ཀྲུང་གོ་བོད་ཀྱི་དྲ་བ།

ང་ལ་ཉེས་པ་མེད་པས་འཆི་མི་འདོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཁྲི་ཟླ་གཞོན།   སྤེལ་དུས། : 2022-03-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་རྡེའུ་དཀར་ནག་གི་རྗེས་སུ་འབྲངས་ནས་ཧ་ཅང་སེམས་ཆུང་ངང་མུན་ནག་ཁྲོད་ལྗང་མདོག་ཏུ་སྣང་བའི་ས་ངོས་སུ་གོམ་པ་རེ་རེ་བཞིན་སྤོས་ནས་ཕ་གིའི་དམིགས་འདུན་གྱི་ཁོར་ཡུག་དེའི་ཕྱོགས་སུ་བསྙེགས། ཡུད་ཙམ་ལ་སོང་རྗེས། གཡས་ཀྱི་མུན་པའི་ཁྲོད་ནས་ངའི་རྣ་ལམ་དུ་སྐྱེས་པ་ཕོ་མོ་གཉིས་ཀྱི་ངུ་འབོད་ཀྱི་སྒྲ་ཐོས་ཡོང་། ངས་ཡུན་གྱིས་དེ་གཉིས་ཀྱི་ཕྱོགས་སུ་ལྟ་དུས། སྐེ་ཚིགས་ཀྱི་མན་ཆད་མེ་ནུར་དུ་ནུབ་སྟེ་མགོ་བོ་མ་གཏོགས་མི་མཐོང་བའི་སྐྱེས་པ་ཞིག་གི་རྣམ་ཤེས་དང་པུས་མོའི་མཚམས་བར་ཚིག་ནས་འདམ་དུ་ཟུག་པ་ལྟར་འགྲོ་འོང་ཡང་བྱེད་མི་ཐུབ་པའི་སྐྱེས་མ་ཞིག་གི་རྣམ་ཤེས་ཡོད་པ་མཐོང་།

ང་དེ་གཉིས་ཀྱི་ཉེ་འགྲམ་དུ་མ་བཅར་བར་ཇ་ཡུན་ཙམ་ལ་རྣམ་ཤེས་དེ་གཉིས་ཀྱི་ལུས་སྟེང་དུ་ཅི་བྱུང་བལྟས་པར། སྐྱེས་པ་དེའི་མགོའི་སྤྱི་གཙུག་བར་མེ་ནུར་ནང་ཡོངས་སུ་ནུབ་ཚར་ནས་ཐལ་བར་གྱུར་རྗེས་ཡང་བསྐྱར་ད་སོ་མའི་གནས་དེ་ནས་སྔར་གྱི་མི་ལུས་ཆ་ཚང་བར་སོས། དེ་ནས་ཁོ་སྨྱོས་པ་ལྟར་ལྕགས་ཀྱི་སྡེར་མོ་ཐོགས་པའི་ལག་ཟུང་གིས་རང་གི་བྲང་གཞུང་གཤགས་ནས་བྲང་ཁ་གཡས་གཡོན་དུ་ཁ་ཕྱེས་པ་དང་། ལག་གཡས་ཤུགས་ཀྱིས་རང་གི་ཁོག་པའི་ནང་བཏང་ནས་ཁྲག་དམར་ཙ་ར་ར་དང་མཆོང་ལྡིང་བར་མེད་དུ་བྱེད་པའི་རང་གི་གསོན་སྙིང་བཏོན་ཏེ་ནན་ཏན་གྱིས་ཅི་ཞིག་འཚོལ། དེ་ནས་རིམ་བཞིན་མིག་གཉིས་ཀྱང་སྟོན་གྱི་སྡོང་མགོའི་སིལ་ཏོག་ནང་བཞིན་ལྟིག་དི་རིར་ཐང་ལ་ལྷུང་བ་དང་སྣའི་འོག་གི་ཁ་དེ་གཡས་གཡོན་གྱི་འགྲམ་པའི་སྟེང་དུ་གྲི་ཡིས་གཤགས་པ་བཞིན་ཐེད། ད་དུང་ལག་པ་གཉིས་ཀྱི་མཛུབ་མོ་རེ་རེ་ནས་མཁྲིག་མ་དང་དེ་ནས་གྲུ་ཚིགས། དེ་ནས་དཔུང་བ་སོགས་གོ་རིམ་བཞིན་རྣམ་སྨིན་གྱིས་ཆད་ནས་ལྷུང་ཞིང་བྲག་ཞུན་ནང་འཐིམ་ནས་ཐལ་བར་གྱུར། དེ་ནས་ཁོའི་རྐང་མགོ་ནས་སྤྱི་གཙུག་བར་ཡུན་གྱིས་མེ་ནུར་དུ་ནུབ་ཅིང་འོ་དོད་དང་སྨྲེ་ངག་གི་འཇིགས་རུང་སྐད་ངན་ནི་ང་ལྟ་བུ་ཞིག་གི་སྐད་ཆས་གཏན་ནས་ཞིབ་བརྗོད་བྱེད་ཐབས་བྲལ།

