ཀྲུང་གོ་བོད་ཀྱི་དྲ་བ།

གཤིན་རྗེའི་མདུན་ན་འདོན་བཀྲ་ཁོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : གཅན་གླག་མིག   སྤེལ་དུས། : 2022-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“དཔེ་མི་སྲིད། དཔེ་མི་སྲིད།”

“དཔེ་ཅི་ལ་མི་སྲིད། དོན་དངོས་ལ་ཡང་ཡིད་མི་ཆེས་སམ།”

“མི་ཟེར་བ་འདི་དངོས་གནས་ཡ་མཚན་རང་རེད་དོ།།”

“མི་རྣམ་རྟོག་གི་ཕུང་པོའོ། །”

“ང་ཤི་སོང་ངམ།”

“ང……”

བགྲེས་སོང་བཀྲ་ཁོ་གཉིད་ལས་སད་དུས། ཁོ་རང་ལྷའི་དབང་པོ་བརྒྱ་བྱིན་གྱི་དྲུང་དུ་ཡོད་ཅིང་། དེར་ཚོགས་ལྷ་ལྷ་མོ་དག་ལས། ལ་ལས་ཁོ་ལ་ཁ་བཏགས་ཕུལ་ཅིང་། ལ་ལས་རྟེན་འབྲེལ་ཞུས། ལ་ལས་བསྟོད་བསྔགས་བྱས་པས། བཀྲ་ཁོས་ཅི་ཡིན་འདི་ཡིན་ཆ་མ་འཚལ་བར་མིག་རིག་རིག་དང་། མགོ་སྒུར་སྒུར། ཉྭ་ལྷེམ་ལྷེམ་བཅས་བྱས་ནས་སྔར་གནས་སུ་སྡོད་པ་ལས་ཅི་ཡང་སྨྲ་བར་མ་སྤོབས་ལ། གང་ཡང་དྲན་རྒྱུ་མ་བྱུང་།

དེ་ནས་སྤྱན་མི་བཟང་མདུན་ཐད་དུ་གོམ་པ་འགའ་ཕྱིན་ཏེ། “བགྲེས་སོང་ལགས། སྐྲག་མི་དགོས། ཁྱོད་ཀྱིས་མི་ཡུལ་དུ་དགེ་བ་བསྒྲུབས་ཤིང་མི་དགེ་བ་སྤངས་པས། ངན་སོང་དུ་ཆུ་བཞུར་བཞུར་དང་རྦབ་རྡོ་ལྷུང་ལྷུང་བྱེད་མ་དགོས་པར་བདེ་འགྲོའི་ལམ་དུ་རྟ་རྒྱུག་རྒྱུག་དང་བྱ་འཕུར་འཕུར་བྱས་ཏེ་འདི་རུ་སླེབས་པ་རེད། ད་ནས་བརྩམས་ཏེ་ཁྱོད་རང་གཤིན་རྗེ་ཆོས་རྒྱལ་གྱི་མདུན་ན་འདོན་དུ་བསྐོས་པ་ལགས་ན། མྱུར་དུ་ལྷའི་དབང་པོ་མཆོག་ལ་བཀའ་དྲིན་ཞུ་རོགས” ཞེས་སྨྲས་པ་ན། ལྷ་ཚོགས་ཀྱིས་བདེན་པའི་རྟགས་སུ་ཁམ་སིལ་མེ་ཏོག་བཞད་འདྲའི་འཛུམ་དང་བཅས་ཏེ་དབུ་ནང་དུ་གུག་ཙམ་བྱས།

བགྲེས་སོང་བཀྲ་ཁོས་ད་དུང་རང་ཉིད་གང་ནས་ཡོང་བ་དང་། ནམ་ཚོད་ཤི་བ། གང་དུ་ཤི་བ། ཇི་ལྟར་ཤི་བ། ཅིའི་ཕྱིར་ཤི་བ་སོགས་ཀྱི་དོན་མ་རྟོགས་ཤིང་ཧ་མ་གོ་བར་སྔར་གནས་སུ་ཧད་དེ་ཧོན་ཐོར་བ་ལྟར་ཡོད་དུས། གཤིན་རྗེ་ཆོས་ཀྱི་རྒྱལ་པོས་འཛུམ་ཤིག་ཤིག་གིས་ཕྱག་གཡས་པས་ཁོའི་ཕྲག་ལ་རེག་ཙམ་བྱས་ཏེ། “ད་འགྲོ་རན་སོང་། ཁྱོད་ཀྱི་གདུལ་བྱ་དམྱལ་ཁམས་སུ་ཡོད་པས། དེར་འབྱོར་ན་ཁྱོད་ཀྱིས་རེ་རེ་བཞིན་དྲན་ངེས། མི་དྲན་པ་ང་དང་ལས་མཁན་གྱིས་ཁྱོད་ལ་གསལ་འདེབས་དང་། དྲན་གསོ། འགྲེལ་བཤད་བཅས་རྒྱག་ངེས”ཞེས་གསུངས་པ་དང་སྦྲགས། ལྷའི་དབང་པོ་གཙོས་པའི་ལྷ་ཚོགས་ལ་བདེ་མོ་བཞག་རྗེས། བགྲེས་སོང་བཀྲ་ཁོའི་དཔུང་པར་འཇུས་ནས་གཤིན་རྗེའི་བཞོན་པའི་འཕོངས་ལ་བསྐྱོན་ཅིང་བཅིབས་ཏེ་གཤིན་རྗེའི་ཡུལ་དུ་ལོག་ཕེབས་གནང་།

