སྤྱང་ཚོགས།

1

ཕྱིར་འདང་རེ་བརྒྱབ་ན། རིག་བྷ་གྲོང་རྡལ་འདིར་ལས་ཀར་ཞུགས་ནས་ལོ་ངོ་དྲུག་ཙམ་འགོར་རུང་། གནའ་མིའི་གཏམ་དཔེ་ལ་ཉན་རྒྱུ་དང་མི་སྣའི་གཏམ་རྒྱུད་འབྲི་བའི་ཆེས་ཐོག་མའི་མོས་པ་དེ་དོར་མ་མྱོང་། ཉིན་དེར་གཟའ་པ་སངས་ཡིན་སྟབས། ལས་རོགས་རྣམས་སྔ་མོ་ནས་ལས་ཚོགས་གྲོལ་ནས་ལོག་ཟིན། རིག་བྷ་གཅིག་པུས་གཞུང་ལས་ཁང་གི་ཕྱི་ནང་ཚང་མར་གད་བདར་བྱས་ཚར་དུས། ཕལ་ཆེར་ཕྱི་དྲོའི་ཆུ་ཚོད་ལྔ་པར་བསླེབ་ལ་ཉེ། རིག་བྷ་སྒེའུ་ཁུང་གི་གུད་གྱི་ཀོ་བའི་རྐུབ་སྟེགས་སྟེང་བསྡད་དེ་གཞུང་ལས་ཁང་ཆུང་ངུ་དེའི་གང་སར་ཞིབ་ལྟ་བྱེད་ཅིང་། བློ་ཡིད་ཚིམ་པའི་སྣང་བ་ཞིག་སྐྱེས་པའི་མོད་ལ་སུན་སྣང་གི་ཚོར་བ་ཞིག་ཀྱང་ཞོར་ལ་སྐྱེས་འོངས། གློ་རྡེག་ཏུ་ཁོའི་ཡིད་ལ་ཁ་བརྡར་དགའ་བའི་ཨ་ཁུ་སྐྱ་རྡོ་དྲན་ཞིང་དེ་མུར་གསར་དུ་ཉོས་པའི་ཀོ་ཁུག་དེ་འཕྲེད་དུ་འཁུར། ཏུའུ་གྲངས་མེད་ཀྱང་ཡུན་རིང་ལ་ཉར་བའི་ཤེལ་མིག་དེ་གོན་ནས། གྲོང་རྡལ་གྲུ་ཟུར་གྱི་ཨ་ཁུ་སྐྱ་རྡོ་ཉིན་མཚན་དབྱེར་མེད་དུ་བཟི་སའི་ཆང་ཁང་ལག་མཐིལ་ལྟ་བུ་དེར་ཆས།

ཨ་ཁུ་སྐྱ་རྡོ་ནི་མི་སྐྱིད་སྣང་ཅན་ཞིག་ཡིན་ཞེས་ཡུལ་དེའི་མི་ཀུན་གྱིས་བཤད་ལ། དེ་ནི་མི་རྣམས་ཀྱིས་རྣམ་ཀུན་ཨ་ཁུ་སྐྱ་རྡོའི་ཕྱི་ཚུལ་གྱི་རྣམ་འགྱུར་ཙམ་ལས་མངོན་པའི་བཤད་ཚོད་ཅིག་ཡིན་པ་ལས། སྡུག་བསྔལ་ཏོག་ཙམ་ཡང་མེད་པའི་མི་ཞིག་གང་ན་ཡོད། ཡིན་ནའང་། ཨ་ཁུ་སྐྱ་རྡོའི་སྐྱིད་སྣང་དེ་ཆང་གི་བཟི་སྟོབས་ཁོ་ན་ལས་བསྐྱེད་པ་ཞིག་ག་ལ་ཡིན་ཏེ། ཁོང་ནི་ནམ་རྒྱུན་སྒྲུང་བཤད་པར་ཧ་ཅང་དགའ་ཞིང་། ཁོང་གིས་བཤད་པའི་གོ་གུང་དམག་འཁྲུག་དང་ང་བརྒྱད་ལོའི་མུ་གེ ད་དུང་རིག་གསར་གྱི་གོད་ཆག་སོགས་ལོ་རྒྱུས་ཀྱི་གཏམ་རྒྱུད་དེ་དག་གྲོང་རྡལ་དེར་རླུང་ལྟར་གྲག་ལ། ཡུལ་ལུང་དེའི་མི་ཚོགས་ཀྱང་ཨ་ཁུ་སྐྱ་རྡོས་བཤད་པའི་གཏམ་སྒྲུང་དག་ལ་ཉན་པར་སྤྲོ་བས། ཨ་ཁུ་སྐྱ་རྡོ་ནི་གྲོང་རྡལ་དེ་རུ་ལོ་རྒྱུས་མི་སྣ་ལྟ་བུ་ཞིག་ཏུ་གྱུར་ཡོད་པས་ཀྱང་ཡིན། ཡིན་ནའང་། ཁོང་ལ་སྐྱ་རྡོ་སྨྱོན་པ་ཞེས་འབོད་མཁན་ཡང་ཡོད།

2

“ ཁྱོད་ཀྱིས་སྤྱང་ཚོགས་མཐོང་ཨེ་མྱོང་།”ཨ་ཁུ་སྐྱ་རྡོ་ཡིས་མདུན་གྱི་ཆང་ཕོར་ནང་སླར་ཡང་ཆང་རག་གང་བླུགས་རྗེས་ལོགས་ན་ཕྱི་རོལ་ཏུ་ཅེར་བའི་རིག་བྷ་ལ་དེ་ལྟར་དྲིས།

“ ཁྱེད་རང་བཟི་སོང་བ་མིན་ནམ། ” རིག་བྷས་ཇི་མི་སྙམ་པར་བཤད།

སྐབས་དེར་ཆང་ཁང་ཆུང་ཆུང་དེའི་ཕྱི་རོལ་ཏུ་ཆར་བ་ཟམ་ཟིམ་ཞིག་འབབ་མགོ་ཚུགས་ཤིང་རྒྱ་ལམ་དུ་མི་ཚོགས་ཇེ་ཉུང་དུ་འགྲོ་བཞིན་མཆིས།

ཚོང་ཟོག་ཁྲོམ་རའི་སྒོ་འགྲམ་དུ་མགོ་རས་དམར་པོ་དཀྲིས་པའི་བུ་མོ་ཞིག་མངོན་བྱུང་།

“ མིན། ངས་ངང་ཚུལ་ཞིག་དྲན་ཡོང་། ”

“ ངང་ཚུལ་ཅི་ཞིག ”

“ ཨུན། ངང་ཚུལ་ཡ་ང་བ་ཞིག ”

“ཨ་ཁུ། ཁྱེད་བཟི་སོང་བ་འདྲ། ”

“ང་བཟི་མེད། ཕ་གིའི་གྱང་ལྡེབས་སུ་བུ་མོ་ཞིག་བྲིས་འདུག ”

