང་ངའི་མགོར་ལྕེ་ལྡག་ཁ་ཤས་བྱས། དྲོ་ཞིང་འཇམ་པ། རྒྱགས་ནས་འགྲངས་པ། བདེ་ཞིང་སྐྱིད་པའི་ཚོར་བའི་ཀློང་དུ་ང་རང་རིམ་གྱིས་གཉིད་དུ་ཡུར་སོང་།

“ལོ་ལོ་མ་ངུ་གཉིད་ལ་སྡོད།། གཉིད་ལ་སྡོད་དང་རྟ་ཞིག་སྟེར།། རྟ་ལ་སྒ་ཞིག་བསྟད་ནས་སྟེར།། ནམ་མཁའི་སྐར་མ་འཛིན་ལ་སྟེར།།”ཨ་མས་ང་རང་དྲོ་ཞིང་འཇམ་པའི་རུམ་དུ་པང་ནས་རྨི་ལམ་གྱི་ཞིང་ཁམས་སུ་འདྲེན་གྱིན་པ་འདྲ། ངའང་བདེ་ཞིང་སྐྱིད་པའི་ཚོར་བ་དེས་བཟི་སྟེ་རབ་རིབ་ཏུ་ཡོད་དུས། “ཁྱི་འཁྱམ་གྱིས་བུས་པ་ཟོས་སོང་། ཁྱི་འཁྱམ་གྱིས་བུས་པ་ཟོས་སོང——”རྣ་ལ་འཛེར་བའི་འབོད་སྒྲ་ཞིག་གིས་ངའི་ཚོར་བ་གསལ་ལམ་མེར་སད་དུ་བཅུག་སོང་། མ་གཞི་གོང་གི་ཚོར་བ་སྐྱིད་པོ་དེའང་ཁྱི་མོ་རྒྱ་ནག་མས་ངའི་དཔུང་པ་གཡས་མ་མཆུ་བར་དུ་བཙིར་ཏེ་སྡེ་འདབས་ནས་ཡར་ལ་འགྲོ་དུས། མོའི་གོམ་འགྲོས་ལས་བྱུང་བའི་འགུལ་སྐྱོད་ཀྱིས་བྱིན་པ་མིན་འགྲོ། རྣ་ལ་འཛེར་བའི་སྐད་དེ་མ་གཞི་སྡེ་འདབས་ནས་མ་ཎི་རྡོ་སྤུངས་ལ་སྐོར་བ་སྐོར་མཁན་གྱི་རྒད་པོ་ཚོས་མཐོང་འཕྲལ་ངག་ལས་ཤོར་བ་ཡིན་འདུག སྐད་ངན་དེའང་སྐྱི་བསེར་རླུང་གི་ལྡང་ཕྱོགས་ཤིག་གིས་སྡེ་བ་དེའི་མི་ཚང་མའི་རྣ་རུ་ཁྱེར་བས། མི་མང་པོ་ཞིག་མ་བགྲོས་གཅིག་མཐུན་ངང་ཁྱི་མོ་རྒྱ་ནག་མའི་ཕྱོགས་སུ་འདུས། ཁྱི་མོ་རྒྱ་ནག་མའང་སྲོག་བསྡོས་པ་ལྟར་གཡས་འཁྱུག་གཡོན་འཁྱུག་གིས་སྡེ་འདབས་ནས་ཁ་ཕྱིར་འཁོར་ཏེ་བྲོས། མོའི་ལྡེམ་ལ་མྱུར་བའི་བང་འགྲོས་ཀྱིས་ངའི་ལུས་པོ་ས་རྡོ་རུ་གཞུ་ལ་ཁད་ཐེངས་མང་བྱས་ཀྱང་། ཡ་མཚན་པ་ཞིག་ལ་ངའི་ལུས་པོ་ས་རུ་ཐུག་ཙམ་ཡང་བྱས་མ་སོང་། མི་དེ་ཚོ་ནི་སྨྱོན་པ་དག་དག་ཡིན་ལས་ཆེ་སྟེ། ཁོང་ཚོས་ལག་ཏུ་རྡོ་དང་དབྱུག་པ་ཅི་ཞིག་ཟིན་ཚེ་ངའི་བདེ་འཇགས་ལ་སེམས་ཁུར་སྤུ་ཙམ་ཡང་མེད་པར་འཕེན་རྐྱང་བྱས་ཡོང་། ང་རང་མིག་གིས་མི་བཟོད་པའི་དྲག་སྤྱོད་དེས་གཏན་ནས་སྔངས་པར་གྱུར་ཏེ་སྐད་ཤུགས་ཡོད་དགུ་བཏོན་ནས་ངུས་པ་ཡིན། རྡོ་དང་དབྱུག་པ་ནི་དྲག་ཆར་འབབ་པ་ཇི་བཞིན། འུར་སྒྲ་གྲག་པའི་ལག་རྡོ་ཞིག་ཡ་ཡོ་ཁྱག་ཁྱོག་མེད་པར་ཁྱི་མོ་རྒྱ་ནག་མའི་རྩིབས་ཁུག་ཏུ་གཞུས་སོང་བས། ཁྱི་མོ་རྒྱ་ནག་མས་ང་རང་མཆུ་བར་ནས་ཤོར་ཞིང་གོམ་པ་ཁ་ཤས་ཀྱི་མཚམས་སུ་མགོ་རྟིང་ལོག་ནས་འགྱེལ་འདུག ངས་ཁྱི་མོ་རྒྱ་ནག་མ་སྨྱོན་པ་དེ་ཚོས་བསད་ཚར་ངེས་སྙམ་པའི་མོད་ལ་ཁྱི་མོ་རྒྱ་ནག་མ་ལྡེམ་མྱུར་གྱིས་ཡར་ལངས་ཏེ་ངའི་ཕྱོགས་སུ་འཁྱུག་ཡོང་། ཁྱི་མོ་རྒྱ་ནག་མ་ངའི་འགྲམ་དུ་ཐོན་ལ་ཉེ་དུས་འཁུན་སྒྲ་སྙིང་ལ་གཟེར་བ་ཞིག་གྲག་སྟེ་སླར་ཡང་མགོ་རྟིང་ལོག་ནས་འགྱེལ་སོང་། དེ་མ་ཐག་ཏུ་སྨྱོན་པ་དེ་ཚོས་ཁྱི་མོ་རྒྱ་ནག་མ་དང་ངེད་གཉིས་ཕྱི་སྐོར་ནང་སྐོར་བྱས། སྨྱོན་པ་དེ་ཚོས་ང་ལ་ལྟ་ཙམ་ཡང་མི་བྱེད་པར་ཁྱི་མོ་རྒྱ་ནག་མར་རྡོ་དང་དབྱུག་པས་གཅར་རྡུང་ཡང་ཡང་བྱས། ང་རང་ཁྱི་མོ་རྒྱ་ནག་མའི་པང་དུ་ནུར་འདོད་ཀྱིས་རྐང་ལག་ཀྲབ་ཀྲབ་བྱས་ཀྱང་། ང་ནི་ཞོ་ཟེའུ་ནང་དུ་ལྷུང་བའི་འབུ་སྲིན་ཇི་བཞིན་གཡོ་འགུལ་ཅི་ཡང་མ་ཐུབ། ངས་ཁྱི་མོ་རྒྱ་ནག་མར་གཅར་རྡུང་བྱ་མི་རུང་བའི་རེ་ཞུ་ངུ་སྐད་ཀྱི་རྟ་རུ་དྲངས་ཀྱང་། མི་དེ་ཚོས་ངའི་རྣམ་འགྱུར་དང་ངུ་སྐད་ལ་ཡིད་འཇོག་མི་བྱེད་པར་ཁྱི་མོ་རྒྱ་ནག་མ་དབུགས་ལྷེམ་ལྷེམ་བྱེད་པ་ཙམ་དུ་བརྡུངས། སྨྱོན་པ་དེ་ཚོས་མོའི་ལུས་ཐོག་ཏུ་རྡོ་དང་དབྱུག་པས་གཞུ་ཐེངས་རེར་ངུ་ཟུག་སྙིང་གིས་མི་བཟོད་པ་རེ་བྱེད་ལ། མགོ་བོ་དགྱེ་ཅི་ཐུབ་ཀྱིས་ངའི་ཕྱོགས་སུ་ལྟ་ཙམ་ལྟ་ཙམ་བྱས། མོའི་མིག་མཐའ་ནས་མཆི་མའི་ཕྲེང་ཐག་མུ་ཏིག་གི་དོ་ཤལ་ཆད་པ་བཞིན་བར་མེད་དུ་འཐོར་ཡོང་། དེ་ནི་མོའི་ལུས་ཐོག་ཏུ་བྱུང་བའི་ཟུག་གཟེར་གྱི་ཆེད་དུ་ཡིན་ནམ། ངའི་ཡ་ང་བའི་ལས་དབང་གི་ཆེད་དུ་འཐོར་བ་ཡིན་པ་སུ་ཞིག་ལ་གསལ་ཨང་།

མི་དེ་ཚོ་དངོས་གནས་སྨྱོན་པ་རེད་འདུག དེ་ལྟ་བུའི་སྙིང་ཉེ་བའི་རྣམ་པ་མཐོང་བའི་བློ་མིག་ཞར་ཚར་ངེས་པས། “འཆི་ལ་ཉེ་ནའང་། བུས་པ་ཟ་སྙིང་ཆེ་ཨང།”ཞེས་ཚུལ་མིན་གྱི་ཉེས་འདོགས་སྣ་ཚོགས་བྱས་ཏེ་བལྟས་བལྟས་རིག་རིག་ཏུ་ཁྱི་མོ་རྒྱ་ནག་མའི་ཚེ་སྲོག་འཕྲོག་པར་བྱས། ཁྱི་མོ་རྒྱ་ནག་མས་དབུགས་ལྷེམ་ལྷེམ་གྱིས་ལེན་ཞིང་། མིག་ཟུང་ཀེམ་ཀེམ་གྱིས་ངའི་ཕྱོགས་སུ་ལྟ་ཐེངས་རེར། ངས་དེ་རིང་ཞོགས་པ་ང་རང་མི་མེད་ལུང་སྟོང་དེ་ལས་སད་པའི་རྣམ་པ་ཡིད་ལ་གསལ་ལམ་མེར་ཤར། ད་ནངས་ཞོགས་པར་ངའི་མིག་ལམ་དུ་ནམ་མཁའ་སྟོང་པ་དང་ས་གཞི་སྟོང་པ་ལས་ཅིའང་མ་མངོན་ལ། གྲང་ངར་གྱིས་རྐང་ལག་གཅོད་ལ་ཉེ་ཞིང་། བཀྲེས་སྐོམ་གྱིས་ཚེ་སྲོག་དགུམ་ལ་ཉེ་དུས། ངའི་ཨ་མ་སྟེ། ཁྱི་མོ་རྒྱ་ནག་མས་ཁྱི་ཚོགས་ཀྱི་ཁ་ནས་ང་རང་བསྐྱབས་ལ་ཞིམ་མངར་གྱི་ནུ་ཞོ་བསྣུན་ཏེ། ལུས་དྲོད་ཀྱིས་ང་རང་གསོས་པ་མིན་ནམ། སྙིང་ཉེ་བའི་རྣམ་པ་ཕྲ་མོ་རེ་རེ་ངའི་མིག་ལམ་དུ་གློག་བརྙན་བཞིན་ཤར་དུས། ངའི་སེམས་པ་ཧ་ཅང་ན་བར་གྱུར་ཏེ་ངུ་འབོད་ཡང་ཡང་བྱས་པས། སྨྱོན་པ་དེ་ཚོས་གཞི་ནས་ང་རང་ལ་ཡིད་འཇོག་བྱུང་སྟེ། རྒན་པོ་ཞིག་གིས་ང་རང་པང་དུ་བླངས་ཏེ་ལུས་ཧྲིལ་པོར་ཞིབ་ལྟ་ཐེངས་ཤིག་བྱས་རྗེས། མགོ་བོ་ཌ་མ་རུ་དཀྲོལ་བ་བཞིན་གཡུག་གིན“ཨ་ཡ་མཚན། ཨ་ཡ་མཚན”ཞེས་བཟླས། ཡ་མཚན་ཤེས་འདོད་ཀྱི་བློ་ནི་འགྲོ་བ་མིའི་རིགས་ཀྱི་སྤྱི་གཤིས་ཡིན་ངེས་ཏེ། དེ་རུ་འདུས་པའི་སྨྱོན་པ་ལ་ལས་ངའི་ལུས་པོ་ལ་ཕུར་ཚུགས་སུ་ལྟ་ཞིང་། ལ་ལས་རྒན་པའི་སྔོ་ནག་ཏུ་གྱུར་པའི་མཆུ་སྒྲོས་ནས་ཡ་མཚན་པའི་གཏམ་རྒྱུད་ཅི་ཞིག་འཆད་ཡོང་བར་བསྒུགས་འདུག

རྒན་པོས་མི་ཆེན་གྱི་ལག་པ་ཙམ་ལས་མེད་པའི་ང་རང་སྨྱོན་པ་དེ་ཚོའི་སྔུན་དུ་ཕར་བསྲིངས་ཏེ“ཁྱེད་ཚོས་ལྟོས་དང་། བུས་པ་འདིའི་ལུས་པོ་ལ་རྨ་ཤུལ་ཙམ་ཡང་བཟོས་མི་འདུག”ཅེས་བཤད། མི་ཚོགས་ནི་རླུང་གིས་གཡོས་པའི་རྦ་རླབས་ཙམ་ཡིན་ཕྱིན། དེ་མ་ཐག་ཏུ་ལག་པ་སུ་རིང་བརྩད་དེ་ང་རང་ཚོང་པ་ཞིག་གིས་ཚོང་རྫས་ལ་བརྟག་པ་ཇི་བཞིན་སྨྱོན་པ་དེ་ཚོས་ཞིབ་ཀྱིས་བལྟས་ཤིང་ནན་གྱིས་བརྟགས་རྗེས། རྒན་པོས་ཞལ་མཆུ་ཀྲབ་ཀྲབ་ཀྱིས་ཅི་ཞིག་ཡང་ཡང་བཟླས་ནས་ངའི་ལུས་ཧྲིལ་པོ་ལ་མཆིལ་མ་འདྲེས་མའི་ཕུ་རིང་ཁ་ཤས་བཏབ་རྗེས། སློག་པའི་སྐེད་རགས་ལྷོད་ཙམ་བྱས་ཏེ་ང་རང་རུམ་དུ་པང་ནས་སྨྱོན་པ་དེ་ཚོ་ལ་ང་རང་ཁྱི་མོ་རྒྱ་ནག་མས་ཨ་མ་སུ་ཞིག་གི་རུམ་ནས་ཕྲོགས་པའམ་བརྐུས་པ་རྩད་གཅོད་དུ་བསྐུལ།

ཡུད་ཙམ་འགོར་རྗེས། ལྭ་བ་དཀར་པོ་གྱོན་པའི་བུད་མེད་སྐོར་ཞིག་དང་ལྭ་བ་སྔོ་ནག་གྱོན་པའི་སྐྱེས་པ་སྐོར་ཞིག་སླེབས་ཡོང་། རྒན་པོས་ལྭ་བ་སྔོན་པོ་གྱོན་པའི་སྐྱེས་པ་དེ་དག་མཐོང་མ་ཐག་ཏུ“བུས་པ་ངུ་རྐྱལ་ཞིག་འདུག”ཅེས་བཤད་དེ་ང་རང་ལྭ་བ་སྔོ་ནག་གྱོན་པའི་སྐྱེས་པ་ཞིག་གི་ལག་ཏུ་བཞག་རྗེས། ཁ་ཕྱིར་འཁོར་ཙམ་ཡང་མི་བྱེད་པར་མ་ཎི་རྡོ་སྤུངས་ཀྱི་ཕྱོགས་སུ་ཆས་སོང་། ཁོ་ལའང་ཁག་ཅིའང་མེད་པ་འདྲ། ཁོ་དང་མཉམ་པོར་འདུས་པའི་སྨྱོན་པ་དེ་ཚོ་སྔ་མོ་ནས་རང་རང་སོ་སོའི་དོན