གཤིན་རྗེའི་བློན་པོ་དང་སྐྱེས་བུ་རྣམས་ཀྱིས་སྔར་ནས་གཤིན་རྗེ་ཆོས་རྒྱལ་དང་གསར་དུ་བསྐོས་པའི་མདུན་ན་འདོན་བཀྲ་ཁོ་གཉིས་ལ་བསྒུགས་ནས་བསྡད་ཡོད་ཅིང་། བློན་འབངས་ཚོགས་ཀྱིས་རྔ་བརྡུངས་ཤིང་། དར་འཕྱར། དུང་བུས། བྲོ་གཞས་སོགས་འོས་མཐུན་གང་འགྲིག་བྱེད་པ་ལས་མི་ཡུལ་དང་འདྲ་བར་རྒྱས་སྤྲོས་ཤིག་ཡེ་ནས་མ་ཡིན་ཏེ། གཤིན་རྗེའི་ཡུལ་དུ་གནའ་ནས་ད་བར་དུ་རྒྱལ་བློན་གྱི་ཁྱད་པར་དང་དཔོན་གཡོག་གི་དབྱེ་བ་མེད་པར་སྤྱི་ནོར་སྒེར་སྤྱོད་དང་། ཟས་རིགས་ཆུད་ཟོས། ལྐོག་ཟ་ངན་རུལ། མི་མཐུན་འཐབ་རྩོད། ཕྱོགས་ལྷུང་འཐེན་འཁྱེར་སོགས་ཀྱིས་མཚོན་པའི་མི་དགེ་བའི་ལས་མཐའ་དག་ལ་ལྟ་རྟོག་དང་བཀག་སྡོམ་བྱས་དང་བྱེད་ཀྱིན་པར་བརྟེན། གཤིན་རྗེ་ཆོས་རྒྱལ་དང་གསར་དུ་བསྐོས་པའི་མདུན་ན་འདོན་བཀྲ་ཁོ་གཉིས་གཤིན་རྗེའི་བཞོན་པར་བཅིབས་ནས་ཕེབས་པ་མཐོང་འཕྲལ། བྱིངས་ནས་གུས་འདུད་ལྷད་མེད་པ་རེ་ཕུལ་བ་དང་ལྷན། གཤིན་རྗེ་ཆོས་རྒྱལ་འཛུམ་ཤིག་ཤིག་གིས་དེ་མ་ཐག་ཁྲིར་བཞུགས་ཤིང་། མདུན་ན་འདོན་བཀྲ་ཁོའང་སེམས་ཅུང་ཟད་ལྷོད་ལ་བབས་ཏེ་གཤིན་རྗེ་ཆོས་རྒྱལ་གྱི་ཁྲི་ལས་དམའ་ཙམ་དང་། བློན་ཚོགས་ལས་མཐོ་ཙམ་གྱི་སར་ཡོད་པའི་ཁྲིར་བཞུགས་པ་ན། རང་ཉིད་གནས་འདིར་གཏོགས་ཤིང་འདིར་དབང་བའི་ཚོར་བ་གཅིག་མིན་དུ་བྱུང་།

