ཀྲུང་གོ་བོད་ཀྱི་དྲ་བ།

ལས་དབང་གི་བཀོད་སྒྲིག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : གཟུངས་བསྡུས་སྐྱབས།   སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག

ཁྱོད་རང་ལས་དབང་ལ་ཡིད་ཆེས་ཡོད་དམ།ཁྱོད་རང་ལས་དབང་གི་བཀོད་སྒྲིག་ལ་ཡིད་ཆེས་ཡོད་དམ།

དེ་རིང་ང་རང་ལས་དབང་གིས་ཁ་ཁར་བཏང་བའི་ཆུང་མ་ལ་ངོ་འཕྲད་ཐེངས་ཤིག་བྱེད་དུ་འགྲོ་བཞིན་ཡོད།དྲང་མོར་བཤད་ན།ངེད་གཉིས་ཕར་དགའ་ཚུར་དགའ་ཡིན་ན་ཡང་ཚེ་གང་མཉམ་དུ་སྡོད་པའི་སྐལ་བ་ཡེ་ནས་མ་བྱུང་།ཅིའི་ཕྱིར་ཞེ་ན།དེ་ལ་བཤད་མི་ཚར་བའི་གཏམ་རྒྱུད་རིང་མོ་རིང་མོ་ཞིག་ཡོད་མོད།འོན་ཀྱང་དོན་རྡོག་རྡོག་པོ་བཤད་ན་འདི་ལྟ་སྟེ།ཡོད་ཚད་སྐབས་དེར་ང་རང་དབུལ་པོ་ཞིག་ཡིན་པ་དང་།སྤྱིར་བཏང་དུ་སྤྱི་ཚོགས་འདིའི་ཁྲོད་ནས་དབུལ་པོ་རྣམས་ཀྱིས་མགོ་བོ་ཡར་འདེགས་དཀའ་བ་དང་དབུལ་པོ་རྣམས་མིག་ནང་ལ་མི་འཇོག་པ་དེ་རེད།ཆེས་མ་མཐའ་ཡང་སྐབས་དེ་དུས་སུ་ཆུང་མ་དང་ངེད་གཉིས་གཉེན་སྒྲིག་བྱེད་སྐབས་ཀྱི་སྤྱི་ཚོགས་ཁོར་ཡུག་ནི་དེ་འདྲ་ཞིག་རེད་ཅེས་བཤད་ཆོག

ངེད་གཉིས་ཀྱིས་རླངས་འཁོར་བསྐོར་ཏེ་མིས་མི་རིག་ས་དང་ཁྱིས་མི་ཚོར་སའི་འབྲོག་ཐང་ཞིག་ཏུ་ཡོང་བ་ཡིན།རྒྱུ་མཚན་ད་ལྟ་ཁོ་མོོར་ཁྱོ་ག་དང་བྱིས་པ་ཡོད་པས་ཡིན།བལྟས་ཡོང་ན་འབྲོག་ཐང་འདི་ཡང་དེ་དུས་ཀྱི་ངེད་གཉིས་ཀྱི་ཆེས་ཐོག་མའི་ཐུག་འཕྲད་བྱེད་སའི་འབྲོག་ཐང་དེ་དང་འདྲ་བར་ཅི་འདྲའི་དབེན་ཞིང་འཇགས་པ་ཞིག་རེད།

ལོ་བཅུ་གྲངས་ལྷག་ལ་ཁ་ཁར་གནས་པའི་ཆུང་མ་དེ།དེ་རིང་ང་ཡི་གམ་དུ་གཉོམ་དུང་དུང་གིས་འགྲོ་བཞིན་ཡོད་ན་ཡང་།ངས་གློ་བུར་དུ་མོོར་ཅི་ཞིག་ལབ་དགོས་པ་འང་ཡིད་ལ་དྲན་དཀའ་བར་འདུག མཐར་ངས་གདོང་ལ་འཛུམ་རྒྱུ་མེད་ཀྱང་འཛུམ་ཞིག་ལངས་ཁུལ་བྱས་ཏེ་སྐད་ཆའི་བརྗོད་གཞི་ཞིག་གི་གླེང་སློང་ཨེ་ཐུབ་ལ་འབད་པ་ཡིན།

“ད་ལྟ་ཁྱོད་ཀྱི་འཚོ་བ་ཅི་འདྲ་ཞིག་རེད།”

མོས་རྒྱང་རིང་རྒྱང་རིང་གི་འཕུར་བཞིན་པའི་བྱ་ཚོགས་དེ་ལ་ལྟ་ཞོར་ང་ལ་ལན་བཏབ་པ་སྟེ།

“ཁྱོད་ཀྱི་དྲིན་ལ་མི་བཟང་རྒྱུ་མི་འདུག”

