ཀྲུང་གོ་བོད་ཀྱི་དྲ་བ།

བརྩམས་སྒྲུང་པའི་རྫུན་གཏམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : དངོས་གྲུབ།   སྤེལ་དུས། : 2022-02-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨ་ཙི། དངོས་གནས་ཡིད་སྐྱོ་དགོས་པའི་གཏམ་ངན་ཞིག སྐད་ངན་དེ་མ་ཚོར་གོང་ང་ཕྱི་རོལ་དུ་ཕྱིན་པ་ཡིན་མོད། ཕྱི་རོལ་ནས་ངས་དེའི་སྐོར་ཅི་ཡང་ཚོར་མ་སོང་།

བཙའ་ཆགས་པའི་གློག་སྐས་དེ་ཙིར་ཙིར་གྱི་སྒྲ་དང་བཅས་མར་བབས། མཚམས་ཤིག་ལ་གློག་སྐས་ཀྱི་སྒོ་ཕར་ཕྱེ་བ་ན་རྒད་པོ་ཞིག་ཚུར་ནང་དུ་འཛུལ་བྱུང་། གདོང་ལ་རབ་ཏུ་ནག་པའི་སྤྲིན་ནག་འཁྲིགས་འདུག ངེད་གཉིས་ཀྱིས་མཉམ་དུ་ངོ་གནག་བཞིན་མར་བབས། ཁོའི་ངོ་ལ་འཛུམ་མདངས་ཅུང་ཙམ་ཡང་མེད་དོན་ངས་མི་ཤེས་མོད། ཁེར་རྐྱང་ལ་ལུས་པའི་མི་ཞིག་གམ། བསམ་དོན་མ་འགྲུབ་པའི་མི་ཞིག་ཡིན་སྲིད་ལ། གཅིག་བྱས་ན་རྒྱུ་མཚན་མེད་ཀྱང་སྲིད། གང་ལྟར་གྲང་ཤུར་ཤུར་གྱི་ཚོར་བ་ཞིག་སྟེར་བར་བྱེད། ངེད་གཉིས་སྔ་གཞུག་བྱས་ནས་གཞིས་ཁུལ་དེའི་ཀྱག་ཀྱོག་ཆེ་བའི་ལམ་བརྒྱུད་ནས་རྒྱ་སྲང་དུ་བུད།

མ་གཞིར་ང་ནི་ཕྱི་རོལ་དུ་འཆམ་འཆམ་དུ་ཡོང་བ་རེད། ངས་ལག་ཟུང་གློ་ཁུག་ཏུ་བཅུག་སྟེ་ལམ་འགྲམ་དུ་བསམ་མནོ་གཏོང་བཞིན་བསྐྱོད། ཤིན་ཏུ་འཇམ་པའི་བསིལ་རླུང་གིས་སོར་འགའི་རིང་ཐུང་ལས་མེད་པའི་ངའི་སྐྲ་ལོ་བསྐྱོད་ཙམ་བྱས་ནས་གཞན་དུ་ཆས་འགྲོ། གློག་སྒྲོན་གྱི་འོག་ཏུ་མི་རྣམས་རང་རང་ས་ནས་ལས་ཀ་ལ་བྲེལ་བཞིན་འདུག ལྗང་དམར་གྱི་གློག་སྒྲོན་རྣམས་རེས་མོས་བྱས་ནས་འཚབ་འཚུབ་བྱེད་དུས་ཆེ་ཆུང་མི་གཅིག་པའི་རླངས་འཁོར་དག་གཅིག་རྗེས་གཅིག་མཐུད་དུ་བསྡད་ཅིང་། ཡང་གཅིག་རྗེས་གཉིས་ཆོད་བྱས་ཏེ་བུད་འགྲོ།

ལྷག་པར་དུ་སྲེག་ཟས་འཚོང་མཁན་དག་ལ་མཚན་མོར་གཟོད་ལམ་འགྲམ་དག་ཏུ་བྲེལ་འཚུབ་ཤིན་ཏུ་ཆེ་བར་འདུག མདུན་ཅོག་རེའི་མཐའ་ན་མི་ཆ་རེ་དང་ཡང་ན་ཁེར་རྐྱང་དུ་ཁ་པར་རྩེ་བཞིན་སྲེག་ཟས་ལ་སྒུག་འདུག ཚང་མས་ཟུར་གྱི་མི་དག་ལ་ཁ་ཡ་མི་བྱེད་ལ། ཐག་རིང་གི་དྲ་གྲོགས་ཆེ་གེ་མོ་ཞིག་ལ་ཁ་བརྡ་བྱེད་བཞིན་པ་ལོས་ཡིན། གྲོང་ཁྱེར་ཅི་འདྲ་ཞིག་ཆེ་རུང་དེ་རུ་སེམས་མཐུན་པའི་འགྲོ་རོགས་གཅིག་ཀྱང་མེད་ན་ནི་ས་སྟོང་ཞིག་ཏུ་ལུས་པ་དང་ཁྱད་པར་ཅི་ཡོད་ཨང་།

དེ་དུས་ཤིག་ལ་ཕུ་བོ་དང་ངེད་གཉིས་སྲང་ལམ་འདིར་འཁྱམ་ཉུལ་ལ་ཡོང་། ཕུ་བོས་ང་ལ་གྲོང་གསེབ་ཀྱི་བུད་མེད་ཅིག་གིས་རང་གི་ཁྱོ་ག་དང་བྱིས་པ་བསྐྱུར་ནས་གྲོང་ཁྱེར་དུ་བྲོས་བྱོལ་ལ་ཡོང་བའི་གནས་ཚུལ་ཞིག་བཤད་མྱོང་། ཕུ་བོ་ཁོ་རང་དབང་ལ་ཅུང་ཙམ་ཡང་མི་ཡོང་བཞིན་དུ་བུད་མེད་དེ་ལ་སེམས་ཁྲལ་བྱེད་རྒྱུར་དགའ། དེ་བརྩེ་བ་རེད་དམ། དུང་བ་རེད།

དེའི་རྒྱུ་མཚན་རང་གིས་རྟོག་བཟོ་སྣ་ཚོགས་བྱས་ཤིང་རང་གི་འཚོ་བ་ནང་བཞིན་དུ་དེ་ཚོའི་སྐྱིད་སྡུག་ལ་རོལ་མྱོང་བྱས་པས་རང་ཡང་དགའ་སྐྱོ་མང་པོའི་གཟེབ་ཏུ་ལྷུང་། “ཁྱོད་རང་ང་ལ་རྒྱུས་ཡོད་དམ།” “ལོས་ཡོད། ” དེ་དུས་ངས་དེ་ལྟར་ལན་བཏབ་མོད། དྲང་མོར་བཤད་ན་ང་ནི་དེ་དུས་ཕུ་བོ་ལ་རྒྱུས་གང་ཡང་མེད་དེ། ཕུ་བོ་ལ་བཟའ་རོགས་འཐུང་རོགས་མང་པོ་ཞིག་བྱས་པ་ཙམ་རེད། གང་ལྟར་ཕུ་བོས་དེ་དུས་མཛའ་བརྩེ་གལ་ཆེ་ཞེས་བཤད་མྱོང། ད་ལྟ་བལྟས་ཡོང་ན་ཕུ་བོ་ནི་དངོས་གནས་མཛའ་བརྩེ་ལས་ཅི་ཡང་མི་དགོས་མཁན་ཞིག་རེད། ཁོ་རང་གི་ཨ་ཕ་ལ་དེ་ཙམ་དགའ་པོ་མེད་པའང་དེ་ལ་འབྲེལ་བ་ཡོད་འདུག

ངས་གློ་ཁུག་ལས་ཁ་པར་ཕྱིར་ཕྱུང་ནས་བལྟས། ཨ་མས་སྐད་འགའ་བསྐུར་འདུག ངས་མོ་ལ་ཡི་ཆད་དུ་བཅུག་སོང་། ཨ་མས་ང་རང་ནར་སོན་ཏེ་མི་འཇོན་ཐང་ཅན་ཞིག་གམ། མ་མཐའ་ཡང་འཛུམ་ཆུང་ཤིག་ཤིག་གིས་ཕྱིར་ལོག་ཡོང་བར་ག་ཚོད་ཅིག་བསྒུགས་ཡོད་དམ། དངོས་གནས་དེ་ལྟར་ཡུན་རིང་ཞིག་ལ་བསྒུགས་ཡོད་ངེས། འོན་ཀྱང་ད་ལྟ་ཨ་མར་ཁོ་ཆད་པ་ཡིན་སྲིད་དེ། ཨ་མས་ཕལ་ཆེར་དེ་འདྲའི་རེ་བ་མི་འཆང་། རྒྱུན་དུ་གོན་པ་ཡག་པོ་གྱོན། ཟ་མ་བཟང་པོ་ཟོ་ཟེར་བཞིན་འདུག ང་ཨ་མའི་འདོད་བློ་ཚིམ་པའི་མི་ཞིག་བྱེད་མ་ཐུབ་པས་མོ་སེམས་ཁུར་ལ་གཏད་སོང་།

ཁོ་ལ་བཟའ་རོགས་འཐུང་རོགས་ཤིན་ཏུ་མང་ཡང་བློ་གཏད་འོས་ས་ཞིག་ནི་མེད་པ་འདྲ། གང་ལྟར་ཁོས་རོགས་པ་རེ་ཁྲིད་ཡོང་དུས་ཕོ་མོ་སུ་ཡིན་ཡང་རྒྱུན་དུ་ང་རང་ཕྱི་རོལ་ལ་ཕྱིན་པ་ཡིན། ངས་ཁོ་ལ་དེ་འདྲ་ཞིག་བསྟུན་དོན་ག་རེ་ཡིན་པ་སུ་ཞིག་གིས་ཤེས། ང་རང་གིས་ཀྱང་མི་ཤེས།