གཤིན་རྗེ་མཆོག་གི་འཛུམ་གསར་མཐོང་རྒྱུ་ནི་དངོས་གནས་འཇའ་ཚོན་གོས་སུ་གྱོན་པ་ལས་ཀྱང་དཀའ་བས། མདུན་ན་འདོན་འདི་རང་ག་བ་ཞིག་མིན་པ་ཀུན་པོའི་སེམས་སུ་ཝ་ལེར་འཆར། དེ་བས། ནམ་རྒྱུན་ལྟར་རང་སོ་སོའི་ལས་འགན་འགྲུབ་ཟིན་པ་དང་མ་འགྲུབ་པ། སྒྲུབ་བཞིན་པ། བསྒྲུབ་གྲབས་ཡོད་པ། སྔོན་མའི་ལས་མཐའ་དག་གི་སྤྱི་སྡོམ་དང་། ད་ལྟའི་ལས་ཡོད་དོ་ཅོག་གི་གོ་རིམ། རྗེས་མའི་ལས་ཐམས་ཅད་ཀྱི་འཆར་གཞི་སོགས་འཕྲོ་རིམ་འཕྲོར་བརྗོད་རྗེས། གཤིན་རྗེ་ཆོས་རྒྱལ་གྱི་བཀའ་དང་བཅས་ཚང་མ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་རང་རང་སར་ཕེབས་པ་དང་། མདུན་ན་འདོན་བཀྲ་ཁོར་གནས་སྐབས་སུ་ཅི་ཡང་བཀོད་སྒྲིག་བྱས་མེད་སྟབས། ཁོ་རང་མི་ཡུལ་དུ་ཡོད་དུས་སུ་ཆེས་མཐོང་འདོད་པ་ནི་བཙོན་ཁང་ཡིན་པ་ལྟར་དུ་ཅི་ཞིག་གིས་འབོད་པ་དང་གང་ཞིག་གིས་འདེད་ཀྱིན་པ་དང་འདྲ་བར་གཤིན་རྗེའི་ལས་མཁན་གཉིས་དང་ལྷན་དུ་ཁྲི་མུན་གྱི་ཕྱོགས་སུ་དེངས།

མདུན་ན་འདོན་བཀྲ་ཁོ་ལགས་ཀྱིས་ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད་གཙོས་པའི་དམྱལ་ཁམས་བཅོ་བརྒྱད་ལ་ཞིབ་ལྟ་ཐེངས་ཤིག་བྱེད་རྩིས་ཡོད་མོད། ཡིན་ནའང་མཇུག་ཏུ་དེ་ལྟ་དེ་ལྟར་འགྲུབ་ག་ལ་ཡོང་སྟེ། མདུན་ན་འདོན་བཀྲ་ཁོ་ལགས་ཀྱིས་ཁྲི་མུན་དང་པོ་རུ་གཡག་རིན་པོ་ཆེ་ཚང་གཙོས་པའི་གྲྭ་པ་གང་མང་མཐོང་བ་དང་། ཁོས་རང་དབང་མེད་པར་ཕྱག་ཟུང་ཐལ་མོ་སྦྱར་ཏེ་ཕྱག་འཚལ་གྲབས་ཡོད་དུས། ད་གཟོད་རང་ཉིད་མི་ཡུལ་དུ་མེད་པ་ཡོངས་སུ་ཚོར་ཞིང་། གཡག་རིན་པོ་ཆེ་ཚང་ཡང་དགོན་པ་རུ་མེད་པར་དམྱལ་ཁམས་སུ་ཡོད་པ་གཞི་ནས་དྲན་པའི་ཁར། ད་དུང་གཡག་རིན་པོ་ཆེ་ཚང་དང་རྒྱ་བླ། མོ་པ། རྩིས་པ་འདི་དག་གིས་མདོ་དབུས་མཐོ་སྒང་དང་རྒྱ་ཁོག་སྐམ་པོ་རུ་དངོས་ཤུགས་བར་གསུམ་ནས་འདྲ་བདེན་དྲང་གསུམ་གྱི་གཏམ་དང་ཆེ་བཙུན་མཐོ་གསུམ་གྱི་ཡོན་ཏན་དང་ལྡན་པའི་ཟོལ་གྱིས་དད་ལྡན་མང་ཚོགས་ཀྱི་སྒོར་མོ་དཔྱ་བསྡུ་བསྡུ་དང་ཁྲལ་ལེན་ལེན་བྱས་ཏེ་དགོན་པ་སེར་ལམ་ལམ་གྲྭ་ཤག་འོད་ལམ་ལམ་དུ་བསྒྱུར་བར་འབད་པ་ལས་རང་ཉིད་ངན་འགྲོའི་གནས་སུ་སྐྱེས་ནས་དམྱལ་ཁམས་སུ་ལྷུང་རྒྱུ་ཡེ་ནས་མཁྱེན་མི་འདུག་ཨང་སྙམ་གྱིན། སྐྱོ་ཉམས་ཤིག་ཤིག་གིས་མདུན་དུ་བསྐྱོད་པ་ལ། དྲང་ཐད་ཀྱི་ཁྲི་མུན་གཉིས་པ་རུ་ཁོའི་ཆུང་མ་གཤག་བཅོས་བྱེད་མཁན་གྱི་སྨན་པ་གཙོས་པའི་ལྭ་བ་དཀར་པོ་གྱོན་པ་མང་པོ་བཅུག་འདུག་པ་མཐོང་འཕྲལ། ངག་ནས་དབང་མེད་དུ། “ཨ་ཁ་ཁ། ཁྱོད་ཀྱང་འདི་རུ་ཡོད་པ་སེམས་པའི་དགུ་ལའང་མ་དྲན”ཞེས་བཤད་ཞོར་སྨན་པའི་གམ་དུ་ཕེབས་ནས་ཕྱག་འཇུས་བྱེད་རྩིས་བྱས་པ་ལ། གཤིན་རྗེའི་ལས་མཁན་ཞིག་ཉྭ་ལྷེམ་ལྷེམ་གྱིས་བརྒྱུགས་ཡོང་སྟེ། “འདིས་ཁྱོད་ཀྱི་བུ་ཆུང་སྙིང་ལ་རྗེ་བོ་བཀྲོངས་པར་མ་ཟད། ཉེས་ཅན་འདི་དག་གིས་ད་དུང་མི་ཡུལ་དུ་ཁྱིམ་པ་དབུལ་ཕྱུག་གི་ཁྱད་མ་ཕྱེས་ཤིང་། ནད་ཀྱི་གནས་ཚུལ་ལའང་བརྟག་དཔྱད་ཞིབ་མོ་མ་བཏང་བར་རང་སྣང་གང་དྲན་བྱས་པ་ཐལ་དྲགས་ཏེ་མི་ཟོག་མང་པོ་འཆི་ལམ་དུ་དེད་པས། ངན་སོང་དུ་སྐྱེས་པ་རེད”ཅེས་བཤད་ཞོར་དུ་སྨན་པ་ག་ལ་བ་དེར་སྡང་མིག་ཅིག་བགྲད་དེ་རང་ཉིད་མདུན་ན་འདོན་ལ་གློ་བ་ཉེ་བའི་ཚུལ་བསྟན།