སྐྱེས་མ་དེའི་སྡུག་བསྔལ་ནི་དེ་ལས་ཀྱང་འཇིགས་སུ་རུང་བ་ཞིག་སྟེ། མོའི་ངོ་གདོང་ནི་དཀར་པོ་ཤོག་སྐྱ་ལྟར་དམར་མདངས་ཕྲན་ཙམ་ཡང་མི་འདུག་ལ། མིག་ཟུང་ལས་ཁྲག་དམར་མིག་ཆུ་བཞིན་ཤམ་ཤམ་དུ་མཁུར་ཚོས་སུ་བཞུར་ཞིང་ངུ་ངག་དང་ལྷན་དུ་རང་གི་མགོ་བོའི་སྐྲ་རྐང་རེ་རེ་བཞིན་འབལ། ཁའི་ནང་དུ་ལྕེ་མེད་པ་ལྟར་སྐད་ཆ་ལྡབ་ལྡིབ་ཅིག་སྨྲ་བཞིན་ནོངས་འགྱོད་ཀྱི་ན་ཟུག་གིས་འོ་དོད་དང་སྨྲེ་ངག་མཉམ་དུ་འདོན་ཞིང་། ལྕགས་ཀྱི་སྡེར་མོ་ཐོགས་པའི་ལག་ཟུང་གིས་རང་གི་ལྟེ་བའི་མཚམས་ཀྱི་ལྟོ་བ་ཐད་དུ་གཤགས་ནས་ཅི་ཞིག་འཚོལ་བར་བྲེལ། ཕོ་བ་གཤགས་མ་ཐག་མོའི་རྒྱུ་མ་དང་ནང་ཁྲོལ་ནི་རགས་ལས་ཤོར་བའི་ཤ་འོད་ལྟར་ཚམ་ཚོམ་མེད་པར་ལྷོག་སེར་ཐང་དུ་ལྷུང་། ཡིན་ནའང་མོ་འཆི་རྒྱུ་ཕར་ཞོག་དེ་ལས་ལྡོག་སྟེ་པུས་མོ་གཉིས་ཐང་དུ་བཙུགས་ནས་མར་བསྒུར་ཏེ་ལག་ཟུང་གིས་མྱུར་ཏུ་ཐང་ལ་ལྷུང་བའི་ནང་ཁྲོལ་དག་བསློགས་ནས་ཅི་ཞིག་བོར་སོང་བ་དེ་འཚོལ་ཞིང་། ཅུང་ཙམ་ནས་ནང་ཁྲོལ་དག་ལས་དངོས་པོ་དེ་མ་རྙེད་པས། སྐྱོ་གདུང་སྐྱེས་པ་ལྟར་རང་གི་མགོ་བོ་གྲོད་པུ་འདྲ་བ་དེར་སྡེར་བགྲད་བྱས་ནས་དུམ་བུར་གས་ཤིང་དེའི་ནང་ནས་སླར་ཡང་འབད་པས་ཅི་ཞིག་འཚོལ་བར་བྲེལ། མཇུག་མཐར་མོ་ཡང་འགྲམ་གྱི་སྐྱེས་པ་དེ་ནང་བཞིན་མེ་ནུར་དུ་ཡོངས་སུ་ནུབ་ཚར་རྗེས། ལུས་ཡོངས་ཀྱི་རྨ་ཁ་ཡང་བསྐྱར་སྔར་ལྟར་སོས་ནས་རང་ལ་ཡང་སྔར་དང་འདྲ་བའི་གནར་གཅོད་གཏོང་།

ངས་དེ་ལྟ་བུའི་མིག་གིས་ག་ལ་བལྟ་ཐུབ་སེམས་སུ་འཆར་ཡང་མི་ཐུབ་པའི་འཇིགས་སུ་རུང་བའི་སྣང་བརྙན་དག་མཐོང་དུས། རང་དབང་མེད་པར་ལག་ཟུང་གིས་མིག་གཉིས་བཅད་ནས་ཡུད་ཙམ་འགོར། དེ་ནས་སྐྲག་མ་དངངས་ཀྱིས་ཁོ་གཉིས་ཀྱི་ཉེ་སར་བཅར་ནས་སྐྱེས་མའི་རྣམ་ཤེས་དེར། མནར་གཅོད་ཀྱིས་འཚོ་བའི་རྣམ་ཤེས་ཁྱོད་ཀྱིས་དངོས་པོ་ཅི་ཞིག་འཚོལ་བ་ཡིན་ནམ། ཉེས་པ་ཅི་ཞིག་བསགས་པ་ཡིན་ནམ། ཅིའི་ཕྱིར་རང་གིས་རང་ལ་འདི་ལྟར་གཙེས་ཤིང་འཚེ་བ་ཡིན་ཞེས་དྲིས་པར། རྡེའུ་དཀར་ནག་གིས་ང་ལ་རམ་འདེགས་ཀྱི་ཚུལ་དུ། ཉེས་ཅན་གྱི་རྣམ་ཤེས་ཁྱོད་ཀྱིས་ད་ནི་མཚམས་ཞོག་ཅིག་ཅེས་བཀའ་ཕབ་པ་དང་མཉམ་དུ་མོས་སྒྲུབ་ཀྱིན་པའི་བྱ་བ་ཡོད་ཚད་རེ་ཞིག་མཚམས་བཞག་ནས་ངུ་ངག་དང་ལྷན་དུ་ང་ལ་མོ་གསོན་དུས་ཀྱི་གཏམ་རྒྱུད་བཤད་བྱུང་།

མོ་ན་རེ། ང་ནི་ཀྲུང་གོའི་ནང་ལོགས་ཀྱི་སློབ་ཆེན་ག་གེ་མོའི་སློབ་མ་ཞིག་ཡིན། ཆུང་དུས་ནས་སློབ་སྦྱོང་ལ་ཤིན་ཏུ་དགའ་ཞིང་ཕ་མའི་རེ་བ་སྟོང་ཟད་དུ་མི་གཏོང་ཆེད་རང་གིས་རང་ལ་སྒྲིག་ལམ་བཅོས་ནས། ཉིན་ལྟར་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་སློབ་སྦྱོང་བྱས་པས། རྒྱུ་བཟང་བོ་བཏབ་ན་འབྲས་བུ་བཟང་བོ་འཁྲུངས་པའི་དཔེ་ལྟར་མཐོ་རྒྱུགས་བརྒལ་བའི་རྗེས་སུ་ང་ལ་རྒྱུགས་འབྲས་གཡུར་དུ་ཟ་བ་ཞིག་ཐོབ་སྟེ་ཐད་ཀར་ནང་ལོགས་ཀྱི་སློབ་ཆེན་ཞིག་ཏུ་རྒྱུགས་འཕྲོད། ཆེས་ཐོག་མར་ངས་མུ་མཐུད་དུ་འབད་པ་བྱས་ནས་རང་གི་ཕུགས་བསམ་མངོན་འགྱུར་དང་ཕ་མའི་རེ་བ་སྟོང་ཟད་དུ་གཏོང་མི་རུང་སྙམ་ཡང་། མཐའ་འཁོར་གྱི་ཁོར་ཡུག་གིས་ངའི་གཤིས་ཀར་ཤུགས་རྐྱེན་ཐེབས་ནས་སློབ་སྦྱོང་ལ་འབད་པ་བྱེད་མི་འདོད་པ་ཞིག་ཏུ་བསྒྱུར། ལྷག་པར་སློབ་གྲོགས་འགའ་རེ་ཡིས་ང་ལ་དཔེ་ཆ་བ་གླེན་པ། སློབ་ཆེན་ནི་ལྦུ་ཆང་གི་རྒྱ་མཚོ་དང་བརྩེ་དུང་གི་ལྷ་ཡུལ་ཡིན། ཁྱོད་ལ་མཛའ་གྲོགས་ཤིག་ཀྱང་མེད་དམ་ཞེས་ཟུར་ཟ་བྱས་པས། ངས་ཀྱང་རང་གི་ཁ་ངོ་བསམས་ནས་མཛའ་གྲོགས་ཤིག་བཙལ་རྒྱུ་ཐག་བཅད། ཏག་ཏག་ངའི་ནོར་འཆུག་གི་ཐག་གཅོད་དེས་མཇུག་མཐར་ང་རང་འདི་ལྟར་འཆི་ལམ་དུ་བརྫངས་པ་རེད།