ངས་ཤིང་ཐུར་དུ་བསྟར་ལ་བརྒྱུས་པའི་སྲེག་ཟས་དག་རེ་རེ་བཞིན་ཟོས་ཏེ་ཆུ་འགྲམ་བརྒྱུད་ནས་འཇའ་འོད་ཀྱི་དབྱིབས་དང་འདྲ་བའི་ཟམ་པ་དེའི་ཁར་འགོས། ཨ་མ་ལྟ་བུའི་བུད་མེད་ལ་རྒྱ་ཅན་ཞིག་ལ་ང་ལྟ་བུའི་བུ་ནུས་མེད་ཅིག་སྐྱེ་དོན་ག་རེ་ཡིན་ནམ་སྙམ་ནས་དེའི་སྐོར་ལ་བསམ་བློ་བཏང་། ཨ་མའི་ལྭ་བ་ཅུང་ཙམ་སྐྱ་བོར་གྱུར་ཡོད་ལ། པང་ཁེབས་ཀྱི་སྣེ་ཅུང་ཙམ་ཟག་རལ་དུ་སོང་འདུག འུར་རྡོ་ཞིག་སྐེད་ལ་བཏགས་ནས་ལག་པས་གདོང་ལ་གྲིབ་མ་སྒྲིབ་བཞིན་ཐག་རིང་ལ་རྒྱང་ལྟ་བྱས་འདུག གཙང་པོ་དང་ནམ་མཁའ། མདོར་ན་ག་ས་གང་ན་ཨ་མའི་ཁོ་ཆད་པའི་བཟོ་ལྟ་དེ་མངོན་ཡོང་། ང་དེ་ལ་གཡོལ་ཆེད་མིག་བཙུམ་ནས་བསྡད་ནའང་ཡིད་ལ་དེ་ལས་ཀྱང་གསལ་པོ་ཞིག་ཤར་བྱུང་།

ཟམ་ཁ་ནས་མར་ལྟ་དུས་ཆུ་དལ་བུར་བཞུར་བཞིན་མཆིས། ང་རྩིག་པའི་སྟེང་དུ་འགོས་ནས་རྐང་པ་མར་བསྣར་ཏེ་བསྡད། གཡས་གཡོན་ན་འགྲོ་འདུག་བྱེད་མཁན་གྱི་མི་རྒྱུན་མི་ཆད་ནའང་ང་ལ་བར་ཆད་བྱེད་མཁན་མི་འདུག གློག་འོད་ཆུ་ནང་དུ་ཤར་བས་ཆུ་འོག་ཏུ་གློན་སྒྲོན་མང་པོ་ཞིག་བཀར་མི་འདུག་གམ་སྙམ་པ་ཞིག་འདུག

དེ་ནས་ནང་དུ་ཕྱིན་མ་མྱོང་ཡང་ཕྱི་རོལ་ནས་རྒྱུན་དུ་མཐོང་ཐུབ་པའི་ཁང་རྩེག་དེའི་ཕྱོགས་སུ་ཡུན་རིང་ཞིག་ལ་ཧད་ཟིན་པ་རང་གིས་ཀྱང་མ་ཚོར། ཁང་མིག་གང་ཞིག་མིག་ལ་ཐོགས་སོང་བ་མི་དྲན། དེ་ནི་ལྟ་ས་ནི་ཕྱོགས་དེ་རུ་ཡིན་ཡང་། ཡིད་ལ་ཤར་བ་ནི་མོའི་སྙིང་ཉེ་བའི་ཞལ་རས་ཁོ་ན་དེ་ཡིན་པས་ཡིན་ཡང་སྲིད། མོ་ནི་སྒོར་མོས་ཆེད་དུ་ཅི་ཡང་བསྒྲུབ་ཕོད་མཁན་དེ་འདྲ་ཞིག་ཡིན་ཚོད་མི་འདུག ངས་བཏུང་འཕྲོར་ལུས་པའི་སྐོམ་ཆུ་དེ་ཧུབ་གང་བྱས་ནས་ཚར་དུ་བཅུག

མོ་མི་ཁྲེལ་མེད་ཁོ་ལྟ་བུ་ཞིག་གི་རྗེས་སུ་འགྲོ་བའི་ཚུལ་རྟོག་བཏགས་བྱས་པས། དེ་ནས་ཆག་སྒོ་ཞིག་གི་འཁྲིས་སུ་སླེབས་སྐབས་གློ་བུར་གཉིད་ལས་སད་པ་ལྟར་གྱུར་ཏེ་ཚོད་ཚོད་ལ་འཇིགས་དངངས་ཤིག་སྐྱེས་པས་རང་ལ་འདི་དོན་དངོས་མིན་པའི་གསལ་འདེབས་བྱ་དགོས་བྱུང་།

ང་ཚོ་ལས་རིགས་འདིའི་མི་དག་ལ་བཤད་ཚུལ་ཞིག་ནི་འཇིག་རྟེན་གྱི་དགའ་སྐྱོ་ལ་རྒྱུས་ཟབ་མོ་ཞིག་ལོན་ཕྱིར་ངེས་པར་སྔ་ས་ནས་དགའ་རོགས་ཤིག་བསྒྲིག་འོས་ཟེར། འོ་ན་དེའི་ཆེད་དུ་མོ་ལ་འབྲེལ་འདྲིས་བྱེད་དགོས་པ་རེད་དམ། དེ་ལྟར་བྱས་ན་ཅི་འདྲ། མོ་ནི་སྐུ་ལུས་སྨྱུག་མ་འདྲ་བ་ལ། ཞལ་རས་པདྨ་ལྟ་བུ་ཞིག་ཡིན། གཤིས་རྒྱུད་བལ་དཀར་འདྲ་བ་ལ། སྨྲ་བ་ཉུང་བ་རྫ་ཁའི་འབྲོག་མོ་ལྟ་བུ་ཞིག་ཡིན་སོང་། ཤིན་ཏུ་དྲང་མོ་ཞིག་ཡིན་ཏེ་མགོ་གཡོག་སླ་ན་ཐང་ཨང་། མིན། ག་ལ་ཡིན། ཚོད་ལྟ་དེ་འདྲ་ཞིག་དགོས་པའི་དབང་དུ་བྱས་རུང་ཚོད་ལྟ་བྱེད་ས་དེ་མོ་ཡིན་ན་ག་ལ་ཆོག

ལས་གནས་སུ་ལས་གྲོགས་མང་པོ་ང་ལ་ལྟ་ཚུལ་མི་བཟང་། འོན་ཀྱང་ང་རང་གལ་གནད་ལ་ཐུག་དུས་ཐག་གཅོད་དམིགས་བསལ་བ་ཡོད་པའི་འཇོན་ཐང་ལ་ཡིད་ཆེས་བྱས་ནས་མགོ་ཁྲིད་ཁོ་ནས་ང་རང་བློས་མ་བཏང་བར་ཡོད། དེ་བས་རང་ཡང་གནས་དེར་ཡིད་ཆགས་ས་ཞིག་ཡོད་པ་མོ་གཅིག་པུ་ཡིན།

དེ་ནས་ཡང་རང་ཉིད་ཟམ་ཁ་ནས་ཐུར་དུ་ལྷུང་ནས་ཚེ་ལས་ཡོལ་ཞིང་དེའི་རྗེས་ཀྱི་དོན་དག་རྣམས་རྟོག་བཟོ་བྱེད་བཞིན་པའི་སྐབས་མི་ཞིག་གིས་འབོད་བཞིན་ང་ལ་འཇུས་བྱུང་། ང་རང་འཚུབ་ཆ་ཞིག་ལངས་པས་ཅུང་ཙམ་མིན་ཚེ་ཆུ་ནང་དུ་མར་ལྷུང་སོང་། མར་ས་ལ་བདེ་བླག་ངང་འབབ་དུས་དེ་རུ་རྒད་པོ་གད་བདར་བ་ཞིག་མིག་ལམ་དུ་མངོན་བྱུང་། “ཁྱོད་ཀྱིས་ཅི་ཞིག་བྱེད་བཞིན་ཡོད། ” ངས་སུན་པའི་ཉམས་ཀྱིས“ཁྱོད་ནི་ཅི་འདྲ་ཞིག་རེད་དམ། ” “ཁྱོད་རང་དངོས་གནས་གསོན་མི་འདོད་ན་མིས་མི་ཚོར་ས་ཞིག་ཏུ་སོང་། དེ་འདྲ་བྱས་ན་ཁྱོད་རང་བདེ་ལ་མི་གཞན་ཡང་བདེ།” ཞེས་བཤད་པར“ཁྱོད་རང་གོ་བ་ལོག་སོང་། ངས། ང་འདི་ནས་རྩེ་བཞིན་ཡོད།”ཅེས་ལན་བཏབ། ཁོས་མུ་མཐུད་དུ་རྩོད་པ་བརྒྱབ་བྱུང་། “ཅི་ཞིག་རྩེ། ངས་མ་བོས་ཚེ་ཁྱོད་རང་མར་མཆོངས་ཟིན། ” “མ་རེད། ང་ཅིའི་ཕྱིར་མཆོང་དགོས་པ་རེད། གང་འདོད་མ་བཤད།” “ངས་ཇི་ལྟར་ཤེས། ཁྱོད་ཀྱིས་ཤོད་དང་། ཁྱོད་ཀྱིས་འདང་ཅི་ཞིག་མ་ཕོག་པ་རེད” ཟེར། ངས་ཁོ་ལ་རྩོད་པ་བྱེད་འདོད་མེད་པས་ཁ་ཡ་མ་བྱས། གོ་ནོར་ནི་ཐེབས་སླ་བ་ཞིག་ཡིན་ལ། སྐབས་དེར་གསལ་བཤད་བྱས་རུང་ཕན་ཐོགས་ཡོད་མི་སྲིད། “མི་ཚེ་སྐྱིད་གསུམ་སྡུག་གསུམ། འཇིག་རྟེན་ན་སྐྱིད་དུས་སྡུག་དུས་གང་མང་ཡོད་ནི་རེད། གསར་བུ་ཁྱོད་ཀྱིས་བལྟས་ན་གནས་ལུགས་དེ་འདྲ་ཞིག་མ་རེད་དམ”ཟེར་བར་ངས་ཁོའི་ལག་མགོར་འཇུས་ནས་དཀྲུག་ཙམ་བྱས་ཏེ“གོ་སོང་། བཀའ་དྲིན་ཆེ”ཞེས་བཤད་པ་ཡིན། ཕྱིར་འཁོར་ནས་བརྒྱུགས་ཡོང་དུས་རྒྱབ་ཕྱོགས་ནས་ཁོས“གོ་བ་མགྱོགས་པ་ལ་ཨང་། འོན་ཀྱང་གོ་སོང་ན་བཟང་ངོ”ཟེར་བཞིན་འདུག གནས་ཚུལ་འདི་སྒྲུང་ཞིག་གི་ནང་དུ་བྲི་རྒྱུ་བྱུང་ན་ངོ་མཚར་བ་ཞིག་ཡོང་ངེས།