དེ་ནས་གཤིན་རྗེའི་ལས་མཁན་གཞན་ཞིག་གིས་མགོ་སྒུར་སྒུར་གྱིས། “དཔོན་པོ་ཁྱོད་ཉིད་འདི་ལྟར་གཤེགས་ན་སྐུ་ངལ་བཟོད་གླགས་མེད་ཅིང་དུས་ཚོད་གང་མང་དགོས་པས། ཕྱིར་ཕོ་བྲང་དུ་ཕེབས་དང་། ཕྲན་གྱིས་ཁྲི་མུན་དུ་བཅུག་ཡོད་པའི་ཉེས་ཅན་དག་གི་ལོ་རྒྱུས་རྣམས་དཔོན་པོའི་སྙན་ལམ་དུ་འབུལ་ཆོག”ཅེས་བཤད་ཞོར་དུ་སླར་ཡང་མགོ་བོ་བྲང་ལ་སྨད་པ་དང་། དེར་མཐུད་ནས་ལས་མཁན་གཞན་དེས། “དངོས་གནས་རེད། ཉེ་བའི་ལོ་འགར་མི་ཡུལ་གྱི་རྒྱལ་ཁབ་སོ་སོའི་གཙོ་འཛིན་བརྗེ་བསྐོ་དང་། དཔོན་གྱི་ཏང་གཤིས་ཇེ་ལེགས། མི་དམངས་ཀྱི་གོ་རྟོགས་ཇེ་མཐོར་སོང་བ་དང་བསྟུན་ནས་གཤིན་རྗེའི་ཁྲི་མུན་གྱི་ཉེས་ཅན་ཡང་ལྟོས་བཅས་ཀྱིས་ཇེ་ཉུང་རེད”ཅེས་མིག་རིག་རིག་དང་། འཛུམ་ཤིག་ཤིག གཉའ་ཀུམ་ཀུམ། ཉྭ་ལྷེམ་ལྷེམ་བཅས་ཀྱི་སྒོ་ནས་ཞུས་པའི་ཚེ། མདུན་ན་འདོན་བཀྲ་ཁོ་དམྱལ་ཁམས་སུ་འབྱོར་ནས་ཅང་འགོར་མེད་པ་དང་། རང་ཉིད་ལ་དམིགས་བསལ་གྱི་ལས་འགན་ཅི་ཡང་བཀོད་སྒྲིག་བྱས་མེད། ཡང་གཅིག་བཤད་ན། མུ་མཐུད་དུ་མདུན་དུ་བསྐྱོད་ན་མིག་གིས་ཅི་མཐོང་མ་ངེས་པར་མ་ཟད། གཉེན་ཉེ་རིང་དང་གྲོགས་གྲོགས་མོ་གང་རུང་ལ་འཕྲད་ཚེ་ཅི་བྱ་ཨང་སྙམ་གྱིན་ལས་མཁན་གྱིས་ཞུས་པ་ལྟར་བྱས།

ཕྱིར་ཕོ་བྲང་དུ་ལོག་རྗེས། མདུན་ན་འདོན་བཀྲ་ཁོ་རང་གི་ཁྲི་ལ་བཞུགས་པ་དང་། ལས་མཁན་གཉིས་ཀྱིས་ལག་ཏུ་དེབ་མཐུག་པོ་རེ་ཐོགས་ཏེ་སུ་སྔ་སུ་མགྱོགས་རྩོད་པའི་འགྲོས་ཀྱིས་འདོན་མགོ་བརྩམས།“ཁྲི་མུན་གསུམ་པ་རུ་ཡོད་པ་རྣམས་ནི་དགེ་རྒན་རྐྱང་རེད་དེ། ཁོ་ཚོས་རང་གི་ཁ་རྒྱབ་དང་ཁྱིམ་གྱི་འཚོ་ཚིས་ཁོ་ནའི་སླད་དུ་དགེ་རྒན་གྱི་ལས་གནས་སུ་ཞུགས་ཤིང་། ཁྲིད་སྟེགས་སུ་སློབ་ཐུན་དང་པོ་བྱས་པ་ནས་མཇུག་མཐའི་སློབ་ཐུན་གྲོལ་ཏེ་ལས་འཁྱུར་ངལ་གསོ་བྱེད་རག་བར་དུ། གོང་ལ་གཅམ་གསག་དང་། བར་ལ་ཕྲག་དོག འོག་ལ་དམའ་འབེབ་བཅས་བྱས་པར་མ་ཟད། མི་ཤེས་བཞིན་དུ་གཞུང་བཤད་སོགས་འཆད་པའི་སྐྱོན་ལ་ཉེ་བར་འཇུག་ཅིང་། ལོག་གཡེམ་སོགས་མི་དགེ་བའི་ལས་ལ་སྤྲོ་བས་ཞུགས་པས་དམྱལ་ཁམས་སུ་ལྷུང་བ་རེད་དོ”མདུན་ན་འདོན་གྱི་ལས་མཁན་ཞིག་གིས་དེ་སྐད་ཞུས་ཏེ་ལས་མཁན་གཞན་དེའི་གདོང་ལ་ཅེར། “ཁྲི་མུན་བཞི་པ་རུ་ཡོད་པ་རྣམས་ནི་གཞུང་ཞབས་པ་རྐྱང་དུ་ངེས་ཏེ། ཁོ་ཚོའི་ཁྲོད་དུ་མངའ་དཔོན་དང་། ལྡིང་དཔོན། དྲུང་ཆེ། གྲོང་སྤྱི། ཡུལ་དཔོན། སྡེ་དཔོན་སོགས་ཀྱིས་མཚོན་པའི་ས་གནས་སོ་སོ་དང་། རིམ་པ་སོ་སོའི་ཏང་ཡོན་མགོ་ཁྲིད་གང་མང་མཆིས་ཤིང་། ཁོ་ཚོས་ཀྲུང་དབྱང་གི་བཀོད་སྒྲིག་རིས་སུ་བོར་ཅིང་། ཏང་གི་རེ་འདུན་རྩྭ་ལྟར་དོར་ནས་སྙད་གཞུང་བཏགས་དང་དགེ་རང་སྤྱད་བྱས་པས་མགོ་བདེ་པོས་ཞྭ་མོ་བརླགས་པའི་དཔེ་རུ་གྱུར་པ་རེད།”

“ཁྲི་མུན་ལྔ་པ་རུ་ཕར་ཕྱིན་དྲུག་དང་ལྡོག་ཏུ་ཕྱིན་ཅིང་དགེ་བ་བཅུ་དང་འགལ་བའི་ལས་དོན་བསྒྲུབས་པའི་གྲོས་མགོ་འདོན་མཁན་དང་། བརྒྱུད་པའི་སྒོ་ནས་མི་དགེ་བ་བསྒྲུབས་པར་རམ་བུ་འདེགས་མཁན། ཡང་ན། དེ་དག་ལ་རྗེས་སུ་ཡི་རངས་པའམ་དགེ་བའི་ལས་འབའ་ཞིག་དོན་དུ་གཉེར་མཁན་དག་ལ་སྐུར་བ་འདེབས་པའི་ཉེར་ལེན་གྱི་རྒྱུ་ལྟ་བུའི་རིགས་རྣམས་བཅུག་ཡོད།”

