ཀྲུང་གོ་བོད་ཀྱི་དྲ་བ།

སྐར་མ་ཨ་བརྟན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རང་སྐྱེས།   སྤེལ་དུས། : 2022-02-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“ངས་དེ་རིང་ཡང་མི་གཉིས་ལ་རྒྱལ་སྤྱིའི་ཕྱག་རྒྱ་བསྟན་སོང”

“ཨ་ཙི། གཞན་པའི་གཅར་རྡུང་ཉོ་བར་མི་སྐྲག་གམ”

“ཧེ། ད་ལྟ་ཁྲིམས་སྐྱོང་སྤྱི་ཚོགས་རེད། ཚོད་ཚོད་ལ་མིར་གཅར་རྡུང་བྱས་ན་ཆོག་གམ”

གཅིག་བྱས་ན། མིག་རྒྱང་གཅིག་གིས་མགོ་རྔ་གསལ་ལེར་མཐོང་ཐུབ་པའི་གྲོང་རྡལ་འདིར། རྒྱལ་སྤྱིའི་ཕྱག་རྒྱ་ཟེར་ན་ཅི་ཡིན་མི་ཤེས་མཁན་མང་པོ་ཡོད་ངེས། གནམ་ངོ་འདི་ནི་དེ་རིང་ཞོགས་པར་ཡང་སྲང་མདོའི་ཁྱི་ཚོགས་ཀྱིས་ལྡག་པ་བཞིན་མདངས་ཕྲ་མོ་ཙམ་ཡང་མེད། གྲོང་རྡལ་འདིའི་སྲང་ལམ་ཕལ་ཆེ་བ་དོག་དྲགས་ཏེ་རླངས་འཁོར་གཉིས་གཤིབ་ནས་བགྲོད་ཐུབ་པ་ཙམ་ཡིན། གཟའ་ཟླ་བ་ནས་གཟའ་སྤེན་པའི་ཞོགས་པ་དག་ཏུ། སྲང་ལམ་དོག་པོ་འདིར་ལས་ཚོགས་ལ་འགྲོ་བཞིན་པའི་མི་རྣམས་ཀྱིས་ཕན་ཚུན་ལ་སྡང་སྡིག་སྟོན་པར་གོམས་ཡོད་པ་འདྲ། དང་ཐོག་ངས་ལམ་འགྲམ་དུ་ཁ་པར་སྣོག་བཞིན་སྤྱི་འཁོར་ལ་སྒུག་སྐབས། གར་ཡོང་མི་ཤེས་པའི་འཇེབ་འཁོར་ནག་པོ་ཞིག་གིས་ལམ་འགྲམ་གྱི་རྐོ་དོང་དུ་འཁྱིལ་བའི་ཆུ་རྙོག་ངའི་སྟེང་དུ་གཅོལ་ནས་བུད་སོང་། དེ་ནི་ངས་གྲོང་རྡལ་འདིར་རྒྱལ་སྤྱིའི་ཕྱག་རྒྱ་སྟོན་ཐེངས་ཐོག་མ་ཡིན། འཇེབ་འཁོར་ནག་པོ་དེས་ཕྱིར་ལྟ་ཙམ་ཡང་མི་བྱེད་པར་དུ་ནག་ཀྲང་ཀྲོང་དུ་བུད་སོང་། དེ་ནི་ཕལ་ཆེར་ཁག་མི་རྒན་པ་ཞིག་ཡིན་ངེས། མི་ཚེ་ཕྱེད་ཀ་ཙམ་ལ་ལས་རྐང་ནས་ཤི་འཐབ་འབད་འཐབ་བྱས་ནའང་། ཁག་མིའི་གོ་གནས་ལས་ཡར་འཕར་མ་ཐུབ་པས་འཇེབ་འཁོར་ནག་པོ་དེ་ཡང་མི་ལོ་བཅུ་གྲངས་ལྷག་ལ་བསྐོར་བའི་ལོ་ཟླའི་ཤུལ་རིས་ཟབ་མོར་བབས་འདུག

ཉིན་དེ་ནི་ང་ལས་ཚོགས་ལ་འགྲོ་བའི་ཉིན་ཐོག་མ་དེ་ཡིན། ཆེས་ཐོག་མར་གྱོན་པའི་ནུབ་ལྭ་གསར་པའི་སྟེང་དུ་ཁག་མི་རྒན་པ་དེས་ཆུ་རྙོག་གཅོལ་བ་དེས། མི་ལོ་ལྔ་དྲུག་ཙམ་ལ་ཁོང་ཁྲོ་ལངས་མ་མྱོང་བའི་རང་ཉིད་ལའང་བསམ་ཡུལ་ལས་འགོངས་པའི་སྡང་སྡིག་ཅིག་བསྟན་སོང་། ས་རྡུལ་ཆགས་པའི་སྒེའུ་ཁུང་ལས་ངས་ཁོའི་མགོ་སྐྲ་བྱི་ཡོད་པ་མཐོང་། དེ་ནི་ལས་བྱེད་རྒན་པ་ཚོར་ཡོད་པའི་ཐུན་མོང་མ་ཡིན་པའི་ཆ་བྱད་ཅིག་ཡིན། ཁེར་མོས་སྲང་མདོ་ནས་གཞན་ལ་སྒུག་སྐབས་ང་འདི་ལྟར་ཉེ་འཁོར་གྱི་བྱ་དངོས་ལ་ལྟ་ཞིབ་བྱེད་པར་གོམས་ཡོད། ཁོ་དེ་ལྟར་དུ་ནག་ཀྲང་ཀྲོང་དུ་སོང་རྗེས། ངའི་ཉེ་འཁོར་དུ་ཞོགས་སྦྱོང་བྱེད་ཀྱིན་པའི་བགྲེས་པོ་བགྲེས་མོ་ཁ་ཤས་ལས་མི་འདུག་པས། ངས་སྡང་སྡིག་སྟོན་ས་དེའང་ཕྱིར་རང་ཉིད་ཀྱི་སྟེང་དུ་འབབ་དགོས་བྱུང་།