“ ཨ་ཁུ། ཁྱེད……ཁྱེད་ལ་ཅི་ཞིག་བྱུང་སོང་། ”

“ ཁྱོད་ཀྱིས་བལྟས་མ་ཐག་མཐོང་བ་ནི་མོའི་ལུས་ཀྱི་ཆ་གང་ཞིག་རེད་དམ། ”

“ ཨ་ཁུ་སྐྱ་རྡོ། ཁྱེད་ཀྱི་བཞིན་མདངས་མི་ལེགས། ”

“ ཁྱོད་ཀྱིས་ཤོད་དང་། བལྟས་མ་ཐག་མཐོང་བ་ཅི་རེད། ”

“ མོའི་མིག་ཟུང་དང་ཡང་ན་ངོ་གདོང་ཡིན་ངེས། ” རིག་བྷས་འདང་གང་ཡང་མ་བརྒྱབ་པར་བཤད།

“ ཁྱོད་ཀྱིས་ཞིབ་ཏུ་ལྟོས་དང་། མོས་ལག་མཐིལ་ལྟ་བུའི་རས་ལེབ་འགའ་ལས་ཅི་ཡང་གྱོན་མི་འདུག ”

“ ཧུན་ཧུན། ” རིག་བྷ་ཁོང་དགོད་ཅིག་ཤོར།

“ཅི་རེད།ངས་བཤད་པ་ནོར་སོང་ངམ། ཡག་པོར་ལྟོས་དང་།ཆེས་ཐོག་མར་མཐོང་བ་ནི་མོའི་བྲང་གཞུང་ཡིན་སྲིད།ཁྱོད་ཀྱིས་བུ་མོ་གཅེར་བུ་ཞིག་མཐོང་ཨེ་མྱོང་། བུ་མོ་ཚོར་མེད་དུ་མི་རུང་བ་ནི་ནུ་ཟུང་རེད། ” ཅེས་གསལ་བཤད་ཅིག་བྱས།

“……”

ཕྱི་རོལ་ཏུ་ཆར་བ་སྔར་ལྟར་འབབ་བཞིན་འདུག སྣུམ་ཤིག་ཤིག་གི་རྒྱ་ལམ་དུ་འགྲོ་འོང་ལ་བྲེལ་བའི་མི་ཚོགས་མཐོང་དཀའ། ཚོང་ཟོག་ཁྲོམ་རའི་སྒོ་འགྲམ་དུ་མགོ་རས་དམར་པོ་དཀྲིས་བའི་བུ་མོ་དེ་ད་དུང་མངོན་ཐུབ། མོས་སུ་ཞིག་ལ་ངང་སྒུག་བྱེད་པ་འདྲ།

ཨ་ཁུ་སྐྱ་རྡོ་ཡིས་ཆང་འཐུང་ཚར་བའི་བརྡ་ལ་དམ་བེ་སྟོང་བ་དེ་བཀྱགས་ནས་མགོ་རྟིང་བསློགས། སྦྱིན་བདག་མས་བཅོས་འཛུམ་ཞིག་དང་མཉམ་དུ་ཡང་བསྐྱར་ཆང་དེམ་ཞིག་ཁྱེར་ཡོང་།

“ མོར་མཚོན་ན་བྲང་གཞུང་ན་ཅི་ཡང་མེད་ཀྱང་ཆོག ” རིག་བྷས་ཨ་ཁུ་སྐྱ་རྡོ་ལ་དེ་ལྟར་བཤད།

“ དེ་ཅི་ལ། ཁྱོད་བཟི་སོང་བ་མིན་ནམ། ”

“ ངའི་སྣང་ངོར་དེ་ནི་སྒོར་མོས་རྒྱགས་པའི་ཨམ་ཕྲག་གཉིས་རེད། ”

“ ངའི་མིག་ལམ་དུ་ཕྱི་རོལ་ན་མིག་ཆུ་བཞུར་གྱིན་འདུག ”

“ དེ་ཁྱོད་ཀྱིས་ངང་ཚུལ་ཞིག་དྲན་ཡོང་བའི་རྐྱེན་ཡིན་ངེས། ”

“ ངོ་མ།ཉིན་དེའི་ཁ་བ་ཧ་ཅང་མཐུག སྨུག་པ་འཐིབས་ཏེ་མདུན་ཕྱོགས་ནི་ཐག་ཚད་ཙམ་ལས་མཐོང་མི་ཐུབ། ཉིན་དེར་ངའི་ཇག་རོགས་དེའི་དཔུང་བ་མདས་རྨས་པས་ངེད་གཉིས་ཕྱིར་ལོག་པ་ཡིན། ”

“ ཨ་ཁུ་སྐྱ་རྡོ། ཇག་རོགས་ཟེར་ན……” རིག་བྷས་གསལ་ཁ་མ་ལོན་པར་ཞིབ་འདྲི་ཞིག་བྱས།

“ ཨུན……དེ་དུས་ཀྱི་ང་ལ་མཚོན་ན་རྐུན་ཇག་ཁོ་ནར་བརྟེན་ནས་ཁ་གསོ་བ་ཡིན། ཁོའི་མིང་ལ་འཇིགས་མེད་ཟེར། ཕོ་རྒོད་ཅིག་ཡིན། ཤུ་རེ་ཁོ……ང་བརྒྱད་ལོར་བཀྲེས་ལྟོགས་ཀྱིས་ཤི་སོང་།”

“ ……”

“ དེ་དུས་ཁ་བ་འབབ་ཀྱིན་འདུག དུས་ཚོད་ཅི་ཙམ་ཞིག་ལ་ཡོང་བ་སུས་ཤེས།ཁོ་སོང་གིན་སོང་གིན་ལག་པས་སྲབ་ མདའ་ཡང་འཛིན་ཐུབ་ཀྱི་མི་འདུག ཡིན་ནའང་ཁོས་ད་དུང་ཨམ་གཙིགས་བསྡམས་ནས་ང་ལ་ཅི་ཡང་མི་བཤད། ཁོ་ངོ་མ་ཕོ་རབ་ཅིག་ཡིན། རྗེས་སུ་ངེད་གཉིས་ཆུ་འགྲམ་ཞིག་ཏུ་བབས་ཤིང་། ངས་སྐ་རགས་ཀྱི་སྣེ་མོ་བཅད་ནས་ཁོའི་དཔུང་བར་དཀྲི་ཙམ་བྱས། ཡིན་ནའང་།དེ་དུས། བློ་ཡུལ་ལས་འགོངས་པ་ཞིག་ལ་ངེད་གཉིས་ཀྱི་ཉེ་སར་གློ་བུར་དུ་བུད་མེད་ཅིག་གིས་ཡ་ང་བའི་ཨག་སྐད་ཅིག་བཏབ་བྱུང་།བསྟུད་མར་ཐེངས་གསུམ་ལ་ཡ་ང་བའི་ངུ་འབོད་བསྒྲགས་བྱུང་བས་ང་ལ་དངངས་འདར་ཅིག་བརྒྱབ་ཅིང་གཉིད་ལས་སད་པ་བཞིན་ཨག་སྐད་གྲག་སའི་ཕྱོགས་སུ་བརྒྱུགས……” ཨ་ཁུ་སྐྱ་རྡོས་གཏམ་རྒྱུད་བཤད་མཚམས་བཞག་ནས“ཁྱོད་ཀྱིས་ཐུག་པ་འཐུང་ངམ། ངས་ཆང་འཐུང་དུས་ཡི་ག་ཧ་ཅང་ཆེ”ཟེར།