“ཁྲི་མུན་དྲུག་པ་རུ་ཕ་མ་མི་བཀུར་བའི་བུ་བུ་མོ་དང་། སྒྱུག་པོ་སྒྱུག་མོ་མི་བཀུར་བའི་མག་པ་དང་མནའ་མ། གཞོན་པ་བྱམས་ཀྱིས་མི་སྐྱོང་བའི་རྒན་པ། རྒན་པ་གཙུག་ཏུ་མི་བཀུར་བའི་ན་གཞོན། བླ་མ་མི་བཀུར་བའི་གྲྭ་པ་དང་ཇོ་མོ། དགེ་རྒན་མི་བཀུར་བའི་སློབ་མ་དང་ཁྱིམ་བདག་སོགས་དྲིན་བྱས་དྲིན་དུ་མི་གོ་བ་རྣམས་བཅུག་ཡོད།”

“ཁྲི་མུན་བདུན་པ་རུ་མངལ་ཆགས་པའི་སློབ་མ་དང་། མངལ་འབྱིན་པའི་མོ་ཧྲེང་། འདོད་པ་སྤྱོད་པའི་གྲྭ་བཙུན། ལོག་གཡེམ་བྱས་པའི་ཁྱོ་ཤུག་རྣམས་བཅུག་ཡོད།”

“ཁྲི་མུན་བརྒྱད་པ་ནས་བཅུ་བདུན་པའི་བར་དུ་མངོན་དུ་གསོད་མཁན་དང་། ལྐོག་ཏུ་བརྐུས་མཁན། རྫུན་གྱི་རྐྱལ་བ། ཕྲ་མའི་ལྕེ་ཅན། ཚིག་རྩུབ་ཀྱི་ཚེར་མ། དོན་མེད་ཀྱི་ངག་ཀྱལ། བརྣབ་སེམས་ཀྱི་སྒམ་ཆུང་། གནོད་སེམས་ཀྱི་རྣོ་གྲི། ལོག་ལྟའི་སྡིགས་མཛུབ་བཅས་མི་དགེ་བ་ལ་སྤྲོ་བས་འཇུག་ཅིང་དེ་ཁོ་ན་ཉིད་ལ་འབད་པའི་གང་ཟག་རྣམས་བཅུག་ཡོད།”

ལས་མཁན་གཉིས་ཀྱིས་འདི་ལྟར་གཅིག་རྗེས་གཅིག་གིས་མ་ཆོད་པར་ཁྲི་མུན་སོ་སོ་མཚམས་སྦྱོར་བྱེད་ཀྱིན་པའི་སྒང་ལ། མདུན་ན་འདོན་བཀྲ་ཁོས་གློ་བུར་དུ། “གཤིན་རྗེའི་ཡུལ་འདི་དངོས་གནས་དྲང་གནས་མི་དགེ་བ་མ་བསྒྲུབས་ན་མི་མཐོང་བ་དང་བསྒྲུབས་ན་མི་འཆོར་བ་ཞིག་དང་། ཡང་ན། གཤིན་རྗེའི་ལས་མཁན་རེ་རེ་ནི་གཏི་མུག་འཇོམས་པའི་ཐོ་བ་དང་། ཞེ་སྡང་གཅོད་པའི་སྟ་གྲི། འདོད་ཆགས་འདོན་པའི་འཇབ་ཙེ་ཡིན་ནམ”ཞེས་གསུངས་པས། ལས་མཁན་གཉིས་ཀྱིས་ཅི་ཡིན་འདི་ཡིན་མ་ཤེས་པར་གཅིག་མིག་གཅིག་ལ་ལྟ་བཞིན་དུ་བསྡད་པས། མདུན་ན་འདོན་བཀྲ་ཁོ་ལགས་ཀྱིས་མུ་མཐུད་དུ། “སྦྲང་བུ་རྒྱ་ལ་བཅུག་འདྲ་དང་། འདབ་ཆགས་རྙི་ཡིས་ཟིན་འདྲ། ཉ་མོ་དོལ་དུ་ཚུད་འདྲ། བྲན་ཁོལ་སྒྲིག་གིས་བཅིངས་འདྲའི་ཉེས་ཅན་འདི་དག་མ་གཏོགས་པའི་མི་ཡུལ་དུ་ད་དུང་ཞི་ལ་སྟག་དང་ནོར་བ་དང་། སྦལ་ལྕོང་འབྲུག་ཏུ་བཀུར་བ། མགྲིན་བཟང་རྟ་རུ་འཁྲུལ་བ། བྱི་བ་གླང་ཆེན་དུ་བཟུང་དང་འཛིན་གྱིན་པ་ཡོད་མིན་ཅི་ཆ”ཞེས་གསུང་བཞིན་ཁྲོ་བའི་ཉམས་ཀྱིས་ཁྲི་ལས་བཞེང་གྲབས་བྱས་པ་ན། ལས་མཁན་རྣམ་གཉིས་ཀྱིས་གཅིག་མིག་གཅིག་ལ་ལྟ་བཞིན་གདོང་མདོག་དམར་པོར་གྱུར་ནས་ཧད་འདུག་པ་ལས་ཅི་ཡང་སྨྲ་མ་ཕོད།