སྤྱིར་མཛའ་གྲོགས་བཙལ་རྒྱུ་དེ་ཉེས་པ་ཞིག་གཏན་ནས་མ་ཡིན་པར་འཇིག་རྟེན་པའི་འགྲོ་ལུགས་ཤིག་ཡིན་མོད། མཛའ་གྲོགས་བཟང་ངན་གང་འདྲ་ཞིག་བཙལ་རྒྱུ་ད་གཟོད་མི་ཞིག་གི་མི་ཚེ་གང་བོའི་བདེ་སྐྱིད་དང་ཚེ་སྲོག་ལ་ཐུག་པའི་དོན་དག་གལ་ཆེན་ཞིག་རེད། ཁྱོད་ཀྱིས་རང་དང་འཚམས་ལ་འགན་ཁུར་གྱི་འདུ་ཤེས་ཡོད་པ། རང་ལ་ཤ་ཚ་སྙིང་ཉེ་བྱེད་པའི་མཛའ་གྲོགས་ཤིག་རྙེད་ན་དེ་ནི་ཁྱོད་ཀྱི་འཇིག་རྟེན་འདིའི་སྟེང་ཆེས་རྩ་ཆེ་བའི་ཚེ་ནོམ་དང་བདེ་སྐྱིད་ཡིན་ལ། དེ་མ་ཡིན་པར་གཞན་གྱི་ཟེར་སྒྲོས་སུ་འབྲངས་ཏེ་ཕྱི་ཚུལ་གྱི་ཚུལ་འཆོས་དང་བསླུ་ཚིག་གི་གཡོ་འོག་ཏུ་ཚུད་ནས་རང་ཚུགས་མེད་པ་དང་འགན་ཁུར་མེད་པ། གཞན་ལ་ངོམ་སོ་བྱེད་ཆེད་མི་གང་རུང་ཞིག་ལ་མཛའ་གྲོགས་བསྒྲིགས་པ་ཡིན་ན། གནད་འགག་གི་དུས་སུ་སླེབས་སྐབས་ད་གཟོད་མི་དེས་རང་ཉིད་ལ་མནར་གཅོད་གཏོང་ཞིང་ཕུང་ལ་སྦྱོར་ངེས།

ངའི་གཏམ་རྒྱུད་འདི་ནི་སློབ་ཆེན་ལོ་རིམ་གཉིས་པའི་སྐབས་ནས་མགོ་བརྩམས་ཏེ་བཤད་པར་བྱ། དེ་ནི་ལོ་ཞིག་གི་དགུན་ཁ་རེད།ངས་གཞན་གྱིས་རང་ལ་མཛའ་གྲོགས་མི་འདུག་ཅེས་འཕྱ་སྨོད་དང་ཟུར་ཟ་བྱེད་པར་གདོང་གཏོད་ཆེད། ཐེ་ཚོམ་མེད་པར་ང་ཚོའི་སློབ་གླིང་གི་ང་ལས་ལོ་རིམ་གཅིག་གིས་མཐོ་ལ། གསར་ཉམས་ཀྱང་ལྡན་པའི་སློབ་གྲོགས་སྐྱེས་པ་ཞིག་གིས་ཡང་དང་བསྐྱར་དུ་མཛའ་གྲོགས་བསྒྲིག་འདོད་པའི་རེ་འདུན་བཏོན་པ་དེ་དང་ལེན་བྱས། སྤྱིར་ང་ལ་མཐོ་འབྲིང་གི་སྐབས་ནས་བཟུང་མཛའ་གྲོགས་བསྒྲིག་འདོད་མཁན་གྱི་སློབ་གྲོགས་སྐྱེས་པ་མང་པོ་ཡོད་ཅིང་། དེ་དག་ལས་ཀྱང་གསར་ཉམས་དེ་འདྲ་མི་ལྡན་ཡང་སེམས་རྒྱུད་ཧ་ཅང་བཟང་བའི་སློབ་གྲོགས་སྐྱེས་པ་ཞིག་ལ་ལོ་གསུམ་རིང་འགྲོགས་མྱོང་། ཁོས་ནམ་རྒྱུན་ང་ལ་ཤིན་ཏུ་གཅེས་ཤིང་རང་གི་ཡོད་ཚད་སེར་སྣ་མེད་པར་ང་ལ་འབུལ། མཐར་ངེད་གཉིས་ཀྱིས་སློབ་ཆེན་བཏོན་ཚར་རྗེས་གཉེན་སྒྲིག་བྱ་རྒྱུར་ཡང་ཁ་དན་བྱས་མོད། ཁོའི་སློབ་སྦྱོང་གི་ཆུ་ཚད་ཅུང་ཞན་པས་མཐོ་རྒྱུགས་སྐབས་སུ་རྒྱུགས་མ་འཕྲོད།