ངེད་གཉིས་ཀྱིས་ཁང་གླ་ཕྱེད་ཀ་བྱས་ནས་སྟེར་དགོས་པར་མ་ཟད་ལན་རེར་ཁོ་ལ་སྒོར་མོ་མེད་དུས་ངས་སྟེར་རོགས་བྱེད་དགོས་པས་འདི་ལྟར་བྱེད་དགོས་དོན་མི་འདུག ང་རང་གི་ཉལ་ཁང་དུ་འཛུལ་ནས་བསྡད་ན་ཁོ་དང་ཁོའི་རོགས་པ་ལ་བར་ཆད་ཅི་ཡང་བཟོ་མི་སྲིད། གལ་ཏེ་བཟོས་སོང་ཡང་དེ་ངའི་གནད་དོན་ག་ལ་ཡིན། ངས་དེ་ལྟར་ཐག་བཅད་ནས་གོམ་ཁ་ཕྱིར་སྡོད་གནས་ཀྱི་ཕྱོགས་སུ་བསྒྱུར།

ང་རང་ཕྱིར་གཞིས་ཀ་དེར་འབྱོར་ཞིང་། གློག་སྐས་སུ་བསྡད་ནས་རྩེག་རིམ་བཅོ་བརྒྱད་ཀྱི་སྟེང་ལ་འགོས། ཁྱིམ་དུ་འབྱོར་དུས་ཁོ་དང་ཁོའི་རོགས་པ་གཉིས་ཕྱི་རོལ་དུ་སོང་ཟིན། གྱང་ངོས་ཀྱི་ཁོ་རང་ཉིད་དགའ་བའི་སྤོ་ལོ་འཕེན་མཁན་དག་གི་པར་རིས་དག་ལས་ཅི་ཡང་ལྷག་མི་འདུག ངས་པར་རིས་ཤིག་གི་ངོས་ལ་ཁུ་ཚུར་གྱིས་གཞུ་ཙམ་བྱས།

ང་རང་འགྲུལ་ཁང་དུ་བསྡད་ནས་ཇ་འཐུང་བཞིན་བརྙན་འཕྲིན་ལ་བལྟས་པར། བརྙན་འཕྲིན་དུ་གྲྭ་པ་ཞིག་གིས་སྒོམ་གྱི་སྐོར་སློབ་ཁྲིད་གནང་བཞིན་འདུག

ཁྲུས་ཁང་དུ་འཛུལ་ཏེ་ཁྲུས་བྱེད་རྩིས་བྱས་པ་ན། འཕོང་ཕྱིས་ཀྱི་ཤོག་བུ་དག་གང་སར་དོར་ཅིང་། ད་སོ་མ་ཁྲུས་བྱས་པས་ཆུ་ཡང་གང་སར་ཐོར་བ་མ་ཕྱིས་པར་བསྐྱུར་འདུག་པ་ཚོར། ཨ་ཁ་ཁ། ཁོ་དང་མཉམ་དུ་དངོས་གནས་ཉི་མ་འཁྱོལ་བར་དཀའ།

ཆུ་དྲོ་འཇམ་ཞིག་ལུས་སྟེང་དུ་བརྒྱབ་དུས་དེའི་ཚོར་བ་ནི་ཤིན་ཏུ་ཡིད་དུ་འོང་བ་ཞིག་རེད། ངལ་དུབ་མཐའ་དག་རེ་ཞིག་གཏིང་བརྗེད་དུ་གྱུར་འགྲོ།

ཇ་དྲེག་ཅུང་ཙམ་ཆགས་པའི་ཤེལ་ཕོར་ནང་དུ་ཇ་ལོ་བཏབ་ནས་ཆུ་ཁོལ་བླུགས། ཇ་འཐུང་བཞིན་བརྙན་འཕྲིན་ལ་ལྟ་དུས། གླིང་གི་ཨ་ཁུ་ཁྲོ་ཐུང་གིས།

སྔོན་བསྟན་པ་བོད་ལ་སྤེལ་བའི་དུས། །

ལྷ་སྲིན་དམ་ལ་འདོགས་མི་དེ། །

པདྨ་འབྱུང་གནས་ངེད་གཉིས་ཡིན། །

ངེད་གཉིས་ནང་གི་ང་རང་ཡིན། །

ཡང་སོག་ཆུ་ཁམ་པ་རབ་མེད་ལ། །

ལྕགས་ཀྱི་ཟམ་པ་འཛུགས་མི་དེ། །

ཐང་སྟོང་རྒྱལ་པོ་ངེད་གཉིས་ཡིན། །

ངེད་གཉིས་ནང་གི་ང་རང་ཡིན། །

སྡེ་ཧོར་གླིང་འཁྲུག་པ་བྱེད་པའི་དུས། །

ཧོར་བདུད་ཆམ་ལ་ཕབ་མི་དེ། །

གེ་སར་རྒྱལ་པོ་ངེད་གཉིས་ཡིན། །

ངེད་གཉིས་ནང་གི་ང་རང་ཡིན། །

ཞེས་གཏམ་བཤད་བཞིན་འདུག ཨེ་མ་ཅི་འདྲའི་ཚིག་སྙན་ལ་ནང་དོན་མཚོན་སྟོབས་ཆེ་བ་ཞིག་རེད་ཨང་།

ཁ་པར་སྒོ་ཕྱེ་དུས་སྐད་ཆ་ངན་པ་ཞིག་གོ་བྱུང་སྟེ། ཨ་ཙི། སྐྱོ་ངེས་པའི་གསར་འགྱུར་ཞིག་རེད། མིང་དུ་གྲགས་པའི་རྡུང་ལེན་པའམ་གླུ་བ་བདུད་པེ་ལགས་སྐུ་གཤེགས་འདུག དགོང་མོ་དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་སྟེང་འདས་མ་ཐག་དེ་མ་ཉིད་དུ་གནས་ཚུལ་བོད་ཁམས་ཡོངས་དང་འཛམ་གླིང་ཡོངས་ཀྱིས་ཤེས་སོང་། ལྷག་པར་དུ་བོད་མི་ཡིན་ཚད་ནས་གླུ་བ་བདུད་པེ་ལགས་ཀྱི་གནས་ཚུལ་ལ་ཉན་ནས་ཡོད་པས་མྱུར་དུ་གོ་སོང་བ་ལོས་ཡིན། ཚང་མས་གནས་ཚུལ་དེ་གླེང་གིན་འདུག

“སྤྱིར་སྙན་ངག་ཅིག་འབྲི་བ་མིན་མོད། ཡིན་ཡང་དགེ་རྒན་བདུད་པེ་ལ་ངེས་པར་གཅིག་འབྲི་དགོས། ”སྐད་འཕྲིན་བར་སྟོང་ལས་ཡིག་འབྲུ་དེ་དག་མིག་ལམ་དུ་མངོན་བྱུང་། ཁོའི་བྲིས་པ་མ་ཡིན་ནམ། ལབ་སྟོང་པ་ཁོ་ན་རེད། ཅི་འདྲའི་སུན་སྣང་སྐྱེ་ས་ཞིག་ཨང་།

སྐར་མ་འགའི་ནང་དུ་སྐད་འཕྲིན་ནང་དུ་སྐད་ངན་དེ་སྒྲོག་གིན་འདུག གླུ་བ་བདུད་པེའི་འདྲ་པར་རེའི་སྟེང་འོག་ཏུ་མ་ཎི་དང་། སྨོན་ལམ་མང་པོ་བྲིས་ནས་བསྐུར་བཞིན་འདུག ཁོང་ནི་དངོས་གནས་རྡུང་ལེན་གྱི་དོན་དུ་སྐུ་འཁྲུངས་པ་རེད་ལ། རྡུང་ལེན་ལ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་སུ་བཅུག ཁོང་གི་མཚན་སྙན་ཡང་རྡུང་ལེན་ལ་བརྟེན་ནས་རྒྱས་པ་རེད། ལོ་ན་ཉུང་བ་འདི་འདྲ་ལ་སྐུ་གྲོངས་པ་ཡིན་ཡང་། རྡུང་ལེན་སྒྱུ་རྩལ་ནམ་གནས་ཀྱི་བར་དུ་ཁོང་གི་མཚན་སྙན་ཡང་གནས་ངེས་པ་རེད།