་བྱ་སྒྲུབ་ཏུ་སོང་ཚར་ལ། ཐ་ན་ཁོང་ཚོས་ཉེས་གསོད་བྱས་པའི་ཁྱི་མོ་རྒྱ་ནག་མའི་རོ་སྦས་སྐུང་ཙམ་ཡང་མ་བྱས་པར་གཡུགས་ནས་སོང་ཚར། ལྭ་བ་སྔོ་ནག་གྱོན་པའི་སྐྱེས་པ་དེ་ཚོས་ངའི་ལུས་ཧྲིལ་པོར་ཞིབ་ལྟ་བྱེད་ཀྱིན་འདྲ་པར་ཡང་ཆ་རེ་བླངས་ཤིང་། ཁྱི་མོ་རྒྱ་ནག་མའི་བེམ་པོར་ཡང་འདྲ་པར་ཆ་རེ་བླངས་རྗེས། ཁོང་ཚོའི་ལས་འགན་གཙང་འགྲུབ་ཚར་བས་ང་རང་ལྭ་བ་དཀར་པོ་གྱོན་པའི་བུད་མེད་ཚོའི་ལག་ཏུ་བཞག་སྟེ“ཝུའུ་ཝུའུ”ཞེས་སྒྲ་སྒྲོག་པའི་རླངས་འཁོར་བཏང་ནས་ཐག་རིང་ནས་ཐག་རིང་གི་ལམ་ཕྲན་ཀྱག་ཀྱོག་ཏུ་ཡལ་སོང་། ཁོང་ཚོས་ང་རང་ལག་རས་དཀར་པོ་ཞིག་གིས་དམ་པོར་བཏུམ་ཞིང་སྣའི་བུ་ག་གཉིས་སུ་འགྱིག་སྐུད་རེ་བརྫངས་ཏེ་རླངས་འཁོར་དཀར་ཁྲ་ཞིག་གི་ནང་དུ་ཁྱེར།

བུད་མེད་དེ་ཚོས་ང་རང་འགྱིག་གིས་བཟོས་པའི་རྩེད་ཆས་ཤིག་ལྟར་ཉལ་ཁྲིའི་ཐོག་ཏུ་ཁྲོག་སེ་གཡུགས་རྗེས། རང་རང་ས་ནས་འདུག་སྟེགས་རེ་བཙལ་ཏེ་ལབ་གླེང་སྣ་ཚོགས་མོལ་བ་ལས་ང་ལ་ཕན་པའི་གྱོན་པ་དང་འོ་མ་སོགས་ཀྱི་དྲིན་ཅི་ཡང་བསྐྱངས་མ་སོང་། སྐབས་དེར་ངས་སླར་ཡང་ཁྱི་མོ་རྒྱ་ནག་མའི་དྲོ་ཞིང་འཇམ་པའི་རུམ་ཁུག་དང་ཞིམ་མངར་ལྡན་པའི་ནུ་ཞོ་དྲན་ལ། མོའི་ཡ་ང་བའི་ཤི་རྐྱེན་ཀྱིས་སེམས་པ་རབ་ཏུ་མནར་བས་ངུ་འབོད་ཡང་ཡང་བྱས། བུད་མེད་དེ་ཚོ་ནི་རྣ་བ་འོན་པ་ལྟར་མུ་མཐུད་དུ་ལབ་གླེང་སྣ་ཚོགས་ལ་གཡེང་བ་ལས་ངའི་ཕྱོགས་སུ་ལྟ་ཙམ་ཡང་མི་བྱེད། རླངས་འཁོར་གྱི་བཞུད་ཚད་ཧ་ཅང་མྱུར་བས་ལམ་དཀྱོགས་ཤིག་ནས་ང་རང་ཨེན་ཙམ་མིན་ན་ཐང་དུ་ཡེར་སོང་། ངས་ངུ་མཚམས་བཞག་སྟེ་ལུས་པོ་རྩིད་སྐུད་ལྟར་བསྒྲིམས་ནས་ཐང་དུ་ལྷུང་འགྲོ་བར་ཡིད་གཟབ་བྱས། རེད་དེ། རླངས་འཁོར་གྱིས་