“མིན། ངས་འཐུང་མི་འདོད།”

“ ཁྱོད་ཀྱིས་ཅི་ཞིག་ལ་འདང་རྒྱག་པ་ཡིན། ”

“ ཅི་ཡང་མིན། ”

“ བུ་མོ་ཞིག་དྲན་བྱུང་བ་མིན་ནམ། ”

“ ག་ལ་ཡིན། དེ་ནས་ཅི་བྱུང་སོང་ངམ། ”

“ ཁྱོད་ཀྱིས་ངོ་མ་ཉན་འདོད་དམ། ”

“ ཅི་ལ་ཉན་མི་འདོད། ”

“ ཁོ་ཚོས་ང་ལ་སྐྱ་རྡོ་སྨྱོན་པ་ཟེར། ” ཨ་ཁུ་སྐྱ་རྡོས་ཐུག་པ་འཐུང་ཞོར་ཧ་ཅང་ཕངས་པའི་མདངས་ཤིག་མངོན་བཞིན་མགོ་བོ་གཡུག་གཡུག་དང་བཅས“མི་ཚང་མས་དེ་ལྟར་འབོད”ཟེར།

ཨ་ཁུ་སྐྱ་རྡོའི་སྐད་ཆར་རིག་བྷས་ལན་ཅི་ཡང་མ་བསློགས།

ཨ་ཁུ་སྐྱ་རྡོས་དཀར་ཡོལ་གྱི་ཞབས་སུ་ལྷག་པའི་ཐུག་པའི་ཁོལ་བ་ཧུབ་ཐེངས་གཅིག་གིས་བཏུངས་རྗེས་དཀར་ཡོལ་སྟོང་པ་མདུན་ཅོག་གི་གྲུ་ཟུར་དུ་དེད། སྣ་ཡི་བུ་ག་དང་སྣུམ་ཤིག་གེར་མངོན་པའི་མཆུ། དཀར་སེར་འདྲེས་མར་འཛིང་ནས་སྐྱེས་པའི་སྨྲ་ར་དང་བཅས་པ་ཡུག་གཅིག་གིས་ཕྱིས་ཙམ་བྱས་ཏེ “ང་རང་ཕར་རྒྱུག་དུས། ཨ་ཙི། དཀོན་མཆོག་མཁྱེན། ཆུ་དེའི་འགྲམ་ངོགས་སུ་བྲང་ཁ་རུ་ཁྲག་དམར་འཛར་གྱིན་པའི་བུད་མེད་གཅེར་བུ་ཞིག་འདུག སྐབས་དེར་ང་རང་ངོ་མ་རང་ཉིད་ཀྱི་མིག་ཟུང་ལ་ཡིད་མ་ཆེས། ང་མཐོང་བ་དང་མོས་མཐའ་མཇུག་གི་སྟོབས་ཤུགས་བཀོལ་ནས་ཞུ་བའི་ཚུལ་གྱིས་ཅི་ཞིག་བཤད་རྩིས་ཡང་ཡང་བྱེད། ང་ཡུད་ཙམ་ལ་གནས་གཅིག་ཏུ་ཧད་དེ་ལུས། མོས་རང་ཉིད་ཀྱི་རྒྱབ་ཕྱོགས་སུ་ཡོད་པའི་བརྡ་ལ་ལག་པས་བསྙབས་ཙམ་བྱས་རྗེས་གཡས་ཕྱོགས་ཀྱི་ཁ་བའི་ནང་འགྱེལ་སོང་། སྐབས་དེར་ངས་ད་གཟོད་ཉེ་འགྲམ་ན་ངུ་ཟུག་བྱེད་ཀྱིན་པའི་སྤྱང་ཚོགས་མཐོང་བྱུང་། ཡིན་ན་ཡང་དེའི་རྗེས་སུ་ཅི་ཞིག་བྱུང་བ་ངས་ངོ་མ་མི་ཤེས། ང་རང་དྲན་པ་སོས་དུས། ལྷ་སྡེ་ཞོལ་མའི་བུད་མེད་བཟང་མོས་བྱིས་པ་ཞིག་པང་ནས་ངའི་གམ་གྱི་མེ་སྒོང་གི་མཐའ་རུ་ཙོག་པུར་བསྡད་འདུག ང་ཡར་དགྱེ་ནས་ལངས་རྩིས་བྱས་མོད་ཕྲག་པར་གློ་བུར་དུ་ན་ཟུག་ཅིག་སྐྱེས་པའི་མོད་ལ་ཕྱིར་འགྱེལ་སོང་། ཕྱི་ཉིན། ངེད་གཉིས་ཀྱིས་མོ་དུར་སར་བསྐྱལ་བ་ཡིན། སྙིང་རེ་རྗེ། མོའི་བྲང་ཁ་ན་ཅི་ཡང་མི་འདུག བྱིས་པ་དེ་བུ་མོ་ཞིག་རེད།དཀོན་མཆོག་གིས་ཆེད་དུ་ཀུ་རེ་བརྩེས་པ་བཞིན་མ་མེད་ཀྱི་བྱིས་པ་དེ་ལ་སྲོག་སྲ་མོ་ཞིག་གནང་འདུག གཏེ་བོ་དེ་ཚོས་མོར་བཙན་གཡེམ་ཡིད་ཚིམ་པ་ཞིག་བྱས་ཡོད་པ་གདོན་མི་ཟ། མོས་ཅི་ཡང་གྱོན་མེད། ཤུ……གཏེ་བོ་དེ་ཚོ། ” ཨ་ཁུ་སྐྱ་རྡོས་ཅི་ཡང་མི་བཤད་པར་མཐའ་མཇུག་གི་ཆང་འཕྲོ་དེ་ཧུབ་གཅིག་གིས་བཏུངས།

སྐབས་དེར་རིག་བྷས་ཨ་མཚར་མཚར་ངང“གཏེ་བོ་དེ་ཚོ་ཟེར་ན་སུ་རེད”ཅེས་ཨ་ཁུ་སྐྱ་རྡོའི་མགོ་མཇུག་མི་གསལ་བའི་སྐད་ཆར་གསེད་འདྲི་ཞིག་བྱས།