ཁོ་རང་སྤྱིར་བཏང་གི་ལས་རིགས་ལག་རྩལ་སློབ་གྲྭ་ཞིག་ཏུ་འགྲོ་བཞིན་ཡོད་ཀྱང་དུས་རྒྱུན་ང་ལ་ཁ་པར་བཏང་ནས་སློབ་སྦྱོང་གི་གནས་ཚུལ་འདྲི་བ་དང་སེམས་ཁུར་བྱེད། ཡིན་ནའང་གཅིག་ནས་ངའི་མཐའ་འཁོར་གྱི་མིའི་ཟུར་ཟའི་བཤད་ཡམས་དང་གཉིས་ནས་ངེད་གཉིས་ཀྱི་སློབ་གྲྭའི་གནས་ཡུལ་དང་རིམ་པ་མི་གཅིག་པ། གསུམ་ནས་སློབ་གླིང་འདི་ནས་ངོ་ཤེས་པའི་སློབ་གྲོགས་སྐྱེས་པ་དེ་ནི་གཟུགས་དང་ངོ་གདོང་། ཡོན་ཏན་དང་ནུས་པ་གང་ཡིན་ཡང་ངའི་ཡིད་སེམས་དབང་མེད་དུ་དགུག་ཐུབ་པ་ཞིག་འདུག་པས། ངས་ཐབས་བཀོད་ཅིག་འཐེན་ནས་རང་གི་སྔར་གྱི་མཛའ་གྲོགས་དེར་སྙད་མེད་ས་ནས་སྙད་བརྐོས་ཏེ་འཁོན་རེས་དང་ལེ་བདའ་གང་མང་བྱས་མཐར་རྒྱུ་རྐྱེན་དེར་ཁ་གཡར་ཏེ་ཕན་ཚུན་ཞེ་འགྲས་ཅན་གྱི་དགྲ་བོར་བསྒྱུར་ཅིང་སྐད་འཕྲིན་སོགས་ལས་ནག་གསུབ་བཏང་རྗེས། གོང་དུ་བཤད་པའི་ང་ཚོའི་སློབ་གླིང་གི་སློབ་གྲོགས་སྐྱེས་པ་དེའི་རེ་འདུན་དང་ལེན་བྱས་ཤིང་དེར་མཛའ་གྲོགས་བསྒྲིགས།

ངེད་གཉིས་ཀྱང་སློབ་ཆེན་སློབ་མ་གཞན་དག་དང་འདྲ་བར་མཉམ་ཟ་མཉམ་འཐུང་དང་མཉམ་འགྲོ་མཉམ་འདུག་བྱས་ལ། འཇིག་རྟེན་མཐུན་འཇུག་གི་རྩེ་དགའི་ལས་ལ་ཡང་ཐེངས་འགར་རོལ། ཟླ་ངོ་འགའི་རྗེས་སུ་ང་ལ་སྐྱུག་མེར་ལངས་པ་དང་ལུས་ཕུང་མི་བདེ་བའི་ཚོར་བ་གང་མང་བྱུང་། ཐོག་མར་ངས་དོན་དག་དེར་དེ་འདྲའི་མཉམ་མ་བཞག་པར་རང་ཉིད་ཀྱི་ལུས་ཕུང་མི་བདེ་བའི་སྣང་ཚུལ་དེའི་རྒྱུ་རྐྱེན་དྲ་ཐོག་ཏུ་བཙལ་བར། དེ་ནི་སྤྱིར་བཏང་གི་ཆམས་ནད་ཙམ་ལས་མ་འདས་པས་སེམས་ཁམས་བདེར་བབས་ནས་དོན་དག་དེ་སྣང་མེད་ངང་ལོགས་སུ་བསྐྱུར། ཡིན་ནའང་ཉིན་ཐོག་ཟླ་བརྩེགས་ཀྱིས་དུས་ཡུན་ངེས་ཅན་ཞིག་འགོར་རྗེས། ངའི་ཕོ་བ་ཇེ་ཆེ་ནས་ཇེ་ཆེར་གྱུར་ལ། ལུས་ཕུང་མི་བདེ་བའི་སྣང་ཚུལ་ཡང་ཇེ་སྡུག་ཏུ་སོང་། སྐབས་དེར་ད་གཟོད་ངས་རང་ཉིད་ཀྱིས་དོན་དག་ཆེན་པོ་ཞིག་བཟོས་པ་ཤེས།

ངའི་མགོ་ཡོངས་སུ་ཉོག་ནས་ཅི་ཞིག་བྱེད་དགོས་པའང་མི་ཤེས། ངོ་ཚ་དང་དངངས་སྐྲག་གི་ཚོར་འདུ་ཞིག་རྒྱ་མཚོའི་རྦ་རླབས་ཀྱིས་བྲག་རྡོར་གཞུས་པ་ལྟར་མཚམས་མེད་དུ་ངའི་སྙིང་མགོར་འཕྱུར། དོན་དག་སྐྱུག་རྫོབ་འདི་འདྲ་ངས་དགེ་རྒན་དང་ཕ་མ། གྲོགས་པོར་ཇི་ལྟར་བཤད་དམ། བསམ་བློ་ཇི་ལྟར་བཏང་ཡང་སྡུག་གཏམ་བཤད་ས་ངའི་མཛའ་གྲོགས་ཁོ་ན་ལས་མི་འདུག་པས། ངས་རང་ལ་མངལ་ཆགས་པའི་དོན་དག་དེ་མཛའ་གྲོགས་ལ་མ་གསང་མ་སྦས་པར་བཤད། མཛའ་གྲོགས་ཀྱིས་གནས་ཚུལ་དེ་ཤེས་རྗེས་དེ་མ་ཐག་ང་ཁྲིད་ནས་སྨན་ཁང་དུ་སྲིད་བཤིག་པར་ཆས།

ཡིན་ནའང་སྨན་པས་ཕྱིར་ངེད་གཉིས་ལ་གནང་བའི་ལན་ནི། ད་ལྟ་ངའི་མངལ་དུ་ཡོད་པའི་བྱིས་པ་འདི་ཤིན་ཏུ་ཆེ་བས་སྲིད་བཤིག་ཐབས་མི་འདུག་ལ། ཐབས་གཅིག་ཡོད་པ་ནི་རྒྱུན་ལྡན་ལྟར་སྐྱེས་སུ་འཇུག་རྒྱུ་དེ་རེད་ཟེར། དོན་དག་དེས་ཏག་ཏག་ངེད་གཉིས་ཧ་ལས་སུ་བཅུག ངས་བྱིས་པ་དེ་སྐྱེས་སུ་འཇུག་མི་འདོད་ཀྱང་། མཛའ་གྲོགས་ཀྱིས་སྲིད་བཤིག་མི་ཐུབ་པར་ངེས་པར་སྐྱེས་སུ་འཇུག་དགོས་ན་ད་ནི་སྐྱེས་སུ་ཆུགས། ཡིན་ནའང་འུ་གཉིས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་པས་བྱིས་པ་སྙོར་ཐབས་བྲལ། རྗེས་མར་ཕ་མ་དང་དགེ་རྒན། གྲོགས་པོ་གྲོགས་མོས་ཤེས་ན་འཕྱ་སྨོད་བྱེད་ངེས་པའང་གདོན་མི་ཟ་བས། སྐྱེས་རྗེས་ཁྱོད་ཀྱིས་མི་ཁྱི་སུས་ཀྱང་མི་ཚོར་བའི་ཐབས་བཀོད་ཅིག་འཐེན་ནས་བྱིས་པ་དེ་མེད་པར་ཐོངས་ཤིག་ཟེར། ངས་ཁོའི་སྐད་ཆ་དེ་ཐོས་མ་ཐག་ཡིད་ནག་རིམ་པ་དགུ་ཆད་ཀྱང་བྱ་ཐབས་གཞན་ནི་གང་ཡང་མེད་པས་དེ་ལྟར་བྱ་རྒྱུ་ཁས་བླངས།