སླར་ཡང་ལམ་དཀྱོགས་ཤིག་བསྐོར་ནས་འགྲོ་དུས་ང་རང་ཉལ་ཁྲིའི་ཟུར་དུ་ལྷུང་སོང་། ད་ནི་རླངས་འཁོར་གྱིས་ལམ་དཀྱོགས་ཤིག་བསྐོར་ཚེ་ང་རང་ཐང་དུ་ཡེར་འགྲོ་བར་གདོན་མི་ཟ། ཉལ་ཁྲི་མཐོན་པོ་འདི་ལས་ཐང་དུ་ལྷུང་ཚེ་ངའི་དོན་ལྔ་སྣོད་དྲུག མགོ་རྐང་ལག་ཚང་མ་ཤ་ཆག་རུས་ཆག་ཏུ་བཟོ་ངེས་པས། ང་རང་ཅིས་ཀྱང་ཕར་ནུར་དགོས་ཨང་སྙམ་གྱིན་པའི་སྐབས་སུ་རླངས་འཁོར་གྱི་འཁོར་ལོ་ས་དོང་ཞིག་ཏུ་ཁེལ་སོང་བ་འདྲ། མི་ཆེན་གྱི་ལག་པ་ཙམ་ལས་མེད་པའི་ང་རང་བར་སྣང་ཁམས་སུ་འཕངས་ཤིང་སྐད་ཅིག་མའི་ཡུན་དུ་མར་ལྷུང་སྟེ་ཐང་ལ་ཆོབ་སྒྲ་གྲག་པ་ཞིག་བརྡབས་སོང་།

ངའི་ལུས་ཧྲིལ་པོ་ཟུག་གཟེར་གྱིས་མནར་ཞིང་ལྟག་རྒྱབ་ནས་ཁྲག་བཞུར་གྱིན་ཡོད་པ་ཁོ་ཐག་རེད། རྣ་ཅོག་འོན་པའི་བུད་མེད་དེ་ཚོས་གནས་ཚུལ་དེ་མཐོང་འཕྲལ་ང་རང་ཉལ་ཁྲིའི་ཐོག་ཏུ་བཞག་རྗེས། ལུས་པོ་ལག་རས་རློན་པ་ཡིས་ཡང་ཡང་ཕྱིས་ཤིང་། སྤྱི་བོ་རུ་རྨ་རས་དཀར་པོ་ཞིག་ཀྱང་དཀྲིས་སོང་མོད། ད་ནི་ངའི་ཉིན་གཅིག་གི་མི་ཚེ་ལ་བཞི་ཤད་ཅིག་འཐེན་པའི་དུས་ལ་བབས་སོང་བས། རྨ་དཀྲིས་སྟབས་བདེ་ཞིག་གིས་ངའི་ན་ཟུག་གིས་ཁེངས་པའི་སྙིང་ཆུང་དང་། ཟུག་གཟེར་གྱིས་མནར་བའི་ལུས་པོ་སྐྱོབ་ཅི་ལ་ནུས་ཨང་། ངའི་ཤེས་པ་ཇེ་འཐིབ་ནས་ཇེ་འཐིབ་ཏུ་གྱུར་ནའང་། ཁྱི་མོ་རྒྱ་ནག་མའི་སྙིང་ཉེ་བའི་བྱད་གཟུགས་མིག་ལམ་དུ་གསལ་ལམ་མེར་མངོན། ཁྱི་མོ་རྒྱ་ནག་མ་ངའི་སྔུན་དུ་ལངས་འདུག རེད་དེ། མོའི་བྱད་གཟུགས་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་ཏེ་མུན་པའི་དབྱིངས་སུ་སྐར་འོད་ཅིག་ཏུ་སྤྲུལ་ནས་ཡལ་སོང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།