ངས་བསམ་གཞིག་བྱེད་བཞིན་རང་གི་ཉལ་ཁང་དུ་ལོག་པ་ན། ཆེད་དུ་སེམས་གཏད་མ་དགོས་པར་ཇ་ཕོར་དང་ཁ་པར་གཉིས་ཀ་ཡང་དེར་སླེབས་སོང་། མལ་སའི་གཡས་གཡོན་དུ་གང་བྱུང་དུ་གཡུག་ཡོད་པའི་དཔེ་དེབ་དག་ཀྱང་བཟི་སྟེ་སྲང་ལམ་དུ་གཉིད་ལོག་པའི་ཆང་འཐུང་གི་འཚོ་བ་རོལ་བཞིན་འདུག མི་གཅིག་སྡོད་ཆོག་པའི་ནེམ་ཁྲིའི་སྟེང་བཞག་ཡོད་པའི་དུས་དེབ《རྩོམ་རིག་སྒྱུ་རྩལ》ཞེས་པ་ཡར་ལེན་བཞིན་རང་ཉིད་དེའི་ཤུལ་དུ་བསྡད། དེབ་དེའི་ནང་གི་ཤོག་ངོས་འགའ་བལྟས་དྲགས་པས་ནག་པོར་གྱུར་འདུག་ལ། དེ་ནི་ང་རང་གི་རྩོམ་ཡིག་བཀོད་པའི་མཚམས་དེ་རང་རེད་འདུག

ང་རང་གི་མལ་ཁང་དུ་ལོག་རྗེས་ཤིག་ལ་ཁོ་ཡང་ཕྱིར་སླེབས་བྱུང་། ངའི་ཁང་སྒོ་རྡུང་ཙམ་བྱས་ཤིང་། དེ་ནས་གྲག་འགུལ་མི་འདུག ཅུང་ཙམ་ནས《དགེ་རྒན་བདུད་པེ》ཞེས་པའི་སྙན་ངག་ཅིག་བྲིས་ནས་སྐད་འཕྲིན་གྱི་བར་སྟོང་དུ་བསྐུར་བྱུང་། ད་དུང་སློབ་བུ་བསོད་ནམས་ཚེ་རིང་ནས་ཡིད་སྐྱོ་བའི་གཏམ་ངན་དེ་ཐོས་མ་ཐག་བྲིས་པའོ་ཞེས་བྲིས་འདུག། ཧིན། ཁྱོད་ནམ་ཞིག་གླུ་བ་བདུད་པེའི་སློབ་མ་བྱས་མྱོང་། རེད། གཡོ་སྒྱུ་ཁྲམ་གསུམ་འདི་དག་སུས་མི་ཤེས། དངོས་གནས་ངོ་ཚ་མེད་པ་ཟེར་བ་རེད།

ངས་ངེས་པར་རྫུན་རྐུབ་བརྟོལ་དགོས། ཟླ་སྔོན་མ་ཞིག་ལ་ངེད་གཉིས་གླུ་བ་བདུད་པེ་ལ་བལྟ་རུ་སོང་ཡང་ཐུག་ཐུབ་མེད། ལོས་ཡིན། གླུ་བ་བདུད་པེ་ལ་ཐུག་མི་འདོད་མཁན་སུ་ཞིག་ཡོད། དེ་དུས་ཀྱི་གླུ་བ་བདུད་པེའི་གནས་ཚུལ་འདྲ་ཞིག་ཡིན་དུས་མི་སུ་ཡིན་ཡང་ལེགས་སྐྱེས་ཆེ་ཆུང་གང་འབྱོར་རེ་ཁྱེར་ནས་ཁམས་འདྲི་ལ་འགྲོ་འདོད་ངེས།

རེད་ཡ། དེའི་ཕྱི་ཉིན་ཞིག་ནས་ཁོས་སྙན་ངག་འདི་བྲིས་པ་རེད། དེ་བས་ད་སོ་མ་བྲིས་པ་ཞིག་ག་ལ་ཡིན། ལར་རྩོམ་འདི་ངས་བྲིས་པ་ཡིན་ཞེས་ལབ་ཆོག་སྟེ་རྩོམ་ཁོག་ངས་བསྒྲིགས་ཤིང་། ཚིག་སྦྱོར་ལ་ངས་བཟོ་བཅོས་བྱས་པ་ཡིན།

རང་གི་དགེ་རྒན་ཤི་བ་ལ་སྒུག་མཁན་གྱི་ཁོའི་རྫུན་རྐུབ་དེ་ངས་སྐད་འཕྲིན་ནས་གྲོགས་པོ་དག་གི་སྔུན་དུ་བརྟོལ་དགོས་སྙམ་ནས་ཁོའི་སྦྱར་ཡིག་དེའི་འོག་ཏུ་ཡི་གེ་འབྲི་མགོ་བརྩམས།

ཁོ་ངའི་ཉལ་ཁང་ནང་དུ་འཛུལ་བྱུང་། ཆང་དེམ་གཉིས་ཀྱི་ཁ་ཕྱེ་ནས་འདི་གཙང་བཞེས་གནོངས་ཟེར། གདོང་ལ་སྔོན་ཆད་མཐོང་མ་མྱོང་བའི་ཉམས་ཤིག་ཤར་འདུག འདི་འདྲ་ཞིག་ཁོའི་གདོང་ནས་མཐོང་བར་དཀའ། དེ་ནི་ཕ་མ་དྲན་པའི་བྱིས་པ་ཞིག་རང་གི་ཕུ་བོ་དང་། ཡང་ན་ཨ་ཅེ་གང་རུང་གི་ཟུར་ལ་སོང་ནས་གཅེས་སློང་བ་དང་འདྲ། གློ་བུར་དུ་ངའི་བསམ་ཚུལ་འགྱུར་སོང་། མི་འགྱུར་བ་ནི་སྐར་ཆ་གཅིག་གི་ཡུན་ལས་མི་དགོས་པ་འདྲ། དེ་ལས་ཀྱང་ཡ་མཚན་པ་ཞིག་ལ་དེ་དག་ཁོའི་རྒྱུན་རིང་བའི་འཆར་གཞི་ཞིག་ཡིན་པས་གོང་བཀུར་བྱ་འོས་སྙམ་བྱུང་། འདི་ངོ་མཚར་བ་ཞིག་རེད་མོད། ངས་སྒྲུང་གི་ནང་དུ་མི་ཞིག་འདི་ལྟར་འགྱུར་དུ་འཇུག་ཐུབ་མ་མྱོང་།

“ཡ་འདི” ཁོས་ཧད་ནས་སྡོད་པའི་ང་ལ་ཆང་དེམ་ལེན་པར་བསྐུལ། ངས་ཁོ་ལ་འཐུང་རོགས་བྱས།“ཁྱོད་ཀྱིས་རྩོམ་འབྲི་བཞིན་ཡོད་དམ། ” ངས་ཡོད་པའི་བརྡ་ལ་མགོ་བོ་ལྡེམ་ཙམ་བྱས། “ཁྱོད་ནི་རྒྱུན་འཁྱོངས་ཅན་ཞིག་རེད། ང་ལྟ་བུ་ཞིག་མིན་པར་སྨོན། ངའི་རླུང་རྟ་འདི་གང་ལ་བཏང་ཡང་རྒྱུག་ཁ་མི་ཉན” ཞེས་ཤུགས་རིང་ཞིག་འཐེན།

ངེད་གཉིས་སྔ་གཞུག་བྱས་ནས་འགྲུལ་ཁང་དུ་སོང་། ཁོས་སྔོན་ནས་གླུ་བ་བདུད་པེའི་པར་ཞིག་གྲ་སྒྲིག་བྱས་འདུག དེ་ནས་ངེད་གཉིས་ཀྱིས་སངས་རྒྱས་ཀྱི་སྐུ་བརྙན་དེ་རྒྱབ་ཕྱོགས་ཤིག་ཏུ་བཞག་ནས་དེའི་ཤུལ་དུ་བདུད་པེའི་འདྲ་པར་བཞག་རྗེས་གསར་དུ་ཉོས་པའི་སྒྲོན་མེ་དང་སངས་རྒྱས་ལ་མཆོད་རྒྱུའི་སྤོས་དེ་ལས་འགའ་ཞིག་བསྒྲོན། དེ་དག་འདྲ་པར་རེ་བླངས་ནས་གཞན་ལ་བསྐུར།

ལན་རེར་ཁོས་ཁྱིམ་ལ་གད་བདར་བྱེད་ཅིང་། ཅ་ནེ། ཕོར་པ། ཐུར་མ་སོགས་བཀྲུ་བཤལ་བྱེད་སྲིད་ལ། དེ་རིང་ཡང་དེ་ལྟར་བྱས་འདུག ལས་ཀ་དེའི་རིགས་ཁོས་བསྒྲུབས་པ་མང་།