ཁྱིམ་ལ་ལོག་རྗེས། ངས་ཉིན་དེར་བྱུང་བའི་དོན་དག་ཡོད་ཚད་བྱིས་པ་འདྲ་མེད་ཅིག་གིས་ཕ་མར་ཞུ་གཏུག་བྱེད་པ་བཞིན་རང་གི་ཆུང་མར་བཤད་པ་ཡིན། སློབ་མཐར་ཕྱིན་རྗེས་མོ་ཡང་གྲོང་རྡལ་འདིའི་སློབ་ཆུང་ཞིག་ཏུ་དགེ་རྒན་གྱི་ལས་གནས་སུ་ཞུགས། ངེད་གཉིས་ཁ་ཕྱོགས་མི་འདྲ་བའི་གནས་གཉིས་སུ་སྤྱི་འཁོར་ལ་བསྡད་ནས་ལས་ཚོགས་སུ་འགྲོ་བཞིན་ཡོད། གྲོང་རྡལ་འདིའི་སྤྱི་འཁོར་དག་ནི་གྲོང་ཁྱེར་ཆེན་པོའི་སྤྱི་འཁོར་དང་མི་འདྲ་བར། མཚམས་རེར་སྐར་མ་ལྔ་དྲུག་ཙམ་ལ་བསྒུགས་པས་ཆོག་ལ། མཚམས་རེར་དུས་ཚོད་ཕྱེད་ཀ་ཡས་མས་ལ་བསྒུགས་དགོས། དེ་བས་ངེད་གཉིས་ནང་བཞིན་སྤྱི་འཁོར་ལ་བསྡད་ནས་ལས་ཚོགས་ལ་འགྲོ་མཁན་ཚོ་རྗེས་སུ་ལུས་པའི་ཉམ་ཉེན་ཆེན་པོ་ཡོད། མཚམས་རེར་དུས་ཚོད་ཕྱེད་ཀ་ཙམ་ལ་བསྒུགས་རྗེས་འབབ་ཚིགས་སུ་མི་རྒན་གཞོན་མང་པོ་འདུས་ཡོད་པས། སྤྱི་འཁོར་ཆུང་ཆུང་དེ་རུ་འཚང་ཁ་རྒྱག་པའི་སྣང་ཚུལ་ཡང་རྒྱུན་པར་འབྱུང་། སྐབས་ཐོག་དེར་ངས་འཚང་ཁ་རྒྱག་མཁན་དེ་ཚོར་རྒྱལ་སྤྱིའི་ཕྱག་རྒྱ་སྟོན་འདོད་ནའང་། མི་ཚོགས་ཀྱི་འདུ་ལོང་ཁྲོད་དུ་ངའི་ཕྱག་རྒྱར་མཉམ་འཇོག་མཁན་ཞིག་མེད།

ལས་གནས་སུ་མ་ཞུགས་གོང་། ངས་མཐོ་སྒང་གི་གྲོང་རྡལ་འདི་ལ་འདི་འདྲའི་བྲེལ་ཟིང་གི་ཉིན་མོ་ཞིག་ཡོད་པ་མཐོང་མ་མྱོང་། གྲོང་རྡལ་འདིའི་འདུ་འཛི་ཆེ་སའི་སྲང་མདོའི་ལམ་གྱི་གཡས་གཡོན་དུ་མཐའ་སྐོར་གྱི་མི་རྐྱང་ཚོས་ཞོན་ཡོང་བའི་འཕྲུལ་རྟས་ཁེངས་འདུག དོན་དངོས་སུ་འཕྲུལ་རྟ་དེ་དག་ལ་བདག་པོ་ཞིག་ཡོད་མེད་ཀྱང་ཤེས་དཀའ། ནངས་སྐྱ་རེངས་བཀྱགས་པ་ནས་དགོང་ཕྱི་དྲོ་རྒྱང་མིག་ཆད་རག་བར་དུ་འཕྲུལ་རྟ་དེ་དག་ལ་གྲག་འགུལ་ཅི་ཡང་མེད། དེ་ནི་སྔོན་ཆད་ཤིན་ཏུ་སྔ་བའི་དུས་ལ་ཁོ་ཚོའི་མེས་པོས་རྟ་དྲེད་སྲང་མདོ་དེར་བཏགས་ཏེ་བསྡད་པའི་སྣང་ཚུལ་དང་ཤིན་ཏུ་ཁ་འཕྲོད། ནངས་སྔ་མོར་ལས་ཚོགས་སུ་འགྲོ་མཁན་གྱི་མི་ཚོགས་འདི་ལ་བྲེལ་བ་ཅི་འདྲ་ཆེ་ནའང་། སྲང་མདོའི་འཕྲུལ་རྟའི་དཔུང་ཚོགས་དེར་བལྟས་པས་ཁྱོད་རང་ཤིན་ཏུ་དལ་བའི་གྲོང་རྡལ་ཞིག་ཏུ་འཚོ་བ་རོལ་གྱིན་པ་ཚོར་ཐུབ།

“འུ་གཉིས་ཀའི་ཟླ་ཕོགས་བསོགས་ནས་ནམ་ཞིག་ལ་ཁང་བ་དང་རླངས་འཁོར་ཁུག་གམ”ངས་དཀར་ཡོལ་བཀྲུས་ཚར་ནས་འབོལ་ཁྲིའི་སྟེང་ཙོག་མ་ཐག མོས་ད་ནངས་ཞོགས་པའི་ཁ་བརྡ་དེའི་མཇུག་སྐྱོང་མགོ་བརྩམས།

“ད་ལོར་ངེད་སྡེ་བའི་རྩྭ་སའི་སྟེང་དུ་ཉི་གློག་གཟུག་རྒྱུ་རེད་ཟེར། དེ་བདེན་ན་ལོ་མཇུག་ཏུ་ཕལ་ཆེར་རླངས་འཁོར་ཞིག་ཉོ་ཐུབ་ངེས”བདུད་ཐང་དུ་ཉི་གློག་འཛུགས་མགོ་བརྩམས་པ་ནས་ཡུལ་མི་ཚོས་ཉིན་མཚན་མེད་པར་རང་གི་རྩྭ་སའི་མུའུ་གྲངས་དང་གསར་དུ་ལས་པའི་ལུག་རའི་རྒྱ་ཁྱོན་བརྩིས་ནས་རང་ལ་སྒོར་མོ་ག་ཚོད་འབབ་པ་དང་། ཚེ་གང་བོར་བཙལ་ཡང་མི་རྙེད་པའི་སྒོར་མོ་དེས་ཅ་དངོས་ཅི་ཞིག་ཉོ་སྒྲུབ་བྱེད་དགོས་པའི་སྐོར་ལབ་གླེང་བྱས་ཏེ་དུས་འདའ་བར་བྱེད།

“ཕ་མ་གཉིས་ཀས་ཁྱོད་ལ་དབང་དེ་ཨེ་སྟེར་སུས་ཤེས”མོའི་གདོང་ལས་ཡིད་མི་ཆེས་པའི་རྣམ་འགྱུར་ཞིག་ངང་ཤུགས་སུ་མངོན་ཡོང་།

“ཨ་རོག ད་རེམ་མར་རླངས་འཁོར་ཞིག་ཉོས་ན་མི་བཟང་ངམ།”