མོས་ཅི་ཟེར་གྱིན་འདུག ང་ཡི་དྲིན་ལ་ཞེས་ང་ནང་དུ་འདྲུད་དགོས་དོན་ཅི་ཡིན་ནམ།འོ།བསམ་ཞིང་བསམ་ན་མོར་ཁག་མི་འདུག དེ་དུས་ངས་མི་གཞན་གྱི་མཐོང་ཆུང་ལ་གདོང་གཏོད་རྒྱུ་ཡིན་ཞེས་དགོས་མཁོ་དེ་འདྲ་མེད་པའི་རང་ཚུགས་ཟེར་བ་ཞིག་འཛིན་ཁུལ་བྱས་མེད་པ་ཡིན་ན།ད་ལྟ་ང་རང་སྔར་བཞིན་མོ་ཚང་གི་གཉེན་ཉེ་དུ་དག་ལ་མཐུན་ཐབས་མེད་ན་ཡང་།མོ་རང་འདོར་དགོས་པའི་གནས་ལུགས་ཤིག་གང་ན་འདུག ཤུ།བསམ་ཞིང་བསམ་ན་ཡོད་ཚད་ལོ་ཆུང་དུས་ཀྱི་སྣང་བ་ཟེར་བ་དེ་ལན་འདུག

གཉིས།

མཐོ་ས་ནས་དམའ་ས་རུ་ལྷུང་ལྷུང་དུ་བཞུར་གྱིན་པའི་ཀླུ་ཆུའི་བཞུར་སྒྲ་དེ་ཅི་འདྲའི་སྙན་ཞིང་འཇེབས།ལས་བཟང་བ་ཞིག་ལ་དུས་ཆད་བྱས་པའི་དེ་རིང་གི་གནམ་གཤིས་ཀྱང་ཧ་ཅང་ཡག་པོ་འདུག ངེད་གཉིས་ཀྱིས་རླངས་འཁོར་ལས་སྔར་ནས་གྲ་སྒྲིག་བྱས་ཡོད་པའི་ཟས་གཡོས་སྦྱོར་བྱེད་སྤྱད་ཀྱི་སྣོད་ཅ་ལག་དང་།གཞན་བཟའ་བཅའི་རིགས་དག་ཀླུ་ཆུའི་འགྲམ་གྱི་དབྱར་གཞུང་གི་རྩྭ་ཐང་དེའི་པང་དུ་ཐང་མར་བརྡལ་ཞིང་།རྡོ་ལེབ་གསུམ་གྱི་སྟེང་དུ་བ་མ་ཞིག་བཙུགས་ཏེ་ཁ་ཟས་སྟབས་བདེེ་ཞིག་གྲ་སྒྲིག་བྱས་པ་ཡིན།སྐབས་ཐོག་དེར་བདག་གི་སེམས་སུ་ངེད་གཉིས་སྔོན་ཆད་ལྟར་ཁྱིམ་ཚང་གཅིག་གི་བཟའ་ཟླ་བཞིན་རང་རང་གི་ས་ན་ཁྱིམ་ལས་ཙག་ཙིག་ལ་འབད་བཞིན་པའི་སྣང་བ་ཞིག་སྐྱེས།རེད་ཡ།གནམ་སྔོན་སྤྲིན་དཀར་དེ་ངེད་གཉིས་ཀྱི་ཁང་པའི་ཀླད་ཁེབས་ཡིན།སྤང་ལྗོངས་སྔོན་མོ་དེ་ངེད་གཉིས་ཀྱི་ཁང་པའི་ས་གདན་ཡིན།

“བྱིས་པ་གཉིས་ཀ་སློབ་སྦྱོང་ལ་ག་འདྲ་རེད།”

ངས་ངེད་གཉིས་ཀྱིས་གཡོས་སྦྱོར་བྱས་པའི་ལག་ཟས་ལ་རོལ་མྱོང་བྱེད་སྐབས་དེ་ལྟར་དྲིས།དྲི་བ་དེ་ནི་རང་ཉིད་ཀྱི་ཤ་ལས་ཆད་པའི་བུ་ཕྲུག་བཞིན་དམིགས་བསལ་གྱི་འགུག་ཤུགས་ཤིག་ཡོད་སོང་བ་ཡིན་ནམ།གང་ལྟར་ཆུང་མའི་མིག་ཀོང་མཆི་མས་གང་ཞིང་གདོང་ལ་རང་ཤུགས་ཀྱིས་སྐྱོ་མདོག་སྙིང་ལ་གཟན་པ་ཞིག་ཤར་བྱུང་།

“ཨ་ཕའི་བརྩེ་བ་མ་ཐོབ་པའི་བུ་ཕྲུག་ཚོ་ངོ་མ་སྙིང་མ་རྗེ།”