ངེད་གཉིས་ཀྱིས་འགྲུལ་ཁང་དུ་མུ་མཐུད་དུ་ཆང་འཐུང་།“ངས་བལྟས་ན་ཁྱོད་ཀྱིས་རང་ལ་དེ་འདྲའི་མཐོང་ཆུང་བྱེད་མི་འོས། ཁྱོད་རང་བརྩོན་པ་ཆེ། དྲང་མོར་བཤད་ན་ཁྱོད་ཀྱིས་བྱ་བ་མང་པོ་ཞིག་བསྒྲུབས་ཡོད”ཅེས་སེམས་གསོའི་ཚུལ་དུ་བཤད། གང་ལྟར་ཆང་དེམ་ཚུར་བསྲིངས་ནས་གཏུག་ཅིང་ཧུབ་ཀྱིས་བཏུང་། “འཐུངས། འདི་དགེ་རྒན་(དགེ་རྒན་མིན)བདུད་པེ་དགའ་བའི་ཆང་དེ་རེད། ཉིན་དེར་ང་ཁོང་ལ་ཐུག་ཏུ་འགྲོ་དུས་ཁོང་གིས་ཆང་འདི་བཞེས་བཞིན་འདུག ད་སྔོན་ཆང་བཏུང་མྱོང་མེད་པའི་ང་དང་ངའི་གྲོགས་མོ་ཞིག་གིས་ཉིན་དེ་ནས་བཟུང་བདུད་པེའི་ཆང་འདི་བཏུང་མགོ་ཚུགས་པ་ཡིན”ཟེར་བཞིན་ཆང་གཏུག་ཅིག་བརྒྱབ། ཁོས་སྔོན་ནས་མི་ཉུང་བ་ཞིག་འཐུངས་ཟིན།

ཁོ་དེ་རིང་དངོས་གནས་སེམས་སྐྱོ་ཡོད་པ་འདྲ། “སྤུན་ཟླ་ཁྱོད་ཀྱི་སེམས་ཤིག་ལ་རྒྱུ་འབྱོར་བ་འདི་མེད་ཐབས་མི་འདུག་སྙམ་ངེས། དེ་ནི་དངོས་གནས་ནོར་འདུག” ཟེར། “ཨ། ཅི་ཟེར།”

“ཅི་རེད། བདེན་པ་མ་རེད་དམ།”

མི་ཟེར་བ་རྟོགས་དཀའ་བ་ཞིག་རེད། སྐད་ཆ་འདི་དག་ཀྱང་ཁོའི་ངག་ལས་ཐོན་པ་ནི་བསམ་ཡུལ་ལས་འདས་པ་ཞིག་མ་ཡིན་ནམ། སྒྲུང་གི་མི་སྣ་ཡང་འདི་འདྲའི་འགྱུར་ལྡོག་བློ་ཡུལ་ལས་འགོངས་པ་ཡོད་འོས།

“ཁྱོད་ཀྱིས་བལྟས་ན་ང་རང་རྒྱུ་འབྱོར་ལོངས་སྤྱོད་ལ་དགའ་མཁན་ཞིག་རེད་དམ”ང་རང་སྟོང་བསམ་གྱི་ནང་ནས་ཕྱིར་ཐོན་ཞིང་། ཡང་ལན་གང་ཞིག་སྟེར་དགོས་མ་ཤེས་པར་ཅུང་ཙམ་ལུས་དུས་ཁོས“ཧིན། ཁྱོད་ཀྱིས་མ་བཤད་ཀྱང་ངས་ཤེས། ཁྱོད་ཀྱི་སེམས་ཤིག་ལ་ང་ནི་རྒྱུ་ལས་ཅི་ཡང་མི་དགོས་མཁན་ཞིག་རེད་བསམ་བཞིན་ཡོད་ངེས”ངས་བཟི་ལ་ཉེ་བའི་བཟོ་སྟོན་བཞིན“ཨུན། རེད་དམ”ཞེས་ལན་བཏབ། ཅུང་ཙམ་དགའ་བའི་ཉམས་ཀྱིས“ཧིན། ཁྱོད་ལ་བཤད་རུང་གོ་བ་ལོན་མི་སྲིད། ཁྱོད་རང་ལ་གཏན་ཆགས་ཀྱི་ལས་གནས་ཡོད་པ་རེད། སེམས་ཁུར་ཅི་ཞིག་ཡོད།”“ཨ། འོ།”ངས་ལན་སྟབས་བདེ་ཞིག་བཏབ་ནས་ཆང་བཏུང་དགོས་པས་ལན་འདེབས་ཁོམ་མེད་པའི་བཟོ་བསྟན།

རང་གིས་ཚོར་དུས་ངས་ཀྱང་དེམ་བུ་གང་འཐུངས་ཚར་འདུག མི་ཚོས་ཕྱི་ཚུལ་ལ་སྟོབས་མདོག་དང་རྫིག་མདོག་ཅི་འདྲ་བྱས་རུང་ཚང་མར་ཤིན་ཏུ་སྙི་བའི་ངོས་རེ་ཡོད་འདུག ཁོར་ཡང་དེ་འདྲའི་སེམས་སྙི་མོ་ཞིག་ཡོད་པ་སུ་ཞིག་གིས་ཤེས། རྟོགས་དཀའ་བའི་མི་སེམས་ཀྱི་འདུ་ཤེས་སྣ་ཚོགས་པ་འདི་མཚོན་པའི་ཐབས་ཤིག་ནི་ལོས་ཡོད་ཨང་། འོན་ཀྱང་ང་ཚོས་བྲིས་པའི་མི་དག་ནི་འཇིམ་སྐུ་ལྟ་བུ་ཞིག་ཡིན་སོང་།

“བཞེས།” “ གཙང་བཞེས། ”

“སྤུན་ཟླ། འཇིག་རྟེན་འདི་ནས་རྒྱུ་ལོངས་སྤྱོད་མེད་ན། གླུ་བ་ཡང་བྱེད་མི་ཐུབ་ལ། རྩོམ་པ་པོ་ཡང་བྱེད་མི་ཐུབ། བྱ་བ་གང་ཞིག་སྒྲུབ་ཀྱང་གཞན་གྱི་མིག་ལམ་དུ་ཡོད་མི་སྲིད། འོན་ཀྱང་སྒོར་མོ་ཡོད་ན་འདྲ་ནི་མ་རེད”དེ་དུས་ང་ཡང་བཟི་ཡོད་པ་འདྲ། གང་བྱུང་དུ“ཁྱོད་ཀྱིས་བཤད་པ་དངོས་གནས་བདེན། གཙང་བཞེས”ཞེས་ལན་བཏབ། “ད་རུང་ངས་བཤད་མ་ཟིན། 

“ཨེ། ཁྱོད་རང་གིས་རྩོམ་པ་པོ་བྱེད་འདོད་ན། སྔོན་ལ་སྒོར་མོ་འཚོལ། སྒོར་མོ་ཡོད་ན་རྩོམ་རིག་གི་ཤེས་བྱ་ཅུང་ཙམ་ཞིག་ཤེས་པས་ཆོག”ཁོ་ལ་ལྟ་ཚུལ་འདི་འདྲ་ཞིག་ཡོད་པ་དེ་ལན། དོན་དུ་ཁོ་ལ་རྡུང་ལེན་པ་ཞིག་བྱེད་འདོད་ཡོད་ཀྱང་རྡུང་ལེན་སྐོར་གྱི་ཤེས་བྱ་མང་པོ་ཞིག་མི་ཤེས། ལན་རེར་ང་ལ་འདྲི་བས་ངས་ལན་སྟབས་བདེ་རེས་ཁོ་ལ་མགོ་གཡོག་ཆོག་ཆོག་རེད།

ངས་ཚོད་ཚོད་ལ་ཨ་མ་དྲན། དེ་བས་ཁོ་རང་བཟི་ནས་རང་གཤིས་སྟེང་དུ་སླེབས་གྲབས་འདུག་མོད། ཁོ་ལ་སྒོར་མོའི་ཕྱོགས་ནས་རྩོད་གླེང་མ་བྱས། སྤྱིར་ང་རང་རྩོད་པ་ལ་སུན་པས་རྒྱུན་དུ་ཐབས་གང་ཡོད་ཀྱིས་བཤོལ་ཐབས་བྱེད་པ་ཡིན། ཨ་མས་ཆང་བཏུང་ན་དགག་པ་རྒྱག་ངེས། ཆང་བཏུང་ན་ཉིན་འགའ་ལ་ཁོག་མི་བདེ་བ་ཞིག་ཏུ་ཆགས་ངེས། མོ་ལ་དེ་འདྲའི་མྱོང་བ་མེད་རུང་མོ་ལ་རང་གི་རྒྱུ་མཚན་རེ་ཡོད་པ་རེད། “ང་སང་ཉིན་ནས་ཕྱིར་ཡུལ་ལ་ལོག་རྒྱུ་ཡིན། ངས་ཨ་མ་དྲན་བཞིན་འདུག” “ཨ་ཅི་ཟེར། འགྲོ་རྒྱུ་ཡིན་ནམ།” “ཨུན། ཁྱོད་ཀྱིས་མི་ཤེས། སྤྱིར་ང་ལ་འཇིག་རྟེན་འདིར་ཨ་མ་ལས་དགའ་ཞིག་མེད།” “ངས་ཤེས། ངས་བལྟས་ན་དེ་འདྲ་ཞིག་རེད།” “ཁྱོད་ཀྱིས་མི་ཤེས། ང་རང་ཨ་མ་ལ་ཐུག་རྒྱུར་ཤིན་ཏུ་སྐྲག ” “ཁྱོད་ཀྱི་ཨ་མ་དེ་འདྲའི་བཙན་པོ་ཞིག་ཡིན་ནམ།” “མིན། ཆེ་ཡིན།” “ཆོག་གི། དེ་འདྲའི་དོན་དག་རྣམས་སྐྱུར་ཅིག”