“ད་མ་རེམ་དུས། ཆུང་མ་གཞན་པའི་རླངས་འཁོར་དུ་བསྡད་ནས་ལས་ཚོགས་ལ་འགྲོ་ཉེན་ཡོད་ཨང”ལས་གྲོགས་ཚོས་ལས་ཚོགས་གྲོལ་ཐེངས་རེར། ང་ལ་རླངས་འཁོར་ཉོ་དགོས་ཚུལ་གྱི་གཏམ་ལུང་བ་གང་རྣ་རྒྱབ་ཏུ་སྤུངས་ཡོང་། སྐད་ཆ་དེ་དག་ངའི་རྣ་མདོར་འཚང་ནས་ཐེངས་གང་མང་ཞིག་ལ་རླངས་འཁོར་གྱི་བྱུར་རྐྱེན་ཡང་བཟོ་ལ་ཁད་བྱས། གྲོང་རྡལ་འདིར་ཁ་པར་གཏོང་ཞོར་དུ་ལག་ཡས་ཀྱིས་རླངས་འཁོར་སྐོར་མཁན་ཉུང་ཉུང་མིན། གྲོང་རྡལ་འདིར་རླངས་འཁོར་ཁེགས་པའི་བྱེད་རྐྱེན་གཅིག་ནི་ཁ་ལོ་པ་དེ་དག་ཡིན་པར་འདོད། སྐབས་དེ་དག་ཏུ་ངས་ལག་པ་ཡ་གཅིག་སྟ་ཁུག་ཏུ་བཙུགས་ཏེ་སྲང་མདོ་ནས་སྲང་རྔའི་བར་དུ་སྡིགས་མོ་ཐེངས་གཅིག་བྱེད་འདོད་མོད། རང་ཉིད་ལ་འཕྲུལ་རྟ་སྒ་ཉག་ཅིག་ཀྱང་མེད་པས་རྐང་ཐང་ཞིག་གིས་རྟ་བདག་ཚོར་ཀི་འདེབས་པར་རྒྱུ་ཉེར་ལེན་ཅི་ཡང་མི་ཚང་བས་ཁ་རོག་གེར་མི་སྡོད་རང་སྡོད་ཡིན།

“སང་ཉིན་ངའི་གྲོགས་མོའི་སྐྱེས་སྐར་རེད། ཁྱོད་ཀྱང་འབོད་ཀྱིན་འདུག ལག་སྟོང་དུ་སོང་ན་འོས་མེད་ཅིག་རེད། ལེགས་སྐྱེས་ཉོ་རྒྱུ་མ་བརྗེད།”

“ཁྱོད་ལ་དོན་དམ་གྲོགས་མོ་ག་ཚོད་ཡོད་དམ། ཟླ་སྔོན་མར་རོལ་བ་མིན་ནམ།”

“ཨ་རོག་རྒད་པོ། གྲོགས་བརྒྱ་ཡོད་རུང་ཉུང་སྟངས་ཟེར་བ་མི་ཤེས་སམ།”

ངས་མུ་མཐུད་དུ་མོ་དང་མོའི་གྲོགས་མོའི་སྐོར་གླེང་མ་འདོད་པས་ཁ་བརྡ་དེའི་མཇུག་བསྡུས། བུད་མེད་འདི་ཚོར་ལེགས་སྐྱེས་སྟབས་བདེ་ཞིག་ཉོས་པས་མི་ཆོག སློབ་གྲྭའི་ནང་ནས་དགའ་རོགས་མ་བཙལ་བའི་ངའི་གྲོགས་པོ་དེ་ཚོའི་ཁྲོད་ན། གཉེན་སྒྲིག་བྱས་ཡོད་པ་གཅིག་ཀྱང་མེད།

“ཨ་ལས་ངན། ད་སྡུག་རབས་དེ་མ་བཤད”ཕལ་ཆེར་ཁོ་ཚོ་སུར་ཐུག་ཀྱང་བསམ་བཞིན་མ་ཡིན་པའི་ངང་དངན་པ་རིང་མོ་ཞིག་འཐེན་པར་གོམས་ཡོད།

“དེང་སང་དགའ་རོགས་འཚོལ་བ་ནི་ཉོ་ཚོང་རིགས་ཤིག་ཡིན།”

“ཨོ་ལེ། ཁྱོད་ལ་མ་རྩ་ནོགས་མོ་མེད་ན་ཉོ་ཚོང་ཁྲོམ་ར་དེར་རང་དགར་འགྲོ་རྐྱང་མིན། ཁ་ལོག་ཚིག་ལོག་གང་ནས་ཉོ་མིན་མི་ཤེས།”

བདེན་ཏེ། ཁོ་ཚོས་ངའི་སྟེང་ན་ཡིད་སྨོན་འཆོར་ས་གཅིག་ཡོད་པ་ནི། ངས་ཆུང་མ་བླངས་ཡོད་པ་དེ་ཡིན། དེ་ནི་ངས་ཁོ་ཚོར་ཐུག་ཐེངས་རེ་རེར་ཇ་ཞོར་གྱི་ཁ་བརྡའི་ཁྲོད་ནས་རྟོགས་ཐུབ། མིའི་མིག་འོད་ཀྱིས་རྫུན་གཏམ་མི་སྲིད། ཉིན་མོ་དཀར་དཀར་ལ་ཁོ་ཚོའི་མིག་ལས་འོད་མདངས་ཤིག་འཕྲོས་ཡོང་། དེ་བས་རྣམ་ཀུན་སྤྱི་འཁོར་དུ་བསྡད་ནས་ལས་ཚོགས་ལ་འགྲོ་ཐེངས་རེར། ངས་རང་ཉིད་ཀྱང་མེད་པོ་ནག་རིལ་ཞིག་མིན་པར། མ་མཐའ་ཡང་ཆུང་མ་བླངས་ཡོད་པའི་འབྱོར་འབྲིང་ཞིག་ཏུ་ཁས་འཆེས་ཀྱིན་ཡོད།

གྲོང་རྡལ་འདིར་ཟླ་བཅུ་པ་ཙམ་ནས་དགུན་ཁ་སླེབས་པ་དང་འདྲ། ངེད་གཉིས་སྡོད་སའི་ཁང་མིག་ཁ་བྱང་ལྟ་དེར་དགུན་ལྭ་མ་གྱོན་ན་རང་དབང་མེད་པར་སོ་ཐམ་ཐམ་བྱེད། གྲང་ངར་ཁ་རོག་གེར་འཇབ་ཡོང་བར་སྐྲག་ནས་ངས་སྒེའུ་ཁུང་དང་སྒེའུ་ཡོལ་སྲུབས་མེད་པར་བྱས། ཁྱིས་ལྡག་པ་ལྟ་བུའི་གནམ་ངོ་འདི་ལས། དུས་ངེས་མེད་དུ་ཁངས་ཆར་བབས་ཡོང་། དྲོད་རླངས་གཏོང་བར་ད་དུང་ཉིན་ཁ་ཤས་ཡོད་པས། ངས་དྲ་ཐོག་ནས་ཁ་ལག་སྲོ་སྤྱད་ཀྱི་གློག་ཐབ་སྟབས་བདེ་ཞིག་ཉོས། དེ་ནི་ངེད་གཉིས་ཀྱིས་དགུན་ཁ་བསུ་སྟངས་ཤིག་ཀྱང་ཡིན། ལས་ཚོགས་ལ་ཞུགས་པའི་ཉིན་མོ་ནས་ངས་དབྱར་ཁ་ཇི་ལྟར་སོང་བ་མ་ཤེས་ལ་དགུན་ཁ་ཇི་ལྟར་སླེབས་པ་འང་མ་ཚོར།