“ ཨུན……མཱ་པུའུ་ཧྥང་ཇག་དམག་གིས……” ཞེས་ཨ་ཁུ་སྐྱ་རྡོས་མ་རེངས་པའི་ཉམས་སྣང་ཞིག་མངོན་ཞིང་།

“ མཱ་ཇག་གི་དམག་དཔུང་ཕྱིར་འགྲོ་ཁར་སྐྱེས་པ་མང་པོ་ཞིག་བསད་ཅིང་བུད་མེད་མང་པོ་ཞིག་བཙན་གྱིས་ཁྲིད་ཟིན། དམག་ཡོང་དོན་ནི་ཁྲལ་མ་བྱིན་པས་རེད་ཟེར། ” ཞེས་རིག་བྷ་ལ་ནན་བཤད་ཅིག་བྱས། 

ཆར་བ་ད་དུང་འབབ་ཀྱིན་འདུག ཚོང་ཟོག་ཁྲོམ་རའི་སྒོ་འགྲམ་དུ་སློག་པ་ཧྲལ་ཧྲུལ་གྱོན་པའི་རྒན་པོ་ཞིག་ལོགས་ཀྱི་ཆར་ཆུ་མི་ཕོག་སའི་གྲུ་ཁ་ཞིག་ལ་བཙངས་ཏེ་ཆར་གཡོལ་བྱེད། མགོ་རས་དམར་པོ་དེ་ད་ལྟ་མཐོང་ལམ་ན་མི་འདུག མོ་ནི་སུ་ཡིན་ནམ། གང་ཞིག་ལ་བུད་སོང་། ཡང་ན་སུ་ཞིག་གིས་ཁྲིད་སོང་ངམ། ད་ལྟ་གང་ཞིག་ན་ཡོད་དམ། སུ་ཡིས་ཤེས་སམ།

ཨ་ཁུ་སྐྱ་རྡོས་ཆང་ཁང་ཆུང་ཆུང་དེའི་ནང་དུ་ཆང་འཐུང་བཞིན་རིག་བྷ་ལ་ཁ་བརྡ་མང་པོ་ཞིག་བྱས། རིག་བྷ་ཡང་ཆང་གིས་བད་པས་སྐད་ཆ་གསལ་ལ་མི་གསལ་བ་འགའ་ལས་དྲན་བཞིན་མི་འདུག

“ཉིན་དེར། ངའི་ཚ་བོ་བསམ་མེད་དེ་ལུག་རྫི་ཡིན། ང་གང་ཞིག་ནས་བཟི་སོང་བ་སུས་ཤེས། ཕྱི་ཉིན་ཡུལ་ལ་སླེབས་དུས་ངེད་ཚང་གི་ལུག་ཁྱུ་ནང་སྤྱང་ཀི་ཤོར་ནས་ཤ་གཟན་ཞིག་བསད་སོང་ཟེར། ཕྱི་དྲོ་ས་རུབ་ལ་ཉེ་དུས་ངས་བོའུ②ཆག་དེ་བཟུང་ནས་ཤ་གཟན་གྱི་མཐའ་བསྲུངས་ནས་བསྡད་པ་ཡིན། ཅུང་ཙམ་བསྒུགས་པས་མུན་པ་རབ་རིབ་ཏུ་གྱུར་སོང་། སྐབས་དེར་ཕ་གིའི་ཉག་ཁ་ནས་གཟུགས་བརྙན་རབ་རིབ་གཉིས་ཚུར་འོང་བཞིན་འདུག ངས་ཀྱང་གྲ་སྒྲིག་ལེགས་པོ་ཞིག་བྱས་ནས་དེ་ལ་བོའུ་ཁ་གཏད་པ་ཡིན། ” ཨ་ཁུ་སྐྱ་རྡོས་མུ་མཐུད་དེ་བཤད།

“ སྤྱང་ཀི་ཡིན་ནམ། ”

“ ཧུན་ཧུན། ཅུང་ཙམ་མིན་ན་ངས་མི་གཉིས་བསད་སོང་། མ་གཞི་དེ་ནི་པགས་པ་ཉོ་མཁན་གཉིས་རེད། ངོ་མ་དགོད་བྲོ་བ་ལ་ཨང་། ”

“ ཁོ་གཉིས་ལུག་ཤ་དེ་བརྐུ་རུ་ཡོང་བ་ཡིན་ངེས། ” རིག་བྷས་བདེན་ཅོག་ཅོག་གིས་བཤད་པར། ཨ་ཁུ་སྐྱ་རྡོས “ དེ་མིན་པ་འདྲ། ང་མཐོང་བ་དང་ཁོ་གཉིས་ཀྱིས་འཛུམ་ཤིག་ཤིག་ངང་པགས་པ་འཚོང་རྒྱུ་ཡོད་དམ་ཞེས་དྲིས་བྱུང་། ”

“ སྐྱག་པ་ཉོའམ། ཁྱེད་ཀྱིས་དེ་ལྟར་ཨེ་བཤད། ” རིག་བྷ་ཁོང་དགོད་ཅིག་ཤོར་སོང་།

“ ངས་ལུག་ཤ་དུམ་བུ་དེ་ཁོ་གཉིས་ལ་བྱིན་པ་ཡིན། ”

“ འོ། ངོ་མ་བྱིན་པ་ཡིན་ནམ། ”

“ ཨུན……ངོ་མ་བྱིན་པ་ཡིན། རིན་མེད་དུ་བྱིན་པ་ཡིན། ”

“ སྡུག་གྱོང་རེད། ”

“ ཅི་ཞིག་སྡུག་གྱོང་རེད། ”

“ ······”

ཆང་ཁང་ལས་ཕྱིར་འབུད་དུས་སུ་ས་རུབ་ལ་ཉེ། རིག་བྷ་ཅུང་བཟི་སོང་བ་འདྲ།

“ སྤྱང་ཚོགས་དེ་དག་བྲོས་སོང་ངམ། ” རིག་བྷས་ཨ་ཁུ་སྐྱ་རྡོ་ལ་དྲིས།

“ སྤྱང་ཚོགས་ཅི་ཞིག ” ཨ་ཁུ་སྐྱ་རྡོ་ཡང་ཅུང་བཟི་བ་འདྲ།

“ ཁྱེད་ཀྱིས་མ་ཤེས་ཁུལ་མ་བྱེད། ”

“ འོ······བུད་མེད་གཅེར་བུ་དེ……” ཨ་ཁུ་སྐྱ་རྡོ་དངོས་གནས་བཟི་བ་འདྲ།

“ མིན། ངས་སྤྱང་ཚོགས་ཟེར་བ་ཡིན། ”

“ སྤྱང་ཚོགས་ཀྱང་བསད་འདུག ང······ངས……” ཨ་ཁུ་སྐྱ་རྡོའི་ཁ་ནས་སྐད་ཆ་ལྡབ་ལྡིབ་ཅིག་ལས་མ་ཐོན།