“ང་འདྲ་ང་ངོ་མ་ཤེས་ན། ང་གླུ་བ་གངས་ལྗོངས་ཁུ་བྱུག་སྔོན་མོ་ཡིན། ཁྲོ་ཁོའི་བདུད་འདུལ་རྡོ་རྗེ་ཡིན”ཞེས་ཁོས་ལག་པས་མདུན་ཅོག་གི་ངོར་གཞུས། “དེ་དུས་ང་རང་དགེ་རྒན་བདུད་པེ་ལ་ཐུག་དུས་ཁོ་ཆང་གིས་བཟི་ནས་དེ་སྐད་ལབ་བཞིན་འདུག ངེད་ཅག་གིས་གླུ་ཞིག་ལེན་རོགས་ཞེས་པར་ཁོང་གིས་ང་ཚོར་གླུ་དེ་བླངས་སོང། ང་དགེ་རྒན་བདུད་པེའི་སྐད་དང་དགེ་རྒན་བདུད་པེ་གཉིས་ལ་དགའ་བ་གཅིག་མཚུངས་ཡིན།” “ང་ཡང་དེ་འདྲ་ཡིན། ང་ཡང་སེམས་སྡུག་གིན་ཡོད།” “དེ་དུས་ཀྱང་ཁོང་བཟི་ནས་འདུག ང་ཆང་གིས་བཟི་བའི་དགེ་རྒན་བདུད་པེ་ལ་དགའ།” “ང་ཡང་དེ་བཞིན་ནོ། །”

“ངའི་མི་ཚེ་འདིའི་ཕུགས་འདུན་ཆེ་ཤོས་དེ་ནི་དགེ་རྒན་བདུད་པེ་དགེ་རྒན་ལ་བསྟེན་ནས་རྡུང་ལེན་པ་ཞིག་བྱེད་རྒྱུ་དེ་ཡིན། ད་ནི་ང་ཚར་སོང”ཟེར།

སྔོན་ཆད་ཁོ་གླུ་བ་བདུད་པེ་ལ་དགའ་རབ་བཤད་རུང་ངའི་རྣར་འགྲོ་མི་སྲིད། རྒྱུ་མཚན་ཁོས་དམིགས་ཡུལ་གཞན་རེའི་ཆེད་དུ་དེ་ལྟར་རྫུན་མང་པོ་གཏམ་མྱོང་། ཕན་ཁེ་ཆུང་ངུ་རེའི་ཆེད་དུའང་ཁོས་མི་གཞན་གྱི་མགོ་སྐོར་བར་ཐེ་ཚོམ་བྱེད་མི་སྲིད། ཁོ་རང་དངོས་གནས་མགོ་གཡོག་པར་གོམས་བསྡད་ཡོད་པ་རེད། གཡོག་མ་ཟིན་བར་དུ་སུ་ཞིག་གིས་ཤེས་སམ།

“ང་དང་མ་བྱིས་པ་ཡིན་དུས།

ངའི་ཡན་གི་སྐྱིད་ཅིག་མེད་གི་བསམས།

ང་དང་སང་ས་མཐའ་ལྷུང་དུས།

ངའི། ངའི། ངའི་དྲིན་ཆེན་ཕ་མ།

ངའི་དྲིན་ཆེན་ཕ་མ་གང་ན་ཡོད།”

རྡུང་ལེན་དེ་སུས་བླངས་པ་མ་ཤེས་ཕལ་ཆེར་མཉམ་ལེན་ཡིན་ངེས། ཁོས་ནམ་ཞིག་ཁྱེར་ཡོང་བ་མ་ཤེས་མོད། ཡུན་རིང་ལ་བརྡུང་མ་མྱོང་བའི་མན་ཐོ་ལེན་ཡང་དེར་སླེབས་ནས་ཁོས་རྡུང་བཞིན་འདུག

ང་ལ་སྐད་ངག་བདེ་མོ་ཞིག་ཡོད། ཁོས་ཀྱང་ལན་རེར་ཡིད་སྨོན་པའི་ངང་དབང་མེད་དུ་བསྟོད་པ་བྱེད་སྲིད། དྲང་མོ་བཤད་ན་ངེད་གཉིས་ལས་སྐད་ངག་ནི་ངའི་བཟང་། ང་ལ་རྡུང་ལེན་པ་བྱ་ཆོག་པའི་སྐད་ངག་དེ་ཡོད། འོན་ཀྱང་རྡུང་ལེན་པ་བྱེད་མཁན་ང་མིན་པར་ཁོ་ཡིན་སོང་། “འཐུངས། ཆང་ཟེར་བ་འདི་དངོས་གནས་ཞིམ་པོ་འདུག” “ལོས་ཡིན། འདི་དགེ་རྒན་བདུད་པེའི་ཆང་རེད་ཡ། ཧ་ཧ་ཧ།”

ངས་རང་ཉིད་ཆེས་དགའ་བའི《ཁེར་རྐྱང་གི་སེམས་པ》བཏང་བས་ཁོས་ཀྱང་སྒྲ་སྙན་དེ་ལྟར་བརྡུངས་བྱུང་། གླུ་ཚིག་ནི་ངེད་གཉིས་ཀའི་བློ་ལ་འདུག

“སྔོན་བསགས་ཀྱི་ལས་དབང་བཙན་པོས། །

ང་སྐྱིད་པོ་འདུག་ན་བསམ་ཡང་། །

སེམས་འདི་ན་མི་སྐྱིད་ནི་ཟིག །

ཅི་འདྲ་བའི་ཞི་ལུ་ལས་ངན། །

སྙིང་གཏམ་ཞིག་གླེང་ན་བསམ་ཡང་། །

བཤད་ས་ནི་གཅིག་ཀྱང་མི་འདུག །

ཨ་རག་རེ་འཐུང་ན་བསམ་ཡང་། །

ཆང་གྲོགས་ཤིག་འཐུང་རོགས་མི་རྙེད། །

གླུ་དབྱངས་ཤིག་ལེན་ན་བསམ་ཡང་། །

སྙན་མོ་ཞིག་ཡོང་བ་མ་རེད། །

མི་སྙན་པའི་གླུ་ཞིག་བླངས་ན། །

སྡེ་བ་ཚོས་འཕྱ་རབ་ཡོད་ཐལ། །

དེ་རག་ལ་ང་ཁ་རོག་བསྡད་ནས། །

རང་སེམས་འདི་གསོ་ཐབས་ཤིག་ལ། །

སྐད་དམའ་མོས་གླུ་གཅིག་ཤོར་ཐལ། །”

དེ་ནས་ངས་ཨ་མ་དྲན་གླུ་ཞེས་པའི་རྡུང་ལེན་དེ་གཅིག་པུ་ལ་རང་གིས་སྒྲ་དཀྲོལ་ཤེས་ཀྱི་ཡོད་པས“ངས་ཨ་མ་དྲན་གླུ་ལེན་དགོས”ཞེས་མན་ཐོ་ལེན་ཚུར་སྟེར་དགོས་པའི་བརྡ་བསྟན་པར་ཁོས“ཁྱོད་ཀྱིས་ཨ་མར་བཀའ་དྲིན་ཆེ་ཞེས་ཁ་ཡག་ཅིག་བཤད་ན་ཆོག་པ་རེད། ཨ་མ་ཚོ་ལ་རེ་བ་མང་པོ་ཡོད་མི་སྲིད” ཁོས་མིག་བཙུམ་མ་འབྱེད་ཀྱི་ངང་ལག་གཡོན་པས་མན་ཐོ་ལེན་ལ་འཆང་ཞིང་། ལག་གཡས་པས་ཕྱག་རྒྱ་སྣ་ཚོགས་དང་བཅས་དེ་སྐད་ཟེར། “ངས་ཀྱང་དེ་ལྟར་འདོད་མོད། འོན་ཀྱང་བཀའ་དྲིན་ཆེ་ཟེར་བ་དེ་ཁ་ནས་འབུད་རྒྱུ་དེ་འདྲའི་དཀའ་དོན་ཅི་རེད། ངས་ཟེར་ཐུབ་ཀྱིན་མི་འདུག” “དེ་འདྲའི་ལས་སླ་བ་ཞིག དེ་ཁ་ནས་མི་ཐོན་རྒྱུ་ཅི་ཡོད།” “འོན་ཀྱང་ཁོ་ཚོས་སྐད་ཆ་དེར་བསྒུག་ཡོད་ངེས།” “རེད། ཡོད་ངེས།” “རེད། མ་རེད། ངས་བལྟས་ན་ཁྱོད་རང་མཛའ་བརྩེ་མེད་མཁན་ཞིག་རེད།” “ཨ། འོ། ངས་ཀྱང་དེར་འདང་རྒྱག་གིན་ཡོད།” “འོ། རེད་དམ།” “རྫུན་བཤད་པས་ཅི་བྱེད།”

ཁང་པའི་ནང་གློག་དེ་འདྲ་མི་གསལ་བ་ཞིག་ཡོད་པ་དེ་བསྒྲོན་ཡོད། དེ་བསྒྲོན་དུས་གློག་དཀར་འཚུབ་དམར་འཚུབ་བྱེད་པ་འགའ་ཡང་རང་བཞིན་གྱིས་གར་ཡོང་ལ། དེ་ནི་ཆང་ཁང་ཞིག་དང་ཤིན་ཏུ་འདྲ། གློ་བུར་དུ་ཆང་ཁང་ཞིག་ནས་དོན་དག་ཡག་ཤོས་ཤིག་གི་མགོ་བརྩམས་པ་དང་། དེའི་མཇུག་ཀྱང་གནས་དེ་ཉིད་དུ་བསྡུས་པའི་སྒྲུང་ཞིག་རབ་རིབ་ངང་ངའི་ཡིད་ལ་སླེབས། དེས་ང་རང་ཁང་པ་འདི་ལས་ཕྱི་རོལ་ཏུ་བསྐྲད་སོང་།