གྲོང་རྡལ་འདིའི་གྲང་ངར་ནི་ཐོགས་རེག་ཡོད་པ་ཞིག་ཡིན། ཙོག་ནས་སྡོད་སྐབས་པུས་མོའི་སླ་ངའི་མཚམས་ནས་རུས་རྐང་དུ་ཟུག་ཡོང་ཞིང་། ལམ་འགྲམ་དུ་སྤྱི་འཁོར་ལ་སྒུག་སྐབས་ཁ་སྣའི་བུ་ག་བརྒྱུད་ནས་གློ་རྒྱུ་མའི་གསེབ་ཏུ་འཚང་ཡོང་། དེ་བས་ངས་མོའི་གྲོགས་མོར་ཡང་གྲང་ངར་འགོག་སྤྱད་ཀྱི་སྐེ་དཀྲིས་གློ་དམར་ཞིག་བྱིན།

“ཁྱོད་ཀྱིས་ང་ལ་ད་བར་དུ་སྐེ་དཀྲིས་གློ་དམར་ཞིག་ཉོས་མྱོང་ངམ། དྲང་མོར་ཤོད། ཁྱོད་ལ་ཚུལ་མིན་གྱི་དྲན་ཚུལ་ཅི་ཞིག་ཡོད།”

“ནམ་ཟླ་ཇེ་འཁྱག་ཏུ་བུད་སོང་བས། ངས་སེམས་མཚོན་བྱེད་ཙམ་དུ་སྐེ་དཀྲིས་ཤིག་ཉོས་པ་ཙམ་ཡིན”ཁྱོ་ཤུག་གཉིས་ཀའི་འཚོ་བ་ནི་གསལ་བཤད་ཀྱི་ཁྲོད་ནས་འཁྱོལ་དགོས་པ་ཞིག་ཡིན་ནམ། མཚན་མོ་དེར་ཡང་ངས་མོར་སྐེ་དཀྲིས་གློ་དམར་དེའི་སྐོར་གསལ་བཤད་བྱས་ནས་མཚན་གུང་ཡོལ་བ་མ་ཤེས།

རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་ཆར་ཐིགས་ལྡོམ་པོ་དག་ཤེལ་སྒོའི་ངོས་སུ་ལྷུང་སྟེ་ངེད་གཉིས་ཀྱི་སྐད་སྒྲ་བསྣུབས་ལ་ཁད་བྱེད། ཁང་མིག་འདིའི་འཁོར་ཕྱོགས་རླུང་ཁར་ཁེལ་ཡོད་པས། ཆར་བ་འབབ་ཐེངས་རེ་རེར་ཆར་ཐིགས་ཤེལ་སྒོའི་ངོས་སུ་ལྷུང་སྟེ་ཐག་སྒྲ་གྲག་འོང་། ང་ནམ་ཞིག་ནས་ཆར་ཐིགས་ཤེལ་སྒོའི་ངོས་སུ་ལྷུང་བའི་སྒྲ་ལ་ཉན་པར་གོམས་སོང་བ་མི་དྲན་མོད། ཆར་བ་འབབ་ཐེངས་རེར་ང་མལ་ཁྲིའི་སྟེང་གློ་ཉལ་བྱས་ཏེ་ཆར་བའི་སྒྲ་ལ་ཉན་པར་དགའ། དེ་བས་ངས་དགུན་ཁ་བསླེབ་ཚེ། ཁ་བ་ཤེལ་སྒོའི་ངོས་སུ་ལྷུང་བའི་སྒྲ་ཐོས་ཐུབ་མིན་ལ་སེམས་ཁྲལ་སྐྱེས།

“ཁྱོད་ནམ་ཞིག་ལ་འཇིག་རྟེན་འཕུར་སྐྱོད་པ་བཅའ་རུ་འགྲོ་རྒྱུ་ཡིན་ནམ།”འདི་ནི་མོས་ང་ལ་སྙད་རྐོ་སྤྱད་ཀྱི་མཇུག་མཐའི་སྐད་ཆ་ཡིན་ལ། ངེད་གཉིས་ཀྱི་ཁ་བརྡའི་མཇུག་བསྡུ་སྟངས་ཤིག་ཀྱང་ཡིན། དེ་ནི་ངེད་གཉིས་ཀྱིས་འཇིག་རྟེན་འདིའི་ངོ་གདོང་ལ་བལྟས་ནས་འཚོ་བ་འཁྱོལ་མི་དགོས་པའི་དུས་ཤིག་ཡིན་ངེས། ཕྱི་དྲོའི་ཉི་འོད་འཇམ་པོའི་ངོགས་སུ་ངེད་གཉིས་སློབ་རའི་སྐྱེད་ཚལ་གྱི་ཁུད་ནས་གན་རྐྱལ་དུ་ལོག་སྟེ་ཕན་ཚུན་ལ་ཕུགས་བསམ་གླེང་། དེ་དུས་ངས་ཁོ་ཐག་ལ་མོར་ཡང་རང་ཉིད་འཇིག་རྟེན་འཕུར་སྐྱོད་པ་ཞིག་བྱ་འདོད་ཅེས་བཤད་མྱོང་། བཤད་པ་མང་དྲགས་ན་ངོ་གནོང་བར་བྱེད་པའི་ཕུགས་བསམ་འདི་ངས་མི་མང་པོ་ཞིག་ལ་བཤད་མེད། དཔེར་ན་ངའི་ཡུལ་མི་ཚོའི་ཁྲོད་ན་ང་ལ་འདི་ལྟ་བུའི་ཕུགས་བསམ་ཞིག་ཡོད་པ་ཤེས་མཁན་གཅིག་ཀྱང་མེད། མདང་ནུབ་མོའི་སྡང་སྡིག་བར་ནས་བསམ་བཞིན་མ་ཡིན་པའི་ངང་སྐད་ཆ་དེ་ངག་ནས་ཤོར་བ་མིན་ཚེ། ངས་རང་ཉིད་ལ་ཕུགས་བསམ་དེ་འདྲ་ཞིག་ཡོད་མྱོང་བའང་བརྗེད་ལ་ཉེ། མཚན་མོ་མང་པོ་ཞིག་ལ་ངའི་སྔས་འགྲམ་ནས་སི་ལི་ལི། སི་ལི་ལི་བྱེད་པའི་སྐར་མ་དེའི་མིང་ལ་ཨ་མས་བྱང་གི་སྐར་མ་ཨ་བརྟན་རྒྱལ་པོ་ཞེས་འབོད། ཕྱིས་སུ་ཁྱོད་རང་ཕྱི་ནས་ཡུལ་ལ་ལོག་པའི་ལམ་ནོར་ཚེ། བྱང་མི་འགྱུར་གྱི་སྐར་མ་ཨ་བརྟན་རྒྱལ་པོས་ཁྱོད་ལ་ལམ་སྣ་འདྲེན་ངེས་ཡིན་ཟེར་མྱོང་། ང་དང་ཤིན་ཏུ་རྒྱང་རིང་བའི་རྨི་ལམ་ཞིག་ཏུ་ང་རང་འཇིག་རྟེན་འཕུར་གྲུར་བསྡད་དེ་སྐར་མ་ཨ་བརྟན་རྒྱལ་པོའི་ཕྱོགས་སུ་སྐྱོད་ཀྱིན་ཡོད།