“ ཁྱེད་ཀྱིས་ཇི་ལྟར་བསད་པ་ཡིན། རྫུན་མ་བཤད། ”

“ ངས་ཀྱང་མི་ཤེས། གང་ལྟར་ཁྱོད་ཡིད་མི་ཆེས་སམ། ”

“ འོ་ན་ཁྱེད་ཀྱིས་རང་གིས་བསད་པ་ཇི་ལྟར་ཤེས། ”

“ ང་བརྒྱལ་བ་ལས་སད་དུས་སྤྱང་རོ་བདུན་ལོགས་ཀྱི་ཁ་བའི་ནང་འགྱེལ་འདུག ད་དུང་ངའི་ཕྲག་པ་རྨས་ནས་དཔུང་བ་ཡང་འདེགས་དཀའ། ངོ་མ། རང་ཉིད་ལའང་ཡིད་ཆེས་དཀའ། ” ཨ་ཁུ་སྐྱ་རྡོས་ལན་མགོ་མཇུག་མེད་པ་ཞིག་བཤད།

“ དེས་ན་བཟང་མོས་བསད་པ་ཡིན་ངེས། ”

“ ཡིན་མི་སྲིད། བཟང་མོའི་ལག་ཏུ་བོའུ་རིང་ཞིག་ལས་གྲི་ཡེ་ནས་མེད། སྤྱང་ཀི་དེ་ཚོ་གྲི་ཡིས་བསད་པ་ཤ་སྟག་རེད། དེ་དུས་ངས་ཀྱང་གྲི་ཆུང་ཞིག་ལུས་ལ་བཏགས་ཡོད། མ་ཟད་བུད་མེད་ཅིག་དང་སྐྱེས་པ་ཞིག ད་དུང་སྤྱང་ཀི་བདུན་ཁ་བའི་ནང་འགྱེལ་འདུག ཤི་མེད་པ་ནི་བུད་མེད་དེའི་རྒྱབ་ན་རས་ཀྱིས་བཏུམས་པའི་ངུ་ངག་བྱེད་བཞིན་པའི་བྱིས་པ་དེ་ཁོ་ན་རེད། ཧུན་ཧུན། ངོ་མ་དགོད་བྲོ་བ་ལ།……ས་རུབ་འདུག ངེད་གཉིས་མགྱོགས་པོར་འགྲོ ” ཨ་ཁུ་སྐྱ་རྡོས་འཁྱར་འཁྱོར་གྱི་གོམ་སྟབས་དེ་ཇེ་མགྱོགས་སུ་བཏང་།

“ མིན། ཁྱེད་ཀྱིས་ང་ལ་བརྒྱུད་རིམ་དེ་བཤད་ཚར་དགོས། དེའི་རྗེས་སུ་ཅི་བྱུང་སོང་ངམ། ” རིག་བྷས་ཀྱང་གོམ་པ་ཆེར་སྤོས་ཀྱིས་ཨ་ཁུ་སྐྱ་རྡོའི་རྗེས་སུ་དེད།

“ ངས་བུ་མོ་དེ་ཁྱེར་ནས་ས་ཆ་དེ་དང་གཏན་དུ་གྱེས་པ་ཡིན། ”

“ ཨ……གཏན་དུ་གྱེས་ཟེར་ན།……འོ་ན་དེའི་རྗེས་སུ་ཁྱེད་གང་དུ་སོང་བ་ཡིན། བུ་མོ་དེ་སུ་རེད། བྱིས་པ་དེ་ཡིན་ནམ། ”

“ དེའི་རྗེས་ཀྱི་དོན་དག་བརྒྱུད་རིམ་གཞན་ཞིག་ཡིན། ”

ཨ་ཁུ་སྐྱ་རྡོས་དབུགས་རིང་ཞིག་འཐེན་ཞོར་འཁྱར་འཁྱོར་ངང་ལམ་འགྲམ་གྱི་གསལ་ལ་མི་གསལ་བའི་གློག་སྒྲོན་དེའི་དཀར་ངོགས་བརྒྱུད་དེ་སོང་།

4

ལོ་མང་མ་མཇལ་བའི་གྲོགས་པོ་དེ་ངོ་མ་འགྱུར་འདུག སྲང་ལམ་གཡོན་ཕྱོགས་ཀྱི་མི་ཚོགས་ཀྱི་འཚང་ཁ་ཆེས་ཆེ་བའི་སཱི་ནཱོ་ཁཱེ་སྤོ་ལོ་ཁང་ཆུང་ཆུང་དེའི་ནང་ནས་རིག་བྷ་ཁོ་དང་ཐོག་མར་འཕྲད།

“ ཁྱོད་ཡིན་ནམ། ཡུན་རིང་ལ་མ་མཇལ། ” གྲོགས་པོས་དེ་ལྟར་བཤད་ཞོར་རིག་བྷ་ལ་ཐ་མག་རྐང་གཅིག་བྱིན་ཡང་རིག་བྷས་ད་དུང་སུ་ཡིན་གསལ་ལེར་མ་དྲན།

“ ཁོ་སུ་ཡིན་ནམ། ” ལམ་ཕྲན་སྐྱ་བོ་དེ་བརྒྱུད་ནས་མལ་ཤག་ཏུ་ལོག་དུས་རིག་བྷས་ད་དུང་ཁོ་རང་སུ་ཡིན་པ་ཤེས་མ་བྱུང་། ཡིན་ནའང་གྲོགས་པོ་དེས་རིག་བྷ་ལ་མགོ་རས་དམར་པོའི་སྐོར་མང་པོ་ཞིག་བཤད།

“ མགོ་རས་དམར་པོ་ཟེར་རམ། མོའི་མིང་ལ་ཐོན་སྐྱེད་མཚོ་མོ་ཟེར། ལོ་ན་ཉི་ཤུའམ་ཡང་ན་སུམ་ཅུར་སོན་ཡོད་ཚོད་འདུག མོ་ལྡོམ་པོ་ཞིག་རེད། ད་ལྟ་གྲོང་རྡལ་འདིའི་བཞི་མདོའི་གཡས་ཕྱོགས་ཀྱི་ཁང་མིག་ཨང་བཞི་བཅུ་པར་བསྡད་འདུག དེ་ནི་མི་སྒེར་གྱི་མགྲོན་ཁང་ཞིག་ཡིན། ” གྲོགས་པོས་ཧ་ཅང་རྒྱུས་ཡོད་ཀྱི་ཚུལ་གྱིས་བཤད་རྗེས “སྨད་འཚོང་མ་ཞིག་རེད། ” ཟེར།

“ ཨ······སྨད་འཚོང་མ་ཡིན་ནམ། ” རིག་བྷ་ནི་ཡིད་མ་ཆེས་པར་ནན་འདྲི་ཞིག་བྱས།

“ ཨུན། ནུབ་རེར་སྒོར་བདུན་ཅུ་རེད། དཀོན་མཆོག་གསུམ། ལྟ་བཟོད་མི་འདུག ” ཅེས་གྲོགས་པོ་དེས་སྡིགས་དམོད་དང་མཉམ་དུ“ ཡིན་ནའང་མོ་དེའི་ཕྱོགས་ལ་ཧ་ཅང་མཁས” ཟེར།

ཕྱིར་མལ་ཤག་ཏུ་ལོག་རྗེས། རིག་བྷ་ཡིས་ཐོན་སྐྱེད་མཚོ་མོའི་སྐོར་གྱི་བརྩམས་སྒྲུང་ཞིག་རྙེད་ཅིང་། ཐོན་སྐྱེད་མཚོ་མོ་ནི《མི་རྐྱང་གཅོད་པའི་གཏམ་རྒྱུད་ཁྲོད་ཀྱི་སྒྲོལ་མ》ཞེས་པའི་བརྩམས་སྒྲུང་ཁྲོད་ཀྱི་མི་སྣ་ཞིག་ཡིན་ལ། རྩོམ་པ་པོ་ནི་སྟག་འབུམ་རྒྱལ་རེད།

“ ཁྱི་འདྲ་བ་དེས་སྐྱག་རྫུན་སྨྲ་བ་འདྲ། མོ་དེ་འདྲ་ཡིན་མི་སྲིད། ”

རིག་བྷ་ཡིས་རང་ཉིད་ལ་སེམས་གསོ་ཞིག་བྱས་རྗེས་ཨ་ཁུ་སྐྱ་རྡོའི་གཏམ་རྒྱུད་འབྲི་མགོ་བརྩམས་ཤིང་། སང་ཉིན་སྔར་བཞིན་ཆང་ཁང་ཆུང་ཆུང་དུ་ཨ་ཁུ་སྐྱ་རྡོར་དོན་དག་དེའི་གནས་ཚུལ་འདྲི་བའི་འཆར་བཀོད་བྱས་ལ། སྐབས་དེར་ཏག་ཏག་པེ་ཅིན་གྱི་ཆུ་ཚོད་ཀླད་ཀོར་ཡོལ་ཟིན།

5

“ ངེད་གཉིས་ས་ཆ་དེ་དང་གཏན་དུ་གྱེས། གཏན་ནས་ཕྱིར་མ་ལོག ” ཨ་ཁུ་སྐྱ་རྡོས་མུ་མཐུད་དུ་བཤད།

“ ཁྱེད་ཕ་ཡུལ་ལའང་མ་ལོག་གམ། ” རིག་བྷས་སླར་ཡང་དྲིས།

“ ང་ལ་ཕ་ཡུལ་ཞིག་གང་དུ་ཡོད། བུད་མེད་དེ་ནི་ངའི་ཆུང་མ་ཡིན། བྱུང་རིམ་དེ་ཡོད་ཚད་ཚོད་དཔག་བྱེད་ནུས་པ་ཞིག་ག་ལ་ཡིན། ”

“······ ”

“ དེ་ནས་བཟུང་། ངེད་ཕ་བུ་གཉིས་ཀྱིས་འཁྱམ་ཉུལ་ཁོ་ནས་ཁ་གསོས་པ་ཡིན། ངའི་བུ་མོ་ལོ་ན་བརྒྱད་ལ་སོན་པའི་དབྱར་ཁ་དེར། ངེད་གཉིས་ཀྱིས་བྲག་ལུང་དགོན་པའི་མཐའ་ནས་ཁྱིམ་གཞིས་ཤིག་རྙེད། བུད་མེད་དེ་ངོ་མ་དྲིན་ཅན་ཞིག་ཡིན།དེ་ནས་བཟུང་ངས་དགོན་པར་གླ་རེ་བྱས་ནས་འབྲས་ཐུག་རེ་བླངས་པ་ཡིན། ཕྱི་ལོར། དྲིན་ཅན་མ་དེ་ང་དང་གཏན་དུ་གྱེས། ཤུ་རེ་ཁོ། མོས་ང་དང་སྒྲོལ་མར་ཧ་ཅང་ཤ་ཚ་བོ་བྱེད། འོ། ངའི་བུ་མོའི་མིང་ལ་སྒྲོལ་མ་ཟེར། ཡིན་ནའང་རིག་གནས་གསར་བརྗེ་ཡི་སྐབས་སུ་མིང་དེ་བརྗེས་སོང་། དེ་ནས་བཟུང་ཚང་མས་ཐོན་སྐྱེད་མཚོ་མོར་འབོད། ”

“ ཨ། དེ་ངོ་མ་ཅུང་ཟད་མཚར་པོ་འདུག ”

རིག་བྷ་ཅུང་ཡིད་མ་ཆེས་པར་མཚར་སྣང་གིས་ལབ་པར། ཨ་ཁུ་སྐྱ་རྡོས་རིག་བྷ་ཡི་གདོང་ལ་ལྟ་ཙམ་གྱིས“ཡིན་ནའང་དེ་ནི་བྱུང་རིམ་ངོ་མ་ཞིག་ཡིན། ” ཞེས་གཟབ་ནན་གྱིས་བཤད།

ཨ་ཁུ་སྐྱ་རྡོ་ཡང་བཟི་བ་འདྲ། ཐེངས་མང་པོ་ཞིག་ལ་ཁོང་དང་ཡིན་མིན་མང་པོ་ཞིག་གླེང་མོད། རིག་བྷ་ཡིས་ད་དུང་ཁོང་ནི་མི་ཅི་འདྲ་ཞིག་ཡིན་པ་ངོ་མ་ཤེས། ཡིན་ནའང་རིག་བྷས་བདེན་ཅོག་ཅོག་གིས་སྨྲ་སྤོབས་པ་ནི་ཨ་ཁུ་སྐྱ་རྡོ་ཆང་བཏུང་རྒྱུར་ཧ་ཅང་དགའ་པོ་བྱེད་ལ། ཆང་རེ་འཐུང་ཚེ་ཁོང་གིས་རིག་བྷ་ལ་ཁ་བརྡ་མང་པོ་ཞིག་བྱེད་ངེས། ད་དུང་ཁོང་གིས་ཆང་འཐུང་དུས་རྫུན་གཏམ་མི་སྨྲ་བ་དེ་ཙམ་ཡིན།

“ དེང་སང་ཐོན་སྐྱེད་མཚོ་མོ་གང་དུ་ཡོད་དམ། ” རིག་བྷས་སྔར་བཞིན་ཨ་ཁུ་སྐྱ་རྡོ་ལ་དྲིས།

“ བྲག་ལུང་ན་ཡོད། ད་དུང་མོའི་ཁྱོ་ག་ཡང་ཡོད། མིང་ལ་ཟླ་བ་ཟེར། ”

“ ཟླ་བ།······ངོ་མ་དེ་ལྟར་འབོད་དམ། ”

“ ཅི་རེད། ཡང་ཡིད་མི་ཆེས་སམ། ”