“ཨེ། ཅི་ཞིག་ལ་འདང་རྒྱག་གི་ཡོད། ”“ཨ། འོ་ཅང་མ་རེད།”“ཁྱོད་རང་ནམ་རྒྱུན་ཧད་ནས་ལུས་རྒྱུར་གོམས་འདུག དེ་རྩོམ་སྒྲིག་གི་ལས་ཀ་ལས་མཁན་དག་གི་ནད་ཅིག་ཡིན་ནམ”ཞེས་ཟུར་ཟ་དང་སེམས་ཁུར་གྱི་སྐད་ཆ་གང་ཡིན་མི་ཤེས་པ་ལྟ་བུ་ཞིག་བཤད“ཡོད་དམ། ” “འོ་ལེ།”“འོ།”

“དེ་རིང་ཁྱོད་གཉིས་ཀ་ངོ་ཐུག་གམ།” “སུ་ཟེར་བ་ཡིན”ཞེས་དྲིས། “སེམས་ཤོར་ཤོར་ལ། ཁ་ནས་ཕུད་མི་ཐུབ་པ་ཅི་ཡོད”ཟེར། ཁོས་གནས་ཚུལ་དེ་ཇི་ལྟར་ཤེས་པ་ཡིན་ནམ། ང་ཟམ་ཁ་དེ་རུ་ཧད་དེ་སྡོད་སྐབས་ཁོས་རྒྱབ་ནས་མཐོང་སོང་བ་ཡིན་ནམ། ཡང་ན་མ་ཚོར་ས་ནས་ངའི་ལས་ཁུངས་སུ་རྩད་གཅོད་དུ་ཡོང་བ་ཡིན་སྲིད་དམ། གང་ལྟར་ཁོ་རྒྱུན་དུ་ཁོམ་ནས་ཡོད་པ་རེད། ངས་ཅི་བཤད་ན་འགྲིག་པ་མི་གོ་བས། ཁྱོད་རང་གི་བསམ་ཚུལ་ཙམ་ལས་དེ་འདྲའི་གནས་ཚུལ་ཞིག་གཏན་ནས་མེད་པའི་ཉམས་བསྟན།

ངས་མན་ཐོ་ལེན་པང་དུ་བླངས་ནས་གླུ་ལེན་མགོ་བརྩམས།

ཤར་ཕྱོགས་རི་བོའི་རྩེ་ནས། །

དཀར་གསལ་ཟླ་བ་ཤར་སོང་། །

དཀར་གསལ་ཟླ་བ་ཤར་དུས། །

དྲིན་ཆེན་ཨ་མ་དྲན་སོང་། །

དྲིན་ཆེན་ཨ་མ་དྲན་ནས། །

མིག་མཐའ་མཆི་མས་གང་སོང་། །

ཡར་འབྲོག་གཡུ་མཚོའི་ཁ་ན། །

ངང་པས་ངང་ཕྲུག་ཁྲིད་སོང་། །

ངང་ཕྲུག་ཨ་མ་མ་དྲན། །

ང་རང་ཨ་མ་དྲན་སོང་། །

“ཤོད།”“ ཅི་ཞིག”“བཀའ་དྲིན་ཆེ། ཞེས་ཤོད།” ངས་གོང་གི་གནས་ཚུལ་དེ་ད་དུང་གླེང་བཞིན་འདུག་བསམ་ནས་རྒྱུ་མཚན་འདྲི་རྩིས་བྱེད་སྐབས“ཤོད་དང་ཁྱོད་ཀྱི་ཨ་མས་ཚོར་ངེས”ཟེར་ནས་བསྐུལ།“བཀའ་དྲིན་ཆེ། ” “སྐད་མགོ་མཐོན་པོ་བྱོས།” “མིན། མ་རེད། ”“ཡིན། ད་ཡིན།”“ཨང་ཧང་། ” “ཡ་རེམ། ”“བཀའ་དྲིན་ཆེ། བཀའ་དྲིན་ཆེ། …”ངས་སྐད་མགོ་རིམ་གྱིས་ཇེ་མཐོར་བཏང་ནས་སྐད་ཆ་དེ་དབུགས་ཐེངས་གཅིག་ལ་མ་ཎི་འདོན་པ་ལྟར་བཏོན། གང་ལྟར་སེམས་ཅུང་ཙམ་བདེ་སོང་།

“ཧ་ཧ་ཧ། གླེན་པ།”ཁོས་ངའི་མགོར་ལག་པས་ཅུང་ཙམ་བརྡེག ང་ལ་དབང་མེད་དུ་མིག་ཆུ་བཞུར་བྱུང། ལག་གི་མན་ཐོ་ལེན་རང་གི་གཡས་ཕྱོགས་ཀྱི་འདུག་སྟེགས་སུ་བཞག་ནས་ལག་པའི་འཆང་བ་གཉིས་ཀྱིས་མིག་གཉིས་ཀ་འཕུར། གྲུ་མོ་གཉིས་པུས་མོའི་སྟེང་ལ་བཞག་ནས་ཅུང་ཙམ་འགོར་བ་ན་ཁོས་ངའི་དཔུང་པ་ནས་འཐེན་ཏེ་ཆང་དེམ་བྱིན་བྱུང་།

ཁོས“ཧ་ཧ་ཧ།” ངས“ཧ་ཧ་ཧ།”

དེ་ནས་ངེད་གཉིས་ཡུན་རིང་ཞིག་ལ་བགད།

“ན་ནིང་ཐང་དཀར་རྒོད་པོ་ཞིག

སྤྲིན་གྱི་བང་རིམ་བརྟོལ་ནས་གནམ་འཕང་གཅོད།

ད་ལོ་ནམ་མཁའི་སྐར་མདའ་བཞིན།

ཡུལ་ཕྱོགས་གང་ལ་ཕེབས།”

ཞེས་སྙན་ངག་གྱེར། དེ་ནས་ཡང་ངེད་གཉིས་ཡུན་རིང་ཞིག་ལ་ངུས།

“ཨེ་ཡིན།”

“ཡིན་ཡིན་ཡ།”

“བྱ་བརྒྱ་མང་པོ་དགོང་ལ་འཕུར་སོང་།

གཤོག་རྩལ་མེད་པའི་བྱིའུ་ཆུང་ང་ལུས་སོང་།

བྱ་བརྒྱ་གན་ཚོ་གཤོག་རྩལ་རྒོད།

འཛམ་གླིང་རིག་པའི་སྤོབས་པ་འདུག

ཉི་ཟླར་མཇལ་བའི་སེམས་པ་ཡོད་གི

ལས་དབང་ཡོད་གི

ཨ་མདོའི་བུ་ཆུང་ང་རང་།

སྒྲ་སྙན་འདི་ཡི་དབྱངས་ལ་འདྲེས་ནས།

མི་ཚེའི་སྐྱིད་སྡུག་རོལ་ཡོད།

ཆུ་དང་འདམ་ལ་འདྲེས་ནས་བུད་ཐལ།

རྫ་ཆུ་བསིལ་མའི་ཀློང་ལ་འདྲེས་སོང་།

སྐྱིད་སྡུག་འདི་ཚོ་གར་སོང་མ་ཤེས།

བཤད་གི་བཤད་གི་ངོ་མ་ཅང་མེད་ཀི

གླེང་གིན་གླེང་གིན་གླེང་ས་ངོ་མ་ཞིག་ཀྱང་མེད་ཀི

སྐྱིད་སྡུག་འདྲེས་མའི་བར་མཚམས་ཤིག་ནས།

དེ་རིང་འཕྲད་པའི་གྲོགས་ཁྱོད་བཤད་ནོ།

ངོ་མའི་ནང་གི་ངོ་མ་ཞིག་ཡིན།

གྲོགས་པོ་ཁྱོད་ཀྱི་སེམས་པའི་གཏིང་ནས།

ང་ཡི་གཞས་ཆུང་ཕྲ་མོ་འདི།

ནམ་ཡང་བརྗེད་གི་མ་འཇུག་གྲོགས་པོ། ”

བདུད་པེ་ཆང་གིས་བཟི་རྗེས་ཚིག་དང་དབྱངས་འདི་འདྲ་ཐོལ་བྱུང་དུ་བབས་ཡོང་ཟེར། དེ་ནི་རྡུང་ལེན་པའི་བཟི་གཏམ་བཤད་སྟངས་ཤིག་དང་། ནང་གི་ལས་བདའ་དང་འཁང་ར་ཡི་ཆད་དང་བཅས་པ་ཕྱིར་འདོན་ཚུལ་ཞིག་ཡིན་ངེས། ཚིག་དེ་དང་དབྱངས་དེ་སྒྲུང་ནང་བཞིན་གྱི་སྙན་མོ་ཞིག་རེད། འདི་བདུད་པེའི་མི་ཚེའི་ལོ་རྒྱུས་མཚོན་ཐུབ་པའི་གཞས་ཚིག་ཅིག་རེད། ང་ལ་སྒྲུང་གཅིག་བཀླག་པའི་སྤྲོ་དགའ་དེ་བསྐྱེད་སོང་།

དྲ་ལམ་དུ་གླུ་བ་བདུད་པེའི་བརྙན་ཐུང་འདི་འདྲ་ཞིག་ཡར་མར་ལ་སྐུར་བཞིན་འདུག ཁོས་ཀྱང་མན་ཐོ་ལེན་བརྡུངས་ནས་གཞས་དེ་ལེན་བཞིན་འདུག ངས་ཁོ་དང་མཉམ་དུ་དང་། ཡང་ན་གླུ་བ་བདུད་པེ་དང་མཉམ་དུ་བླངས་ཡོད་ངེས།