ངེད་གཉིས་ཀྱི་སྟེང་དུ་བསྡད་ཡོད་པའི་ཁྱིམ་ཚང་དེའི་བཟའ་དཔོན་ནི་སྔགས་པ་ཞིག་མིན་ན་རིམ་གྲོ་བསྒྲུབ་རྒྱུར་དགའ་བའི་དད་ལྡན་པ་ཞིག་ཡིན་ངེས། ཆ་སྙོམས་ཀྱིས་ཉིན་གསུམ་རེའི་ནང་རྔ་བརྡུངས་ནས་རིམ་གྲོ་སྒྲུབ་ཅིང་། རྔ་རྡུང་དུས་ཕལ་ཆེར་དགོང་དྲོའི་རྒྱང་མིག་ཆད་མ་ཆད་ཀྱི་བར་ཡིན། ཁང་བ་གླས་མ་འདིའི་ཕྱོགས་མཚམས་དག་ནི་སྒྲ་མི་ཁོགས་པའི་ཤོག་བུས་བཀག་ཡོད་པ་འདྲ། གཡས་གཡོན་སྟེང་འོག་གི་ཁྱིམ་མཚེས་སུ་ཞིག་གིས་རིམ་གྲོ་སྒྲུབ་པ་དང་། བྱིས་པའི་ངུ་ཁ་ལེན་པ། ཤ་དང་སྔོ་ཚལ་གཙབ་པ། ཁ་པར་གཏོང་བ། བཟའ་འཁོན་བྱེད་པ། གཅིན་སྐྱག་གཏོང་བ་དང་འཁྲིག་པ་སྤྱོད་པའི་སྒྲ་ཚུན་ཆད་ཀྱིས་བར་གྱང་ཕྲལ་ནས་ཕན་ཚུན་གྱི་རྣ་ལམ་དུ་ཐོན་ཐུབ། ཐོག་ཁང་གཡར་མ་འདིའི་ནང་དུ་སྡོད་མཁན་ནི་ངེད་གཉིས་ནང་བཞིན་འཁོར་བའི་གཞིས་ཁྱིམ་མ་ཚུགས་པའི་ལམ་འགྲོ་དག་ཡིན། དེ་བས་ད་ལྟ་ངེད་གཉིས་དཔུང་བ་གཤིབ་ནས་ཉལ་ཡོད་སའི་མལ་ཁྲི་འདིའི་སྟེང་དུའང་མི་རྐྱང་དང་ཁྱོ་ཤུག་གྲངས་མེད་ཅིག་ཉལ་ཡོད་ངེས། ནམ་གུང་གློ་བུར་དུ་བརྡབ་གསིག་གྲངས་མེད་ཐེབས་པའི་མལ་ཁྲི་ཆག་པའི་སྒྲ་ཐོས་པར་ཡང་ཧ་ལས་རྒྱུ་ཆེར་མེད། ཁ་སང་གནས་སྤར་ཡོང་བའི་ཁྱོ་ཤུག་ན་གཞོན་དེ་གཉིས་ཀྱི་མལ་ཁྲི་ནི་ཞག་མ་གཅིག་མ་འགོར་བར་ཆག་སོང་བས། ད་ནངས་ཞོགས་པར་སྐྱ་མདའ་བཏང་མཚམས་ནས་ཕོ་གཞོན་དེས་མལ་ཁྲིའི་སྟེང་དུ་མཛེར་མ་རྡེབ་པའི་སྒྲ་ཐོས་ཡོང་།

“སྐར་མ། ཁྱོད་ཀྱི་མིག་སྐྲངས་ཡོད་པ་ཅི་ཡིན་ནམ།”

“མདང་ནུབ་ཆུང་མ་དང་མལ་ཐུལ་འཕྲོག་རེས་ཀྱི་གཡུལ་གྱེས་པ་ཡིན་ནམ།”

“ཧ་ཧ་ཧ……”

ཀུ་རེ་ནི་ཀུ་རེ་རང་ཡིན་མོད། ངས་སྤྱོད་ཁང་གི་མེ་ལོང་ནས་རང་གི་མིག་ཟུང་ལ་གསལ་པོར་ལྟ་དུས། ངའི་མིག་འབྲས་ཀྱི་སྟེང་དུ་ཆུ་བུར་ཐོན་འདུག ཆུ་བུར་དེ་ནི་སེར་ཞད་འདྲེས་པ་ཞིག་རེད། ཆུང་དུས་སུ་སོ་ན་སྐབས་ཨ་མས་རྒྱུན་དུ“ངའི་ཞི་ལུར་ཡང་བསམ་སོ་སྐྱེ་བཞིན་ཡོད་པ་འདྲ། ག་རེ་ཨ་མས་གཅིག་ལྟ”ཞེས་མིས་བསམ་ཤེས་པ་དང་བསྟུན་ནས་བསམ་སོ་ཟེར་བ་ཞིག་སྐྱེ་རྒྱུ་ཡོད་ཟེར། འོ་ན་བསམ་ཤེས་ཏེ་ན་ཚོད་ངེས་ཅན་ཞིག་ལ་སོན་ན་མིག་འབྲས་ལས་ཀྱང་དན་རྟགས་ཤིག་མངོན་ཡོང་ངམ།