“ མིན།······ཨ་ཁུ། ཅུང་ཙམ་སྒུགས་དང་། ང་ཁྱེད་ལ་ཆང་ཞིག་ཉོ་རུ་འགྲོ ” རིག་བྷ་སྒོར་ཐོན།

གཏམ་རྒྱུད་འདི་ངོ་མ་འབྲི་ཐབས་མེད་པ་འདྲ། ཀློག་པ་པོས་རིག་བྷ་ལ་རྐུན་མ་ཟེར་ངེས།

6

《མི་རྐྱང་གཅོད་པའི་གཏམ་རྒྱུད་ཁྲོད་ཀྱི་སྒྲོལ་མ》ནི་རིག་བྷས་སྔ་མོ་ནས་བཀླགས་མྱོང་བའི་བརྩམས་སྒྲུང་ཞིག་ཡིན་ལ། ཟླ་བ་དང་སྒྲོལ་མ། ད་དུང་ཐོན་སྐྱེད་མཚོ་མོ་བཅས་ནི་གཏམ་རྒྱུད་དེའི་ཁྲོད་ཀྱི་མི་སྣ་འབའ་ཞིག་ཡིན།

ཉིན་དེར། རིག་བྷ་ཨ་ཁུ་སྐྱ་རྡོ་ལ་ཆང་ཉོ་རུ་སོང་རྗེས་ཕྱིར་མ་ལོག ཁོང་གིས་རིག་བྷ་ལ་ཅི་ཙམ་ཞིག་ལ་བསྒུགས་པ་སུས་ཤེས། ཨ་ཁུ་སྐྱ་རྡོ་ངོ་མ་ཆང་ལ་ཧ་ཅང་དགའ། ཡིན་ནའང་དྲང་མོར་བཤད་ན། སྐབས་དེར་རིག་བྷ་རང་ཉིད་ཀྱིས་འབྲི་བཞིན་པའི་གཏམ་རྒྱུད་དེའི་བྱུང་རིམ་ལ་ཡིད་ཆེས་དཀའ་བ་ཞིག་བྱུང་། དེར་བརྟེན་རིག་བྷས་ཕྱིར་ཨ་ཁུ་སྐྱ་རྡོ་འཚོལ་དུ་མི་འགྲོ་བའི་གཡར་དམ་བཞག་པ་རེད།

དེ་ནས་ཉིན་ནུབ་མང་པོ་ཞིག་འགོར་སོང་།

གཟའ་ཉི་མ་ཞིག་གི་ཞོགས་པར། ཨ་ཁུ་སྐྱ་རྡོས་རིག་བྷ་ཡི་མལ་ཤག་ཆུང་ཆུང་གི་སྒོ་མོ་བརྡུངས།

“ ངའི་བོའུ་ཕྲོགས་སོང་། ” ཨ་ཁུ་སྐྱ་རྡོ་དེ་འདྲའི་རྒྱུན་ལྡན་ཞིག་མིན་པ་འདྲ། ཁོང་གི་བཞིན་མདངས་ཅུང་ཁྲོས་འདུག་པའམ་སུ་ཞིག་གི་སྟེང་དུ་འཚིག་པ་ཟ་བ་ལྟར “ ང་འདི་གའི་ཁྲིམས་ཁང་དུ་བོའུ་ལེན་དུ་འགྲོ་དགོས། ” ཞེས་ལྡབ་ལྡིབ་འགའ་བཤད། རིག་བྷས་ཅི་ཡིན་ཆ་མ་འཚལ་བར་ཨ་ཁུ་སྐྱ་རྡོ་ལ་དོན་དག་ཅི་ཞིག་བྱུང་སོང་བ་དྲིས།

“ དེ་རིང་ངས་ཅིས་ཀྱང་བོའུ་དེ་ལེན་དགོས། ”

ཨ་ཁུ་སྐྱ་རྡོ་ཡིས་དོན་ཅི་ཞིག་རྗོད་ཀྱིན་པ་མི་ཤེས་མོད། འོན་ཀྱང་ཉིན་དེར་ཁོང་གི་སྐད་ཆ་དེར་ཟིལ་ཤུགས་ཤིག་གིས་ཁེངས་ཤིང་རིག་བྷ་ཡོངས་སུ་མནན།

“ ཁོ་ཚོས་ངའི་བོའུ་གཞུང་བཞེས་བྱས་སོང་། ངས་ཨེན་ཙམ་གྱིས་མི་ཞིག་བསད་པས། ཡིན་ནའང་ཉིན་དེར་ང་ངོ་མ་བཟི་མེད། ཁྱོད……ཁྱོད་ད་དུང་ཉལ་ནས་འདུག་གམ” ཞེས་ཨ་ཁུ་སྐྱ་རྡོས་ཅུང་དངངས་འཚུབ་དང་སུན་སྣང་འདྲེས་མས་ཐ་མག་རྔུབ་འཐེན་བྱེད་པ་ལས་ཅི་ཡང་མ་བཤད།

སྐབས་དེར་ཐེ་ཚོམ་ལ་བརྒྱུས་པའི་ཚོད་དཔག་མང་པོ་ཞིག་བྱས་མོད། རིག་བྷས་ད་དུང་དོན་ངོ་མ་ཅི་ཞིག་གི་དོན་དུ་ཨ་ཁུ་སྐྱ་རྡོ་འདིར་ཡོང་བ་དང་། ཅིས་ཀྱང་བོའུ་ལེན་དུ་འགྲོ་དགོས་པ་ཤེས་མ་བྱུང་། ངོ་མ། བྱུང་རིམ་དེ་ཡོད་ཚད་ཚོད་དཔག་གིས་ཟིན་པ་ཞིག་མིན་པ་འདྲ།

“ ངས་ཅིས་ཀྱང་བོའུ་དེ་ཕྱིར་ལེན་ཐབས་བྱེད་དགོས། ”

ཨ་ཁུ་སྐྱ་རྡོས་སླར་ཡང་དེ་ལྟར་བཤད། ཡིན་ནའང་ད་ལྟ་ཁོང་གིས་ཆིག་ལབ་རྒྱག་བཞིན་པ་འདྲ།

7

ཉིན་དེར། ཨ་ཁུ་སྐྱ་རྡོས་རིག་བྷ་ལ་སླར་ཡང་བྱུང་རིམ་ཞིག་ལབ།

“ ཁྱོད་རང་ཆང་ཉོ་རུ་སོང་རྗེས་ཕྱིར་མ་ཡོང་བས་ང་ཡང་གནས་དེ་དང་གྱེས་པ་ཡིན། ”

རིག་བྷ་ལ་ཧ་ཅང་ངོ་གནོང་བར་གྱུར།

ཨ་ཁུ་སྐྱ་རྡོས་དང་ཐོག་བུ་མོ་སྒྲོལ་མ་ཁྲིད་ནས་ས་ཆ་དེ་དང་གཏན་དུ་གྱེས་ཉིན་ནས་བཟུང་། ཁོང་གྲོང་རྡལ་དེ་རུ་ཐེངས་གཅིག་ལའང་མ་ཡོང་བ་དང་། དེ་རིང་ནི་ཐེངས་དང་པོ་ཡིན་ཚུལ་བཤད།