ཉལ་ཁང་གི་དཔེ་སྒྲོམ་སྟེང་བཀལ་བའི་ལི་ཐོའི་ཟླ་ཚེས་ནི་སྐད་ཅིག་སྐད་ཅིག་ལ་འགྱུར་ཅིང་ཇེ་སྲབ་ནས་ཇེ་སྲབ་ཏུ་གྱུར། ངའི་ཕོ་བ་ནི་དབུགས་ལྒང་ལ་དབུགས་བསྣན་པ་བཞིན་ཇེ་ཆེ་དང་ལུས་པོ་ཡོངས་ཇེ་ལྕི་ནས་ཇེ་ལྕིར་གྱུར། དུས་ཡུན་རིང་བོ་ཞིག་ལ་ངས་མཛའ་གྲོགས་ལ་དཀའ་ལས་བཟོ་དོགས་ཀྱིས་ན་ཟུག་ཡོད་ཚད་རང་གཅིག་པུས་བསྲན། འགོར་གྱིན་འགོར་གྱིན་སྐབས་ལན་རེར་མངལ་གྱི་ན་ཟུག་ནི་བཟོད་གླགས་མེད་པས། ངས་མཛའ་གྲོགས་ལ་ཁ་པར་བཏང་ནས་སེམས་སུ་ཡུན་རིང་ཉར་བའི་སེམས་གཏམ་མམ་སྡུག་གཏམ་དག་རེ་རེ་བཞིན་དྲན་དྲན་འཆར་འཆར་གྱིས་གསོང་བོར་བཤད།

ཡིན་ནའང་བསམ་ཡུལ་ལས་འདས་པ་ཞིག་ལ། མཛའ་གྲོགས་ཀྱིས་ང་ལ་རྒྱུས་ལོན་དང་སེམས་གསོ་བྱེད་རྒྱུ་ཕར་ཞོག་དེ་ལས་ལྡོག་སྟེ་ང་དང་འབྲེལ་ཐག་གཅོད་རྒྱུའི་བསམ་ཚུལ་བཏོན། ཁོས་ཧ་ཅང་ཞེ་སྡང་ངང་ང་ལ་བྱིས་པ་འདི་ནི་ཁྲིགས་ཁྲིགས་མེད་ན་ངས་ཁྱོད་ངོ་མ་ཤེས་པའི་ཡར་སྔོན་ནས་ཡོད་སྲིད། ཁྱོད་ཀྱིས་མི་གཞན་པར་ལུས་འབྲེལ་བྱས་ནས་མངལ་དུ་བྱིས་པ་ཆགས་ཀྱང་། ཐོག་མར་གསང་ནས་མ་བཤད་པར་ང་དང་མཛའ་གྲོགས་བསྒྲིགས། དོན་དག་འདིའི་མཐར་ཐུག་གི་དམིགས་ཡུལ་ནི་ཁྱོད་ཀྱིས་ངའི་ལག་ནས་སྒོར་མོ་མང་པོ་ལེན་འདོད་པ་དེ་རེད། ད་སྟོང་བསམ་མ་བཅང་། ང་ཁྱོད་ཀྱི་གཡོ་འོག་ཏུ་གཏན་ནས་མི་ཚུད། ད་ནས་བཟུང་འུ་གཉིས་ཀྱི་འབྲེལ་ཐག་རྩ་བ་ནས་བཅད་པ་ཡིན་པས་རྗེས་ནས་ང་ལ་བར་ཆད་མ་བྱེད་ཅེས་སྡིགས་མོ་དང་གཤེ་གཤེ་བཏང་། སྐབས་དེར་ད་གཟོད་ངས་ངའི་རེ་བ་ཡོད་ཚད་ཡོངས་སུ་སྟོང་བ་ཤེས། རང་དབང་མེད་པར་མིག་ཆུ་ཁྲོམ་ཁྲོམ་དུ་བཞུར་ནས་རང་ཉིད་གཅིག་པུ་མལ་ཁྲིའི་གྲུ་ཟུར་དུ་སྒོང་སྒོང་བྱས་ཏེ་ཙོག་ཅིང་ལག་པ་གཉིས་ཀྱིས་པུས་མོ་གཉིས་བྲང་དུ་བསྡམས་ནས་ངུས།

ངའི་སེམས་མི་སྐྱིད་པ་དང་ཉིན་ལ་ཤས་རིང་མལ་ཁང་ནས་ཕྱིར་མ་བུད་པར་གཅིག་པུར་བསྡད་དེ་མིག་ཆུ་འདོན་པ་མཐོང་དུས། མལ་གྲོགས་ཚོས་སེམས་གསོ་བྱེད་ཅིང་དོན་དག་ཅི་བྱུང་འདྲི། ངས་ཁོ་ཚོར་རང་ཉིད་མཛའ་གྲོགས་དང་མ་འགྲིག་པར་ཐོར་སོང་། སེམས་ཁམས་མི་སྐྱིད་པར་འདུག་ཅེས་སྨྲས་པ་ལས་གཞན་པའི་དོན་དག་ཚིག་གཅིག་ཀྱང་མ་བཤད། དེ་ནི་ང་རང་སྒེར་སེམས་ཆེ་བས་མ་ཡིན་པར་ཁོ་ཚོས་གནས་ཚུལ་དེ་ཤེས་རྗེས་ང་ལ་མཐོང་ཆུང་དང་འཕྱ་སྨོད། ཟུར་ཟ་སོགས་བྱེད་དོགས་ཀྱིས་ཡིན་ལ། ཡང་གཅིག་བཤད་ན་ང་རང་མི་གྲལ་ནས་མི་ཕུད་པའི་ཆེད་དུའང་ཡིན།

ཉིན་དེའི་ཟླ་ཚེས་ངའི་ཡིད་ལ་གསལ་པོར་མི་དྲན་མོད། གང་ལྟར་ཟླ་དགུ་ཞག་བཅུ་ལོན་སོང་བ་འདྲ། ནམ་གུང་ཙམ་ལ་ངའི་ཁོག་པའི་ནང་ཟུག་གཟེར་དྲག་པོ་ཞིག་བྱུང་བས་སྔར་ཟོས་པའི་ཟ་མ་ཁོག་པར་མ་འཕྲོད་སྙམ་ནས་ཕོ་བ་ལག་པས་སྐྱོར་བཞིན་མྱུར་ཏུ་ཡར་ལངས་ནས་གསང་སྤྱོད་ཁང་དུ་བརྒྱུགས། ཆབ་སྣོད་སྟེང་ཙོག་རྗེས། ངའི་ཁོག་སྨད་ཀྱི་ཟུག་གཟེར་དྲག་ཏུ་རྒྱས་ཤིང་ཅུང་ཙམ་འགོར་རྗེས་ཅི་ཡིན་མི་ཤེས་པའི་དངོས་པོ་ཅུང་ཆེན་པོ་ཞིག་ཁྲག་དང་ལྷན་དུ་ཆབ་སྣོད་ནང་ལྷུང་། ཞིབ་ཏུ་ཐེངས་ཤིག་ལྟ་དུས། དེ་ནི་ཤ་རྡོག་པོ་གཅིག་གམ་ཡང་ན་བྱིས་པ་ཆུང་ངུ་ཞིག་རེད། ངས་ན་ཟུག་བསྲན་ནས་བྱིས་པའི་ལྟེ་ཐག་བཅད། སྐབས་དེར་ངའི་ཀླད་པའི་ནང་དུ་འཆར་རྒྱུ་ཅི་ཡང་མི་འདུག་ལ་སེམས་ནང་ཡོངས་སུ་ངོ་ཚའི་དུ་སྨུག་ཅིག་གིས་བར་མེད་དུ་གཡོགས་སོང་།

ངས་རང་དང་མལ་ཁང་གཅིག་པའི་ཉལ་གྲོགས་ཚོ་དང་མི་གཞན་གྱིས་དོན་དག་འདི་ཤེས་པར་དོགས་ནས་བྱིས་པ་དེ་ཆབ་སྣོད་ནས་ཀྱང་མ་བླངས་པར་རང་གི་ནང་ལྭའི་ཁུག་ཏུ་གཅུད་ནས་བསྐྱུར་ལ་ཞོར་དུ་གཅིན་སྐྱག་བཤལ་སྤྱད་ཀྱི་ཆུ་འཁྱག་གིས་ཐེངས་འགར་བཤལ་རྗེས། སྐྲག་མ་དངངས་ཀྱིས་ཕྱིར་མལ་ཁང་དུ་བྲོས་ཤིང་མལ་ཁྲིའི་སྟེང་འགོས། སྐབས་དེར་ངའི་གདོང་ཡོངས་སྐྱ་ཐག་ཆོད་ཅིང་ལུས་ཡོངས་དབང་མེད་དུ་འདར། རང་དབང་མེད་པར་ཁྲག་འགོས་པའི་ལག་ཟུང་ལ་ལྟ་དུས་དངངས་སྐྲག་ཅིག་ངང་གིས་སྐྱེས། ངའི་ཚོར་བ་ཞིག་ལ་རྣ་ལམ་དུ་ད་དུང་བྱིས་པ་དེའི་ཕྲ་ལ་གཉོམ་པའི་ཨག་སྐད་གྲག་ལ་མིག་ལམ་དུ་ཡང་དང་བསྐྱར་དུ་ཆབ་སྣོད་དུ་བསྐྱུར་བའི་བྱིས་པ་དེའི་སྣང་བརྙན་ཤར་འོངས། འཇིག་རྟེན་ན་ཨ་མས་རང་གི་བུ་ཕྲུག་ངན་གསོད་བྱས་པ་འདི་ལས་ལྷག་པའི་ཉེས་པ་ཞིག་དང་འདི་ལས་ལྷག་པའི་འཇིགས་རུང་གི་དོན་དག་ཅིག་གང་ན་ཡོད། འདང་རྒྱག་གིན་རྒྱག་གིན་ང་ང་ལ་སྐྲག་ཅིང་ང་ང་ལ་འཇིགས།