གྲོང་རྡལ་འདིར་དགུན་མ་ཚུགས་གོང་ནས་ཁ་བ་བབས་བྱུང་། ལོ་འདིའི་ཁ་བ་ཐོག་མ་ནི་གྲག་མེད་འགུལ་མེད་ངང་ངེད་གཉིས་ཀྱི་སྒེའུ་འགྲམ་དང་། འགྱིག་དམ་རེ་ཟུང་འཐོར་བའི་སྲང་ལམ། མིག་གིས་ཟིན་ཚོད་ཀྱི་རི་སྒང་གི་རྩེ་མོ་དག་ཏུ་བབས་འདུག གལ་ཏེ་ཁྱིམ་མཚེས་བཟའ་ཟླ་དེ་གཉིས་ཀའི་བཟའ་འཁོན་གྱིས་དཀྲོགས་པ་མིན་ཚེ། ཁ་བ་འབབ་ཚུལ་ནི་དེ་འདྲའི་བབ་ཆགས་ཤིག་ཡིན་ཨང་། ཆང་ལྷར་འབོད་པའི་རྒད་པོ་ལོ་ཡར་གསེག་དེས་མདང་ནུབ་ཀྱང་རང་ཁྱིམ་གྱི་སྒོ་མོ་མ་རྙེད་པར་ཁྱིམ་ཚང་གང་མང་ཞིག་གི་སྒོ་གླེགས་ཤེད་ཀྱིས་བརྡུངས་སོང་། ཁོའི་སྐྲ་ལོ་ནམ་ཞར་ཡང་ཤད་ནས་འོད་ཀྲིག་ཀྲིག་བྱེད་ཅིང་། དེ་ནི་ཁོའི་གསར་ཚུགས་དོད་སྟངས་གཅིག་པུ་དེ་ཡང་ཡིན། ཁོའི་ངོ་གདོང་ནི་མཆིན་པའི་མདོག་དང་གཉིས་སུ་མེད། ངའི་ཆུང་མས་ཁ་བ་བབས་ཡོད་པ་མཐོང་འཕྲལ། “ཨ་ཁུ་བཟོད་པ་ཀན་ད་ལོར་ཙག་གིས་ཕྱིད་ན་ཐང་ཨང”ཞེས་སེམས་ཁྲལ་བྱེད། ཨ་ཁུ་བཟོད་པའི་ཆུང་མས་གྲོང་རྡལ་འདིའི་སྒོ་རྩིས་ཁང་ཆེས་ཆེ་བ་དེ་རུ་ཚོང་ཟོག་ཚོང་སྒྲོམ་སྟེང་སྐྱེལ་འདྲེན་བྱེད་པའི་ལས་ཀ་གཉེར་གྱིན་ཡོད། དེ་བས་མོའི་ཁྱོ་གས་ཉིན་མཚན་མེད་པར་ཤོ་ཁང་ཆང་ཁང་དུ་ཚེ་ཟད་དུ་འཇུག་གིན་ཡོད་ནའང་མོའི་འཚོ་བར་དཀའ་ཁག་ཆེར་མེད། སྒོ་རྩིས་ཁང་དུ་ལས་ཀ་ལས་མཁན་ཚོའི་གླ་ཕོགས་སྲང་ལམ་ཕྱགས་མཁན་ཚོ་ལས་མོད་པོ་ཡོད་པ་མ་ཟད། ལས་ཚེགས་ཀྱང་ལྕི་རྒྱུ་མེད།

ངེད་གཉིས་དང་མཉམ་དུ་སྡོད་མཁན་ཚོའི་ཁྲོད་དུ། ཨ་ཁུ་བཟོད་པའི་ཆུང་མ་ལྟ་བུའི་སྒོ་རྩིས་ཁང་དུ་ལས་ཀ་བྱེད་མཁན་ཡོད་པ་མ་ཟད། ད་དུང་སྲང་ལམ་ཕྱགས་མཁན་དང་། སྡེ་ཁུལ་དང་སློབ་གྲྭའི་སྒོ་སྲུང་པ། འཕྲུལ་རྟ་ཞིག་གསོ་མཁན། དངོས་ཟོག་སྐྱེལ་མཁན་དང་ཟ་མ་སྐྱེལ་མཁན། དར་ལྕོག་དང་བོད་ལྭ་བཟོ་མཁན། བྱིས་པ་སྙོར་མཁན་གྱི་རྒན་རྒོན། ལས་གནས་གཡར་མར་ཞུགས་མཁན་གྱི་ན་གཞོན་ཕོ་མོ། གསོལ་སྟོན་ཁང་གི་ཞབས་ཞུ་པ་སོགས་མི་ཁྲ་ཁྲ་མ་ཁྲ་ཅི་རིགས་འདུས་ཡོད། ཁང་བརྩེགས་འདིའི་ནང་དུ་སྡོད་མཁན་གྱི་མི་ཚོས་ངེད་གཉིས་དང་འདྲ་བར། ཚ་བའི་སྡུག་བསྔལ་རྟོགས་མི་སྲིད། བརྒྱ་ལ་འདིའི་ནང་དུ་གྱོ་མོག་བསྲེགས་མྱོང་བའི་སྡོད་དམངས་ཡོད་ན་མ་གཏོགས་ངའི་རིགས་འདེད་འདིའི་ཚུགས་ཐུབ་རང་བཞིན་གཅོལ་མི་སྲིད། ད་ལོའི་དགུན་ཁ་དངོས་གནས་སླེབས་སྔ་བ་ལ། ངས་སྒེའུ་ཁུང་ལས་མགོ་བོ་ཕྱིར་བསྲིངས་ཏེ་དུ་བ་སྔོ་རྒྱང་ངེར་འཐེན་དུས་སུ། ལྟ་ཕྱོགས་ཤིག་གིས་ཤར་ཕྱོགས་ཀྱི་གྲམ་ཆུའི་མཐའ་ལ་སོབ་ཆགས་ཡོད་པ་མཐོང་། སྔོན་ཆད་ཨ་མས་ཙག་ཆེ་མིན་གྱི་ཚད་ནི་རྫ་མའི་ནང་གི་ཆུར་སོབ་ཆགས་ཡོད་མེད་ཀྱིས་འབྱེད། ཆུ་ལ་སོབ་ཆགས་པ་དེས་གྲང་ངར་གྱི་ཚད་ཀྱང་ངེས་ཅན་ཞིག་ལ་ཐོན་པ་རྟོགས་ཐུབ། དེ་ནས་ངས་ཆུང་མ་འཁྲིད་དེ་གྲམ་གཞུང་གི་ཆུ་ཁར་འཆམ་འཆམ་ལ་ཐེངས་གཅིག་འགྲོ་འདོད་མོད། མོ་སྔ་མོ་ནས་མགོ་བོ་མལ་ཐུལ་གྱིས་གཅུད་དེ་རྨི་ལམ་གྱི་ཞིང་དུ་འགྲིམས་ཟིན།