“ ཉིན་དེར། སྨུག་པ་ལང་ལོང་ཞིག་འཐིབས་འདུག ཡིན་ཡང་མཐོང་ལམ་ཧ་ཅང་གསལ། ཁྱི་རྒན་གྱིས་ཅི་ཞིག་མཐོང་ནས་ཟུག་བཞིན་འདུག་པས་ང་སྒོར་བུད། ངོ་མ་མིག་འཕྲུལ་བ་ཡིན་ངེས། ངེད་ཚང་གི་རྒྱབ་རིའི་ངོས་སུ་སྤྱང་ཀི་ཞིག་འདུག ང་ཕྱིར་ཁྱིམ་ལ་སོང་ནས་རྒྱང་ཤེལ་དང་བོའུ་ཆག་དེ་བཟུང་ནས་སྒོར་བུད། རྒྱང་ཤེལ་ལས་ལྟ་དུས། ནོར་མི་སྲིད། སྤྱང་ཀི་ཞིག་རེད། སྐབས་དེར་ངས་བོའུ་བླངས་པ་ཡིན། ངོ་མ་མིག་འཕྲུལ་སོང་། བོའུ་སྐད་གྲག་པ་དང་མི་ཞིག་གི་ཆོ་ངེ་འདོན་པའི་སྒྲ་ངའི་རྣ་ལམ་དུ་ཟུག ” ཅེས་སྐྱོ་ཕངས་གཉིས་འདྲེས་ཀྱི་ཉམས་མདངས་ཤིག་མངོན་ཡོང་།

“ དེ་མི་ཞིག་ཡིན་ནམ། དེ་ནས་ཅི་བྱུང་།” རིག་བྷས་དེ་ལྟར་ཁ་ནས་ཤོར།

“ མ་གཞིར་དབྱར་རྩྭ་དགུན་འབུ་རྐོ་མཁན་ཞིག་རེད། མདེའུ་དེའི་བརླ་གཡོན་པར་ཕོག་པས་ཁོ་རང་ཐག་ཚད་ཅིག་ལ་གྲིལ་སོང་། ངས་འཕྲལ་དུ་ཁོ་རང་རྒྱབ་ལ་ཁུར་ནས་ཁོ་ཚོའི་སར་བསྐྱལ་བ་ཡིན། འོན་ཀྱང་མི་དེ་ཚོས་འཇོར་དང་དབྱུག་པས་ང་ལ་གང་བྱུང་དུ་བརྡུངས། ངས་ཅི་ཡང་མ་བྱས། དེའི་རྗེས་སུ་ང་རང་མལ་སར་ལྷུང་ནས་ཉིན་ཞག་མང་པོའི་ཡུན་ལ་ཁ་ཡང་གྲག་མ་ཐུབ། སྐབས་དེར་ངའི་མགོ་བོར་རྨས་ཕོག་པས་ཨེན་ཙམ་གྱིས་ཤི་སོང་། ཡིན་ནའང་ཁོ་ཚོར་ཁག་མི་འདུག ”

“ དེ་ལྟར་ཡིན་ནམ། ” རིག་བྷས་གཞི་ནས་རྟོགས།

“ ཁོ་ཚོས་སྨན་རིན་དུ་སྒོར་ལྔ་བརྒྱ་དང་རྟ་གཅིག་ཁྱེར་སོང་། དེའི་རྗེས་སུ་ཁྲིམས་ཁང་གི་མི་སྣ་འགའ་ཡོང་ནས་ང་ལ་སྡིགས་དམོད་མང་པོ་བྱས་ནས་ངའི་བོའུ་ཡང་ཁྱེར་སོང་། དེ་དུས་ང་ད་དུང་ལངས་ཐུབ་ཀྱིན་མི་འདུག ”

“ འོ་ན་དབྱར་རྩྭ་རྐོ་མཁན་དེ་ཚོ། ཁོ་ཚོ་ཅི་བྱེད་དུ་ཡོང་བ་ཡིན་ནམ། ”

“ ཁོ་ཚོས་བསམ་བཞིན་དུ་ངེད་ཚང་གི་རྩྭ་ས་ལག་མཐིལ་འདྲ་བ་དེར་ས་རྐོ་རྡོ་སློག་བྱས་སོང་། ངའི་སྙིང་ཁར་ཁབ་ཀྱིས་གཙགས་པ་བཞིན་བསྲན་མི་ཐུབ་མོད། ངས་ཅི་ཡང་བཤད་མ་ཕོད། ཁོ་ཚོ་མི་ཧ་ཅང་མང་། ”

“ དེ་ཁྲིམས་དང་མཐུན་ནམ།”

“ ······”

ཨ་ཁུ་སྐྱ་རྡོས་རེ་ཞིག་ཅི་ཡང་མ་བཤད། རིག་བྷ་ཡིས་ཀྱང་ཅི་ཡང་ཤོད་མ་ནུས།

ཨ་ཁུ་སྐྱ་རྡོས་ཡུད་ཙམ་གྱིས “ ཁྲིམས་ཁང་གི་མི་དེ་ཚོས་ཉིན་དེར་ངས་ཆང་བཏུངས་འདུག་ཟེར། ”

“ ཁྱེད་ངོ་མ་བཟི་སོང་བ་ཡིན་ནམ། ”

“ ག་ལ་ཡིན། ངས་ངོ་མ་ཆང་འཐུང་མེད། ཡིན་ནའང་སུ་ཞིག་ཡིད་ཆེས། མི་དེ་ཚོས་ང་སྨྱོས་འདུག་ཟེར། ” ཨ་ཁུ་སྐྱ་རྡོས་གློ་བུར་དུ་བཤད་མཚམས་བཞག་བྱུང་།

རིག་བྷས་ཅི་ཡང་བཤད་མ་ཕོད། རིག་བྷས་ཅི་ཞིག་བཤད་དམ།

ཡུན་རིང་གི་རྗེས་སུ་ཨ་ཁུ་སྐྱ་རྡོས་གློ་བུར་དུ“ སྤྱང་ཚོགས་དེ་ཚོས་ང་ལ་སྐྱ་རྡོ་སྨྱོན་པ་ཟེར། རྗེས་སུ་མི་ཚང་མས་དེ་ལྟར་འབོད” ཅེས་འུ་ཐུག་དང་བློ་ཕམ་གྱི་རྣམ་འགྱུར་ཞིག་མངོན་ཞིང་། ཐ་མག་རྐང་གཅིག་ལ་མེ་བསྒྲོན།

རིག་བྷ་ཡིས་སྔར་བཞིན་ཅི་ཡང་བཤད་མ་ཕོད། དངོས་གནས་བཤད་མ་ནུས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།