སྐྱ་རེངས་གསལ་ནས་ཉི་འོད་མལ་ཁང་གི་སྒེའུ་ཁུང་བརྒྱུད་དེ་མལ་ཁྲིའི་གྲུ་ཟུར་ཏུ་ཕོག ཞག་གང་བོར་གཉིད་མ་ཁུགས་པའི་ངའི་སྐྲ་རྣམས་གཟེངས་ཤིང་མལ་ཐུལ་གྱིས་རང་གི་ལུས་པོ་དམ་དུ་བཏུམས་ནས་བསྡད། གཙང་སྦྲ་བྱེད་མཁན་ཨ་ཡེ་དེས་ཁེར་ཐོག་ནས་བཟུང་རིམ་བཞིན་མལ་ཁང་གི་ཐོག་བརྩེགས་དེའི་བར་ཁྱམས་དང་གསང་སྤྱོད་ཁང་ལ་གཙང་སྦྲ་བྱས་ནས་མཐར་ང་ཚོའི་མལ་ཁང་ཡོད་སའི་བཞི་ཐོག་ཏུ་སླེབས། བཞི་ཐོག་ནས་ཀྱང་བར་ཁྱམས་དང་ཐེམ་སྐས་སོགས་གཙང་སྦྲ་བྱས་ཚར་ནས་གསང་སྤྱོད་ཁང་དུ་སོང་། གསང་སྤྱོད་ཁང་ནས་ཚན་པ་ཚན་པར་བགོས་ཤིང་བར་བཅད་པའི་ཆབ་ཁང་གི་ཆབ་སྣོད་དག་ཀྱང་མ་ལུས་པར་རེ་རེ་བཞིན་གཙང་སྦྲ་བྱས།ཆབ་ཁང་ཚན་པ་བཞི་བའི་སྒོ་ཕྱེས་ནས་གཙང་སྦྲ་བྱེད་ཞོར་ཆབ་སྣོད་ཀྱི་ཁ་ཕྱེ་དུས། བརླན་ལ་སྲབ་པའི་ནང་ལྭ་ཞིག་གི་སྟེང་དུ་དངོས་པོ་ཅུང་ཆེན་པོ་ཞིག་མི་གཤིག་པ་ཙམ་དུ་གཅུད་ནས་གཡུགས་འདུག་པ་མཐོང་། མོས་དང་ཐོག་དེ་ཞི་ལ་སོགས་སྲོག་ཆགས་གང་རུང་ཞིག་ཤི་བའི་རོ་རེད་སྙམ་ནས་དེ་འདྲའི་དོ་སྣང་མ་བྱས། དེ་ནས་སྙི་ལུག་ལུག་ཏུ་སྣང་བའི་དངོས་པོ་དེ་ལག་ཟུང་གིས་ཡར་བླངས་ཤིང་དེའི་ཐོག་གཡོགས་པའི་ནང་ལྭའི་ལྟེབ་རེ་རེ་བཞིན་གཤུགས་ནས་ལྟ་དུས། དེའི་སྟེང་དུ་ཕྲུ་གུ་དམར་འབྱར་སྐྱེས་མ་ཐག་པ་ཞིག་ཁྲག་གིས་སྦགས་ནས་ནང་ལྭའི་སྟེང་ཁ་སྦུབ་ཏུ་གཅུད་ནས་བསྙལ་འདུག་ལ། ཅུང་འབུར་ཙམ་དུ་སྣང་བའི་སྒལ་ཚིགས་དང་སྒལ་གཞུང་ཧྲིལ་བོ་སྐྱ་ཐོ་ཐོར་འདུག་པ་མཐོང་། བྱིས་པ་དེའི་ལུས་ཡོངས་སུ་དྲོད་ཕྲན་ཙམ་ཡང་མེད་ལ་ཡན་ལག་ལའང་འགུལ་རྒྱུ་ཅུང་ཙམ་ཡང་མི་འདུག ཨ་ཡེ་དེ་འཇིགས་སྐྲག་གི་སྐད་ངན་ཞིག་དང་མཉམ་དུ་ཐང་ལ་འགྱེལ་ཅིང་། རང་དབང་མེད་པར་ཁ་ནས་མི་ཤོག་ཡ། མི་ཤོག་ཡ་ཟེར་བཞིན་ཕྱི་སྣུར་བྱེད་ཀྱིན་སྒོའི་ཕྱི་ཕྱོགས་སུ་བྲོས།

རེ་ཞིག་བཞི་ཐོག་གི་མལ་ཁང་དག་ཟང་ཟིང་ལང་ལོང་དུ་གྱུར་ལ་དེ་ནས་ཐོག་ཁང་དེའི་སློབ་མ་ཚང་མ་ཟང་ཟིང་ལང་ལོང་དུ་གྱུར། ཟས་མི་ལག་བརྒྱུད་ན་ཇེ་ཉུང་དང་གཏམ་མི་ཁ་བརྒྱུད་ན་ཇེ་མང་ཟེར་བའི་དཔེ་ལྟར། ཡུན་རིང་མ་སོང་བར་ཐོག་ཁང་དེའི་སློབ་མ་ཚང་མ་གསང་སྤྱོད་ཁང་གི་སྒོ་འགྲམ་དུ་རུབ་ནས་ལ་ལས་སྐེ་བསྲིངས། ལ་ལས་མིག་བགྲད། ལ་ལ་རྐང་པའི་སྣ་རྟིང་ཁར་ལངས་ནས་ཅི་ཞིག་མཐོང་ཨེ་ཐུབ་ལྟ། སུ་ཞིག་གིས་ཉེན་བརྡ་བརྒྱབ་པ་མ་ཤེས་མོད་ཉེན་རྟོག་པའང་མྱུར་ཏུ་གནས་དེར་སླེབས།

ཉིན་འགའ་ཤས་ལས་མ་འགོར་བར་ཉེན་རྟོག་པས་རྩད་གཅོད་བྱས་ནས་ཤེས་ཏེ་ང་བཟུང་ཞིང་འདྲི་གཅོད་བྱས།ཁོ་ཚོས་ངས་ཐོག་མར་བྱིས་པ་དེ་སྐྱེས་དུས་ཤི་ཡོད་མེད་སོགས་ཞིབ་ཏུ་འདྲི་བས་ངས་རང་ཉིད་ལ་ཁྲིམས་ཆད་ལྕི་མོ་མི་ཕོག་པའི་ཆེད་དུ་ཁོ་ཚོར་བྱིས་པ་དེ་སྐྱེས་མ་ཐག་ནས་ཤི་རོ་ཡིན་པའི་རྫུན་བཤད། རྗེས་སུ་ཁྲིམས་དཔྱད་སྨན་པས་བྱིས་པའི་བེམ་རོར་བརྟག་དཔྱད་བྱས་ཤིང་བྱིས་པ་དེ་སྐྱེས་མ་ཐག་ནས་ཤི་རོ་མིན་པར་གསོན་ཡོད་པའི་ར་སྤྲོད་བྱས་པས། ཁྲིམས་ཁང་གིས་ངའི་བྱ་སྤྱོད་ལ་བྱས་ཉེས་བསགས་པའི་དོགས་གཞི་ཡོད་པ་ཐག་གིས་བཅད་ཅིང་དུས་བཀག་བཙོན་འཇུག་ལོ་གསུམ་དང་ཉེས་ཆད་ཕྱིར་འགྱངས་ལོ་གསུམ་བྱས་མཐར་ང་རང་བཙོན་ཁང་དུ་འགྲོ་མི་དགོས་པར་གྱུར། ཡིན་ནའང་མི་ཁ་དང་འཆལ་གཏམ། རང་གི་བྱས་ཉེས་སོགས་ལ་ནོངས་འགྱོད་ཀྱིས་མཐར་ངས་རང་སྲོག་བཅད།