དེ་ནི་སྔོན་ལ་གྲོས་ཞིབ་མོ་བྱས་ཡོད་པ་དང་མཚུངས། ངས་སྒེའུ་ཁུང་ལས་དུ་བ་སྔོ་རྒྱང་ངེར་འཐེན་དུས། ངའི་སྟེང་འོག་གཡས་གཡོན་ནའང་ངོ་གདོང་ཆ་ཡོད་ཆ་མེད་མང་པོས་མགོ་བོ་ཕྱིར་བསྲིངས་ཏེ་དུ་བ་འཐེན་གྱིན་ཡོད། ཡངས་པོར་ཕྱེ་བའི་སྒེའུ་ཁུང་ལས་ད་དུང་ཐོམ་བུ་སླ་ངར་ཐོགས་པའི་སྒྲ་དང་། སྔོ་ཚལ་ཅི་རིགས་སྣུམ་སྲེག་བྱས་པའི་དྲི་མ་མཆེད་ཡོང་། ངའི་དུ་སྣེའི་ཐལ་བ་སྤྲུག་བཞིན་མཛུབ་མོས་གདོང་ཁར་འཕྱངས་པའི་སྐྲ་རྩེ་ཡར་འདེད་སྐབས། ཚི་དྲེག་དང་ངལ་དུབ་འཁུར་བའི་ཆུ་ཐིགས་ཤིག་ངའི་དཔྲལ་བར་ལྷུང་སོང་། ངས་མགོ་བོ་དགྱེ་ནས་ལྟ་དུས། ཁོ་ནི་ང་དང་ན་ཚོད་མཉམ་པའི་ཕོ་གཞོན་ཞིག་རེད། ཁོའི་ཁོག་སྟོད་དུ་ཚི་ལེན་སྲབ་བུ་ཞིག་ལས་གྱོན་མེད་ནའང་། གདོང་ལས་རྔུལ་ཆུ་ཙར་ཙར་དུ་བབས་ཡོང་། དགུན་བཅུ་བའི་གྲང་ངར་ཁྲོད་དུ་རྔུལ་ཆུ་ཐོན་ཡོང་མཁན་ཁོ་གཅིག་པུ་ག་ལ་ཡིན། ངས་རང་གི་སྟོད་ལྭའི་སྒྲོག་གུ་གྲོལ་དུས་ངའི་ནང་ལྭ་ངང་སེར་འདི་ཡང་རྔུལ་ཆུས་བརླན་འདུག ང་དང་ང་འདྲ་བ་དག་གིས་དེ་ལྟར་དུས་ཚོད་ངེས་མེད་རེའི་ནང་དུ། མགོ་བོ་ཐལ་མོ་འདྲ་བའི་སྒེའུ་ཁུང་དག་ལས་ཕྱིར་བསྲིངས་ཏེ། རང་གི་རྔུལ་ཆུ་བཏོན་ནས་བསྒྲུགས་པའི་དུ་བ་འཐེན་བཞིན་རང་ལུས་ཀྱི་རྔུལ་ཆུ་འདོན་ཐབས་བྱེད། འདི་ནི་ངེད་ཚོའི་ཉིན་གཅིག་གི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། འདི་ནི་ངེད་ཚོས་རང་ཉིད་ཀྱི་ཚེ་སྲོག་ལ་དབུགས་ཀྱི་རྒྱུ་བ་སྩོལ་སྟངས་ཤིག་ཀྱང་ཡིན། ཉིན་གང་བོར་གློ་རྒྱུ་མའི་གསེབ་ཏུ་བསགས་པའི་སྡང་སྡིག་འཁུར་བའི་སྐད་ཆ་དང་རྡུལ་སྨུག་ལ་གཙང་ཕྱགས་བྱེད་སྟངས་ཤིག་ཀྱང་ཡིན།

ངག་མི་སྨྲ་བའི་ངོ་གདོང་མང་པོས་དེ་ལྟར་སྒེའུ་ཁུང་ལས་མགོ་བོ་ཕྱིར་བཏོན་ཏེ་དུ་བ་སྔོ་རྒྱང་ངེར་འཐེན་རྗེས། རྔུལ་ཆུས་བརླན་པའི་སྒལ་གཞུང་ཐང་ལ་ཕབ་སྟེ་སང་ཉིན་གྱི་ཉི་འོད་བསུ། ངས་ཀྱང་ཁོ་ཚོ་དང་མཉམ་དུ་ཉི་མ་ཤར་མ་ཤར་གྱི་བར་ནས་རྡོག་པ་བརྒྱབ་སྟེ་ལས་ཚོགས་ལ་འགྲོ་མགོ་བརྩམས་པ་ཡིན། ལོ་ངོ་གཅིག་རྡོག་པས་བརྒྱབ་ནས་ཕར་བསྐྱལ་ཚར་ནའང་། ང་ད་དུང་སྤྱི་འཁོར་ལ་བསྡད་ནས་ལས་ཚོགས་སུ་འགྲོ་བཞིན་ཡོད། ཆུང་མ་དང་ངེད་གཉིས་ཀས་མཉམ་དུ་ཉིན་མོ་དཀར་དཀར་ལ་རྨིས་པའི་རྨི་ལམ་དེ་མངོན་དུ་མ་གྱུར་ལ། ཕལ་ཆེར་ན་ནིང་དགུ་ཚུགས་པ་ནས་མོ་ལས་གྲོགས་ཆེ་གེ་མོའི་རླངས་འཁོར་ལ་བསྡད་ནས་ལས་ཚོགས་སུ་འགྲོ་བཞིན་ཡོད།

ང་ད་དུང་ཡང་ནམ་ལངས་ན་རྐང་ཐང་དུ་གོམ་པ་གང་རེ་གང་རེ་བྱས་ཏེ་ལས་ཚོགས་སུ་སོང་ཞིང་། ས་རུབ་ནའང་གོམ་པ་གང་རེ་གང་རེ་བྱས་ཏེ་ཁྱིམ་དུ་ལོག་པ་ཡིན། མོ་དེ་ལྟར་གཞན་པའི་རླངས་འཁོར་དུ་བསྡད་དེ་ལས་ཚོགས་སུ་སོང་ཉིན་ནས་ངའི་ལས་གྲོགས་ཚོའི་ཁྲོད་དུ་ང་ལ་ཀུ་རེ་རྩེ་མཁན་མེད། ཁོ་ཚོས་དོན་དངོས་ཁ་རུ་ཁྱེར་ནས་ཀུ་རེ་རྩེ་མི་སྲིད།