གཞས་ཚིག་འདི་རྡུང་ལེན་གྱི་ཚིག་དེ་དག་དང་མི་འདྲ་ལ། གཞས་འདི་ལེན་དུས་ཀྱི་བདུད་པེ་ཡང་ནམ་རྒྱུན་གྱི་བདུད་པེ་དང་མི་འདྲ། ཆང་གིས་བཟི་བའི་བདུད་པེ་ཉིན་དེར་ནམ་རྒྱུན་ལྟར་འཛུམ་མདངས་ཤིག་ཤིག་ཅིག་མ་རེད། འདི་བདུད་པེའི་སེམས་ཀྱི་སྙི་ས་དེ་ཡིན་ངེས། མི་སུ་ཡིན་ཡང་འདི་འདྲའི་ངོས་ཤིག་ཡོད་པ་རེད། བདུད་པེ་ལ་དེ་འདྲའི་ངོས་ཤིག་དངོས་གནས་ཡོད་འདུག

དེའི་རྗེས་ཀྱི་དོན་དག་འདི་རྨི་ལམ་ཡིན་ནམ། དངོས་གནས་ཡིན་པའམ། སྒྲུང་དེ་འདྲ་ཞིག་བྲིས་པ་གང་ཡིན་མི་ཤེས་མོད། གང་ལྟར་སེམས་ལ་ན་ཟུག་གཏོང་བྱེད་ཀྱི་གནས་ཚུལ་ཞིག་རེད། གཅིག་བྱས་ན་གོང་དུ་བཤད་ཟིན་པ་དེ་དག་ཆང་འཐུང་གི་བཟི་གཏམ་ཡིན་ཏེ་འོག་ཏུ་འཆད་པ་དེ་གཟོད་ངོ་མ་ཡིན་སྲིད། གང་ལྟར་མི་སྣ་དང་བྱུང་བ་ཞིག་རྟོག་བཟོ་དགོས་ན་རང་ལ་རྒྱུས་ཟབ་པ་དག་ལས་མི་ལེན་ག་མེད་རེད། དེ་བས་དངོས་ཡོད་འཚོ་བ་དང་། འཁྲུལ་སྣང་གི་འཇིག་རྟེན་གཉིས་ཀ་ངས་རྒྱུན་དུ་དབྱེ་བ་འབྱེད་ཐུབ་ཀྱིན་མེད་པས་སྒྲུང་གི་ནང་དུ་དེ་གཉིས་ནོར་འགྲོ་ལ། འཚོ་བའི་ནང་དུའང་དེ་གཉིས་བསྲེས་འགྲོ།

མོ་རང་ཁོ་ལྟ་བུའི་མི་ཁྲེལ་མེད་ཅིག་གི་རྗེས་སུ་འགྲོ་བའི་ཚུལ་རྟོག་བཏགས་བྱས་པས། དེ་ནས་ཆག་སྒོ་གཅིག་གི་འཁྲིས་སུ་སླེབས། གྲོགས་པོའི་ངོ་ཤེས་ཡིན་པའི་བུ་མོ་དེ་ཆེས་ཐོག་མར་ངེད་གསུམ་པོ་ཆང་ཁང་དེ་ནས་འཕྲད། མོ་ཁྱོ་ག་དང་བྱིས་པ་བསྐྱུར་ནས་གྲོང་ཁྱེར་དུ་སླེབས་པ་བདེན་ཡང་། མཛུབ་མོའི་གདོང་ལ་ཡུན་རིང་མཛུབ་དཀྲིས་བརྒྱབ་མྱོང་བའི་ཤུལ་རྗེས་དེ་ལས་གཞན་ཅི་ཡང་མི་འདུག་སྟེ་དེ་འདྲ་དགའ་སྣང་སྤྲོ་སྣང་ཅན་ཞིག་ཡིན་སོང་།

གློ་ཁུག་ལས་ཁ་པར་ཕྱིར་ཕྱུང་ནས་བལྟས་པས། མོས་སྐད་འགའ་བསྐུར་འདུག ངས་མོ་ལ་ཡི་ཆད་དུ་བཅུག་སོང་། མོ་སྒོར་མོའི་ཆེད་དུ་རང་ཉིད་བློས་གཏོང་མཁན་དེ་འདྲ་ཞིག་ཡིན་ཚོད་མི་འདུག ཆང་ཁང་དེར་ཉིན་རེར་འདུ་འབྲལ་བྱེད་བཞིན་པའི་འགྲུལ་བ་དེ་དག་ནང་བཞིན། ཆེས་ཐ་མར་ཡང་ཆང་བརྒྱགས་ཚད་ཅིག་བཏུང་བའི་སྔོན་དེ་མ་ཐག་ཏུ་གནས་དེ་ནས་ཁ་གྱེས་སོང་ལ། དོན་དག་སྡུག་ཤོས་ཚང་མ་ཡང་དེའི་རྗེས་སུ་བྱུང་སོང་།

ཨ་ཙི། དངོས་གནས་ཡིད་སྐྱོ་དགོས་པའི་གཏམ་ངན་ཞིག སྐད་ངན་དེ་མ་ཚོར་གོང་ང་ཕྱི་རོལ་དུ་ཕྱིན་པ་ཡིན་མོད། ཕྱི་རོལ་ནས་ངས་དེའི་སྐོར་ཅི་ཡང་ཚོར་མ་སོང་།

རང་ཉིད་ཟམ་ཁ་ནས་ཐུར་དུ་ལྷུང་ནས་ཚེ་ལས་ཡོལ་ཞིང་དེའི་རྗེས་ཀྱི་དོན་དག་རྣམས་རྟོག་བཟོ་བྱེད་བཞིན་པའི་སྐབས་མི་ཞིག་གིས་འབོད་བཞིན་ང་ལ་འཇུས་བྱུང་།

མོའི་མགོ་ལ་ཆག་སྒོ་དེ་འདྲ་ཞིག་ཡོང་བ་དངོས་གནས་བྱས་ན་ང་ལ་འབྲེལ་བ་ཡོད། འོན་ཀྱང་བློ་བདེ་བ་ཞིག་ལ་ངས་འདི་གྲྭ་པ་ཞིག་ལ་བཤད་དུས་ཁོང་གིས་འདི་ཚང་མ་འཁྲུལ་སྣང་རེད། ཁྱོད་ཀྱིས་ཡོད་ཚད་རང་གི་སྒྲུང་གི་ནང་དུ་བྲིས་པའི་མི་སྣ་ནང་བཞིན་དུ་བལྟ་བར་འོས། དེ་ལྟར་བྱས་ན་གཟོད་བདེན་པ་མཐོང་ནས་དགའ་སྐྱོ་ཐམས་ཅད་རང་དབང་ལ་ཡོང་ཐུབ་ཟེར།

དེ་ལྟར་ན་མི་ཚང་མ་ཆང་འཐུང་ནང་བཞིན་ཞིག་ཡིན་ནམ། སྐད་ཆ་ཚང་མ་བཟི་གཏམ་ལྟ་བུ་ཞིག་ཡིན་ནམ། དྲན་ཚད་དག་ཀྱང་གཟུང་ས་འདོགས་ས་ཡེ་ནས་མེད་པ་ཞིག་ཡིན་ནམ། ངས་ནི་ཅིས་ཀྱང་དེ་འདྲ་ཞིག་ཡིན་ན་སྙམ་སྟེ། དེ་ལྟར་ན་དེ་དག་རྣམ་དབྱེ་འབྱེད་པའི་ངལ་བ་མི་དགོས་ལ། ངས་སྒྲུང་ཇི་ལྟར་བྲིས་ཀྱང་བཀག་རྒྱ་གཏན་ནས་ཡོད་བཟོ་མི་འདུག དེ་བཞིན་མཚོན་ཐབས་ལ་ཚད་མེད་པ་ལྟར་གོ་བ་ལེན་སྟངས་ཀྱང་མཐའ་མེད་པ་ཡོང་ཚོད་དུ་འདུག

དེའི་རྗེས་སུ་རྐྱེན་དེ་འདྲ་ཞིག་ལ་བསྟེན་ནས་ང་རང་ཇི་ལྟར་སྒོམ་རྒྱག་མཁན་ཞིག་ཏུ་འགྱུར་ཚུལ་བཤད་དགོས་པ་རེད་དམ། བསམ་དོན་གྲུབ་ན་མ་འགྲུབ་ན་མཇུག་འབྲས་ཤིག་དགོས་ངེས་རེད། གང་ལྟར་ཡང་འཚོ་བ་དངོས་ལ་སྡོམ་རྒྱག་རྒྱུ་དང་བསྡུར་ན་ཀློག་མཁན་ཡིད་ཚིམ་དུ་འཇུག་རྒྱུ་ནི་སླ་མོ་རེད། ཇི་ལྟར་མགོ་གཡོག་པར་འདོད་ན་དབང་ཆ་འབྲི་མཁན་གྱི་ལག་ན་ཡོད་དེ། ཀློག་མཁན་ལ་འབྲི་མཁན་ནང་བཞིན་གྱི་མི་ལ་ཆ་རྒྱུས་ཟབ་མོ་མེད། དེ་བས་འགྲེལ་བཤད་ཇི་ལྟར་བརྒྱབ་ན་ཁོ་ཚོ་དེ་ལྟར་ཡིད་ཆེས་ངེས།

ཨ་ཙི། དངོས་གནས་ཡིད་སྐྱོ་དགོས་པའི་གཏམ་ངན་ཞིག སྐད་ངན་དེ་མ་ཚོར་གོང་ང་ཕྱི་རོལ་དུ་ཕྱིན་པ་ཡིན་མོད། ཕྱི་རོལ་ནས་ངས་དེའི་སྐོར་ཅི་ཡང་ཚོར་མ་སོང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།