ལོ་ངོ་མང་པོ་ཞིག་འགོར་རྗེས་ང་ལ་རྒྱབ་འགལ་བྱས་པའི་མཛའ་གྲོགས་དེ་ཡང་ནད་ཀྱིས་བཏབ་ནས་ཚེ་ལས་འདས་ཤིང་ངའི་གམ་དུ་ཐོན། ངེད་གཉིས་ཀྱིས་ཤི་གསོན་བྱེ་མའི་ལ་ཁ་ནས་གནར་གཅོད་གང་མང་མྱངས་ནས་ཚར་རྗེས། ད་ནི་མེ་མ་མུར་གྱི་འོབས་སུ་སླེབས་ཏེ་མུ་མཐུད་དུ་འདི་ལྟར་མནར་གཅོད་མྱོང་བ་ཡིན།

ངས་མྱུར་ཏུ་མོའི་སྐད་ཆའི་མཇུག་མཐུད་ནས་འོ་ན་ཁྱོད་གཉིས་ཀྱིས་རང་གི་བྲང་ཁ་གཤགས་པ་དང་ལྟོ་བ་གཤགས་ནས་ཅི་ཞིག་འཚོལ་བ་ཡིན་ནམ་ཞེས་དྲིས་པ་ན། མོའི་མགྲིན་པ་རྣོང་བཞིན་ང་ལ་ཁོས་བྲང་གཞུང་གཤགས་ནས་རང་གི་སྙིང་བླངས་ཏེ་ལྟ་བ་ནི་སྔར་བོར་ཟིན་པའི་རང་གི་ལས་རྒྱུ་འབྲས་འཚོལ་བཞིན་པ་རེད་ལ། ངས་རང་གི་ཕོ་བ་གཤགས་ནས་ཅི་ཞིག་འཚོལ་བཞིན་པ་ནི་སྔར་རྒྱུ་འབྲས་ལ་མ་བསམས་པར་རང་གིས་དངོས་སུ་ངན་གསོད་བཏང་བའི་གཅེས་ཕྲུག་དེ་འཚོལ་བ་ཡིན། དྲང་མོར་བཤད་ན་ང་རང་ཤི་བའི་རྗེས་ནས་བཟུང་རྣ་ལམ་དུ་བྱིས་པ་དེས་ང་ལ།ཨ་མ།ཁྱོད་ངའི་སྟེང་དུ་ཅིའི་ཕྱིར་འདི་འདྲའི་གདུག་རྩུབ་ཆེ་བ་ཡིན་ནམ། ཁྱོད་ཀྱིས་ཅིའི་ཕྱིར་ང་ངན་གསོད་བྱེད་དགོས། ང་གནས་འདི་ནས་ཧ་ཅང་གྲང་གི་ཞེས་པ་སོགས་ཀྱི་སྐད་ཆ་སྣ་ཚོགས་བྲག་ཅར་འཁོར་བ་བཞིན་ཐོས་པས། ངས་རང་དབང་མེད་པར་ན་ཟུག་བསྲན་ནས་རང་གི་ལྟོ་བ་གཤགས་ཏེ་གཅེས་ཕྲུག་བཙལ་བ་ཡིན་ཟེར། ངས་མོའི་སྨྱོ་གཏམ་ལྟ་བུའི་སྐད་ཆ་དེ་དག་ལ་ཉན་ཚར་རྗེས་ཤིན་ཏུ་སྙིང་རྗེ་ནས་གནས་འདི་ནས་མྱུར་ཏུ་ཐར་ན་ཅི་མ་རུང་སྙམ་ཡང་། འདི་ནི་ལས་རྣམ་སྨིན་དང་རྒྱུ་འབྲས་ཀྱི་ཁྲིམས་ཆད་ཡིན་པས་ང་ལྟ་བུ་ཞིག་གིས་གཏན་ནས་བཀག་འགོག་བྱེད་ཐབས་བྲལ། ང་རང་རྣམ་ཤེས་དེ་གཉིས་དང་ཁ་བྲལ་ནས་མདུན་ཕྱོགས་སུ་འགྲོ་དུས་ཁོ་གཉིས་ཀྱིས་མུ་མཐུད་དུ་སྔར་ལྟར་རང་ཉིད་ལ་མནར་གཅོད་གཏོང་།

རྡེའུ་དཀར་ནག་གིས་ངའི་ལམ་སྣ་དྲངས་ནས་མུ་མཐུད་དུ་མདུན་ཕྱོགས་སུ་ཆས་དུས། ལམ་གྱི་གཡས་གཡོན་དུ་གོང་གི་རྣམ་ཤེས་དེ་གཉིས་དང་འདྲ་བའི་ཉེས་ཅན་གྱི་རྣམ་ཤེས་བགྲངས་ལས་འདས་པས་ཁྲིམས་ཆད་སྣ་ཚོགས་མྱོང་བཞིན་འདུག ངས་སྐྱི་གཡའ་བའི་སྣང་ཚུལ་དེ་དག་ལ་མིག་གིས་ལྟ་བར་མི་བཟོད་པས། ལག་ཟུང་གིས་མིག་གི་གཡས་གཡོན་གཉིས་བཅད་ཅིང་མགོ་བོ་བསྒུར་ཏེ་རྐང་འོག་གི་ལམ་ཁོ་ནར་བལྟས་ནས་གོམ་པ་རེ་རེ་བཞིན་སྤོས་ཏེ་མདུན་ཕྱོགས་སུ་སོང་། དགའ་འོས་པ་ཞིག་ལ་ང་གསོན་དུས་གོང་སྨྲས་ཀྱི་ཁྲེལ་མེད་དང་ངོ་ཚ་མེད་པ་གཙོ་བྱས་པའི་ཉེས་པ་ཚབས་ཆེན་དེ་དག་གཅིག་ཀྱང་བསགས་མི་འདུག་པས། རང་མནར་རང་གཤགས་ཀྱི་ཁྲིམས་ཆད་དག་ཀྱང་མྱངས་མ་དགོས་པར་རྡེའུ་དཀར་ནག་གི་ལམ་སྟོན་བཞིན་ཁོ་གཉིས་ཀྱི་རྗེས་སུ་འབྲངས་ནས་མུ་མཐུད་དུ་དམིགས་སའི་ཡུལ་ཏེ་གཤིན་རྗེ་ཆོས་རྒྱལ་གྱི་ཁྲིམས་རའི་ཕྱོགས་སུ་ཆས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།