ང་ལས་ཚོགས་སུ་སོང་བའི་ཉིན་དང་པོར། ང་ལས་ཁུངས་ཀྱི་སྒོ་འགྲམ་ནས་རྒད་པོ་ཀླད་བྱི་དེ་དང་གདོང་ཐུག་བརྒྱབ། ངས་ཁོའི་འཇེབ་འཁོར་ནག་པོ་དེ་མདུན་གྱི་ལྕང་ལོའི་འོག་ཏུ་བཞག་ཡོད་པ་གསལ་པོར་མཐོང་བྱུང་། གཅིག་བྱས་ན་སྐབས་དེར་ཁོས་འཇེབ་འཁོར་གྱི་མེ་ལོང་ལས་ངའི་མཛུབ་མོ་གཅིག་གནམ་ལ་ཀེར་ཏེ་ཁོའི་རྗེས་སུ་མཆིལ་མ་གཏོར་བཞིན་སྡིགས་མོ་བྱེད་ཀྱིན་པ་མཐོང་ཡོད་ངེས་མོད། ང་ཁོ་དང་གདོང་ཐུག་རྒྱག་སྐབས། ཁོ་ནི་དེ་འདྲའི་སྒམ་རླིང་ཞིག་ཡིན་པ་མཐོང་འཕྲལ། ངས་རང་ཉིད་ཀྱི་མིག་ཟུང་ལིང་ཏོག་གིས་བསྒྲིབས་པ་མིན་ནམ་སྙམ་བཞིན་སོམ་ཉིར་ཚུད་དེ་ཡུན་རིང་ལུས། ལྷག་པར་དུ་ཕྱིས་སུ་ཁོ་ངེད་ཚོའི་གཞུང་ལས་ཁང་གི་ཀྲུའུ་རེན་ཡིན་པ་ཤེས་པས། ངའི་བསམ་པར་ཁོས་ང་ལ་ཤ་འཁོན་གླན་པར་དོགས་ནས་ཡུན་རིང་ལུས། དེ་ནི་གཟའ་སྤེན་པའི་ཕྱི་དྲོ་ཞིག་ཡིན་པ་འདྲ། གྲོང་རྡལ་འདིའི་སྟོན་ལོ་ད་དུང་འཐོར་མེད། ངས་སྒེའུ་ཁུང་ལས་མགོ་བོ་ཕྱིར་བཏོན་ཏེ་དུ་བར་མེ་བསྒོ་སྐབས། ཤར་ཕྱོགས་ཀྱི་གྲམ་ཁ་དེར་རྒྱུས་ཡོད་པའི་རྒྱབ་གཟུགས་ཤིག་ཀྲོང་ངེར་འགྱིང་འདུག ཉི་འོད་འཇམ་པོའི་ངོགས་སུ་ཁོའི་ཀླད་པའི་སྟེང་ནས་ཉི་འོད་ལྡོག་འཕྲོ་བྱས་ཡོང་། ཚན་རིག་པས་བཤད་པ་ནོར་མེད་ན། འོད་ལ་ཟད་མཐའ་མེད་ཟེར། ཁོའི་ཀླད་པ་ལས་ལྡོག་འཕྲོ་བྱས་པའི་ཉི་འོད་དེ་ཡང་འོད་ལོ་གྲངས་མེད་པའི་ཕ་རོལ་དུ་འོད་སྣང་འཁྱེར་ནས་འགྲོ་སྲིད་ཅིང་། དེ་ལྟར་བསམ་ན་ཁོའི་ཀླད་པ་ཡང་དོན་མེད་དུ་བྱི་སོང་བ་ཞིག་མིན་པ་འདྲ། ཁོའི་གཡས་འགྲམ་དུ་གནག་སྣུམ་སྐྲ་ལོ་དཔུང་མགོར་དཔྱངས་པའི་བུད་མེད་ཅིག་གིས་བསིལ་གདུགས་བཀར་ནས་ཁོའི་དཔུང་ཁུགས་སུ་འཇུས་འདུག ཁོ་ནི་ངེད་ཚོའི་ཀྲུའུ་རེན་མ་ཡིན་ནམ། མ་གཞིར་ཁོ་ཡང་བརྩེ་དུང་ལྡན་པའི་མི་ཞིག་ཡིན་ཨང་། ཁོ་གཉིས་ཀྱིས་ཉི་འོད་ལ་རྒྱབ་གཏད་ནས་ཁ་བརྡ་རིང་མོ་ཞིག་གི་གཞུང་འདའ་ཡོད། ཁོ་གཉིས་ཀྱི་ཉམས་ལ་བལྟས་ན། ཁོ་གཉིས་ཀྱིས་ཕུགས་བསམ་དང་རྒྱང་རིང་ལྟ་བུའི་མངོན་དུ་འགྱུར་ཐབས་མེད་པ་ཞིག་གླེང་གིན་མེད་པ་འདྲ།

ལས་གྲོགས་ཚོས་བཤད་ན། ཁོ་ད་ལོ་སོ་མར་ཀྲུའུ་རེན་དུ་འཕར་བ་ཡིན་ཟེར། རྒྱུན་པར་ངོ་གནག་ནས་འཚོ་བ་རོལ་མཁན་ཁོ་ཡང་རྩེད་མཚར་ཅན་ཞིག་ཡིན་ནམ། ཁོས་སྐད་ཆ་ཚིག་འགའ་བཤད་ན་གན་གྱི་བུད་མེད་དེས་མཚམས་རེར་ཁ་སྣ་སྐྱོར་ཞོར་དུ་དགོད་ཅིང་། མཚམས་རེར་ཕོ་བ་སྐྱོར་ཞོར་དུ་དགོད། ངེད་ཚོའི་བར་ཐག་ལ་གོམ་པ་བརྒྱ་ཁ་ལྷག་ཡོད་ནའང་། ངས་བུད་མེད་དེས་ཧབ་ཆ་རྒྱག་པའི་སྒྲ་གསལ་པོར་ཐོས་ཐུབ། ལས་གནས་སུ་ཞུགས་པ་ནས་ངས་རང་གི་ཆུང་མ་ཁྲིད་ནས་གྲམ་ཆུའི་ཁར་ཡང་འགྲོ་མྱོང་མེད། ནམ་ཞིག་གི་ཚེ། ང་ཡང་ཀླད་པ་བྱི་ནས་ཀྲུའུ་རེན་དུ་འཕར་ཚེ། མོ་ཁྲིད་ནས་གྲམ་ཆུའི་ཁར་བརྩེ་དུང་གླེང་དུ་འགྲོ་དགོས། དེ་དུས་ང་ཡང་ཀྲུའུ་རེན་ནང་ལྟར། འཇམ་པོ་ཐལ་འདྲ་ཞིག་བཅའ་བར་བརྩོན་དགོས།

“སྐར་མ”ཆུང་མས་སྒེའུ་ཁུང་ལས་མགོ་བོ་ཕྱིར་བསྲིངས་ཏེ་ངའི་མིང་ནས་འབོད་དུས། ང་གྲམ་ཆུའི་ཁར་འགྲེངས་ཏེ་སྐྲ་ལོ་རླུང་ལ་སྐྱོད་ཀྱིན་ཡོད། དེ་དུས་ངས་རང་ཉིད་ནི་འཇིག་རྟེན་འཕུར་སྐྱོད་པ་ཞིག་ཡིན་སྣང་འཆར། ངས་ཁ་བའི་ངོས་སུ་ཕབ་པའི་རྐང་རྗེས་དེ་དག་ནི་ཅི་འདྲའི་ཀྱ་ཀྱུ་ཞིག་ཡིན་ཨང་། ང་འཇིག་རྟེན་འཕུར་སྐྱོད་པ་ཞིག་ཡིན་ཚེ་མགོ་ཐོག་གི་སྤྲིན་པ་འདི་ཕར་དེད་དེ། རྐང་འོག་གི་ཁ་བ་འདི་ཉི་མས་ཁྱེར་དུ་འཇུག་ན་འདོད། མདང་ནུབ་ཁ་རོག་གེར་བབས་པའི་ཁ་བ་འདི་ཉི་མས་ཁྱེར་ཏེ་ངའི་རྐང་རྗེས་དེ་དག་ལྷག་ལུས་མེད་པར་གསུབ་སོང་ན་འདོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།