མདུན་ན་འདོན་བཀྲ་ཁོ་ལགས་ཀྱིས་ཁུ་ཚུར་རྡོ་ལོག་འདྲ་བ་བཅོས་ཏེ་མདུན་ཅོག་སྟེང་དུ་ཤུགས་ཀྱིས་གཞུས་ཤིང་། དེའི་མུར། “ན་ནིང་ཏོག་གསར་ནད་དུག་གི་བྱ་བ་འཐུས་ཤོར་དུ་གྱུར་པར་བྱས་པའི་གཏེ་བོ་རྣམས་གང་དུ་ཡོད།”

“ད་ལོར་དབུས་ནས་ཆེད་དུ་ནག་འཇོམས་ངན་སེལ་གྱི་བྱ་བའི་མགོ་མཇུག་བར་གསུམ་ལ་ལྟ་རྟོག་ཏུ་མངགས་ཤིང་། མཐར་རང་ཉིད་གཞོམ་བྱའི་ནག་པོ་དང་བསལ་བའི་ངན་པ་རུ་གྱུར་པ་དེ་ཉིད་གང་དུ་ཡོད།”

“……”

ནམ་རྒྱུན་སྟོན་པ་ཤཱཀྱ་ཐུབ་པ་མཐོང་ན་ཞྭ་མི་ཕུད་ཅིང་གཤིན་རྗེ་ཆོས་རྒྱལ་རིག་ན་མགོ་མི་བསྒུར་བར་གྲགས་པའི་ལས་མཁན་གཉིས་ཀྱིས་གློ་བུར་བའི་དྲི་བ་འདི་དག་ལ་ལན་ཇི་ལྟར་འདེབས་དགོས་པ་ཡེ་ནས་མ་ཤེས་པར་སྙིང་ཆུང་ལུ་གུ་ལྡིང་ལྡིང་བྱེད་ཅིང་མཆི་སྐབས། དཀར་མོ་གྱེན་འདེད་དང་ནག་པོ་ཐུར་འདེད་བྱེད་པའི་གཤིན་རྗེ་ཆོས་རྒྱལ་གྱིས་བཞིན་གསར་འཛུམ་འཛུམ་གྱིས། “སྙིང་གི་བློན་ཆེན། གཤིན་རྗེའི་ཡུལ་དུ་གནའ་ནས་བཟུང་ཁབ་འཚེམ་མངགས་དང་སྦུད་པ་དབུགས་མངགས་ཡིན་པས། ངེད་ཀྱིས་ཀྱང་རྐང་ཁྲག་རྡོ་ལག་ཁྲག་ཤིང་བྱས་ཏེ་སྐུ་སྲོག་འབེན་དུ་བཙུགས་ཏེ་འགྲོ་བ་རིགས་དྲུག་སེམས་ཀྱིས་འཚོས་ཤིང་། ལྟོ་གོས་གྱོང་ལ་བསྐུར་ནས་འགྲོ་བ་རིགས་དྲུག་ལ་སྤྱན་གྱིས་གཟིགས། བདེ་བ་རྩྭ་ལྟར་དོར་ནས་འགྲོ་བ་རིགས་དྲུག་ལ་བློ་ཡིས་དཔྱད། དཀའ་བ་ཁྱད་དུ་བསད་ནས་འགྲོ་བ་རིགས་དྲུག་ལ་ཐུགས་ཀྱིས་བརྟགས་ནས་ད་རག་བར་དུ་ལྷོད་གཡེང་བྱས་མ་མྱོང་། ཡིན་ནའང་ལས་མཁན་རེ་ཟུང་གིས་རྟག་ཏུ་ཕྱིན་ཅི་ལོག་གི་ལས་ཁོ་ན་གཉེར་བས། ཁྱོད་རང་གཤིན་རྗེའི་ཡུལ་དུ་ཕེབས་པ་ནི་ལྗང་བུར་སྦྲང་ཆར་འཕྲད་པ་ལས་ཀྱང་ལྷག་པའི་སྤྲོ་བ་ངང་གིས་འཕེལ་བྱུང་། ད་ནས་བརྩམས་ཏེ་གོང་གི་རྒྱལ་པོ་དང་དཔོན་པོ་དང་། བར་གྱི་ལས་བྱེད་དང་དམག་མི། འོག་གི་མི་དམངས་དང་རྐུན་ཇག་སུ་ཡིན་རུང་། ཆོས་དང་འགལ་ཚེ། ཁྱོད་ཀྱིས་ངེད་ལ་མ་ཞུ་བར་ཐད་ཀར་ཐག་བཅད་ཆོག”ཅེས་གསུང་ཞོར་དུ་ཐུགས་དགོངས་སྤྲོ་ལྷང་ལྷང་གིས་མདུན་ན་འདོན་བཀྲ་ཁོ་ལ་གཟིགས་པ་ན། ཁོང་ལ་ངང་ངམ་ཤུགས་ཀྱིས་སྟོབས་ཤུགས་ཤིག་རྒྱས་ཏེ་ཕྱག་ཟུང་བྲང་ལ་སྦྱར་ནས་བཀའ་དྲིན་སྐུ་དྲིན་ཆེ་བའི་ཚུལ་བསྟན།

དེ་ནས་བཟུང་། མདུན་ན་འདོན་བཀྲ་ཁོས་དམིགས་ཡུལ་ཡོད་པ་དང་། འཆར་གཞི་ཡོད་པ། གོ་རིམ་ཡོད་པ་བཅས་ཀྱི་སྒོ་ནས་ཁྲི་མུན་ཇེ་མང་དང་། ཉེས་ཆད་ཇེ་ཞིབ། རྟོག་དཔྱོད་ཇེ་ཡངས་སུ་བཏང་དང་གཏོང་མུས་ཡིན་པས། གཤིན་རྗེའི་ཡུལ་དུ་མཐོང་མ་མྱོང་བའི་དཔོན་པོ་དང་། དམག་མི། སྨན་པ། དགེ་རྒན། གཞུང་ཞབས་པ་སོགས་གཙོས་པའི་རྒྱལ་ཁབ་ཀྱི་ཕོགས་ལ་བརྟེན་ནས་འཚོ་ཞིང་གནས་པ་དང་། དེ་ནས་ནོམ་པའི་ཕྱིར་དུ་གཤིན་རྗེའི་ཡུལ་དུ་འབྱོར་མཁན་མང་དུ་འཕེལ་ལ། བླ་མ་དང་། གྲྭ་པ། ཇོ་མོ། སྔགས་པ། སྔགས་མ། རྣལ་འབྱོར་པ་གཙོས་པའི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་རུ་སྒྲོག་ཅིང་སྒྲུབ་པའི་ཆོས་པའམ་མི་མང་ན་མི་ཉུང་བའི་ཚོད་དུ་སྣང་བར་མ་ཟད། གཉེན་ཉེ་རིང་དང་། གྲོགས་གྲོགས་མོ། ཁྱོ་ག་དང་ཆུང་མ། དགེ་རྒན་དང་སློབ་མ། ཨ་ནེ་དང་མནའ་མ། གྱོས་པོ་དང་མག་པ་སོགས་ཀྱི་བར་དུ་མི་ཤི་རྟ་འགྱེལ་གྱི་སྐྱོ་གར་འཁྲབ་ནས་དམྱལ་ཁམས་སུ་ལྷུང་བའང་བགྲང་ལས་འདས་པས་མཚོན། མ་ཉེས་ཁག་གཡོགས་དང་གཞན་སྐྱོན་རང་འགེལ་བྱས་པའང་རེ་ཟུང་ཡོད་མོད་ཀྱི། གཤིན་རྗེ་ཆོས་རྒྱལ་དང་མདུན་ན་འདོན་བཀྲ་ཁོའི་བཀོད་སྒྲིག་དང་ཁྲིམས་ཀྱི་གཉའ་ཤིང་འོག་ཏུ། ས་ས་མལ་དང་རྡོ་རྡོ་མལ་བྱས་པས། ས་གསུམ་དུ་སླར་ཡང་སྐྱིད་ཀྱི་ཉི་མ་འཆར་བར་གྱུར་ཏོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།