མོའི་སྐད་ཆ་དེས་ང་ལ་འགྱོད་པ་གསེར་གྱིས་མི་ཁུགས་པ་ཞིག་སྐྱེ་རུ་བཅུག་སོང་ལ།དེ་དང་ཆབས་ཅིག་མོའི་ད་ལྟའི་ཁྱོ་ག་དེས་ཁོ་རང་ཉིད་ཀྱི་བྱིས་པ་དེ་མ་གཏོགས།གཞན་བསོད་ནམས་བཀྲ་ཤིས་དང་ཚེ་རིང་བསམ་འགྲུབ་གཉིས་ལ་ཕྱོགས་རིས་ཆེས་ཆེར་འཛིན་བཞིན་ཡོད་མེད་ལ་དོགས་པ་ཟོས་ཤིང།དེ་མུར་མོར་གཏིང་འདྲི་བྱེད་འདོད་པའི་དྲི་བ་གཞན་ཞིག་ཐོན་སོང་།

“ཅི་རེད།ཁྱོད་ཀྱི་ཁྱོ་ག་དེས་བྱིས་པ་གཉིས་ལ་ཕྱོགས་རིས་བྱེད་དམ།”

“དཔེ་ཆེ་ཡོད།ཁོ་ནི་ངོ་མ་ཕ་ཡར་དགའ་ཞིག་ཡིན།”

“ངོ་མ།”

“ངོ་མ།བྱིས་པ་གཉིས་ཀྱང་ཁོ་ལ་ཤིན་ཏུ་འདང་ཡོད།”

རང་གི་ཤ་རུས་འཁྲུལ་མེད་ཡིན་པའི་བྱིས་པ་གཉིས་ཀྱང་ཆུང་མའི་ད་ལྟའི་ཁྱོ་ག་དེ་ལ་ཤིན་ཏུ་འདང་ཡོད་ན།ཁོ་གཉིས་ང་ལ་འདང་ཡོད་དམ།ངས་དེ་ལྟར་རང་གིས་རང་ལ་དྲི་བ་ཞིག་བཏོན་ཞིང་།ཆུང་མའི་ད་ལྟའི་ཁྱོ་ག་དེ་ལ་ཡིད་སྨོན་སྐྱེས་ཤིང་།འདས་ཟིན་པའི་རང་ཉིད་ལ་འཚིག་པ་ཟོས་ཤིང་ད་ལྟའི་རང་ཉིད་ལ་སྙིང་རྗེ་སྐྱེས།ད་དུང་མ་འོངས་པའི་རང་ཉིད་ལ་རེ་ཐག་ཀྱང་ཆད་པ་ལྟ་བུར་གྱུར།ཡིན་ན་ཡང་།མིག་སྔར་གྱི་གནས་བབ་ལྟར་ན་བདག་གིས་ཆུང་མའི་ད་ལྟའི་ཁྱོ་ག་དེ་ལ་བཀའ་དྲིན་ཞུ་དགོས་འདུག མ་གཏོགས་ཁོས་ཁོ་རང་ཉིད་ཀྱི་བྱིས་པ་དང་བདག་གི་བྱིས་པ་གཉིས་ལ་ཕྱོགས་རིས་ཀྱི་སྦྱོར་བ་སྤེལ་བ་ཡིན་ན་ཅི་བྱ།

“ངོ་མ་བཟང་གི ངའི་ཚབ་ཏུ་ཁོ་ལ་ཤུ་རེ་བྱོས།”

གསུམ།

འདི་གའི་ཀླུ་ཆུའི་འགྲམ་ནས་ཕ་གིའི་དེའུ་འབུར་དེའི་སྒང་དུ་ངེད་གཉིས་ལས་སླ་མོའི་སྒོ་ནས་ཐོན་ཐུབ་པ་ལ་བལྟས་ན།ངེད་གཉིས་ད་དུང་རྒས་འཁོགས་སུ་གྱུར་མེད་པ་རྟོགས་ལོས་ཐུབ།ཡིན་ན་ཡང་ལོ་བཅུ་གྲངས་ལྷག་གི་ཡར་སྔོན་དང་བསྡུར་ན།ངེད་གཉིས་ནི་དངོས་པོ་རེ་རེ་ཡིན་པའི་དབང་དུ་བཏང་ན།ད་ནི་རྙིང་རན་པའི་དངོས་པོ་རེ་རེ་ལོས་ཡིན།

དེའུ་འབུར་འདིའི་སྒང་ནས་ཕྱོགས་ཡོངས་ལ་རྒྱང་ལྟ་ཞིག་བྱས་ཚེ།དབྱར་གཞུང་ནི་ཅི་འདྲའི་དག་སྣང་ལྡན་ཞིང་ཅི་འདྲའི་བདེ་སྣང་དང་ལྡན་པ་ཞིག་རེད།ལྷག་པར་དུ་རྨ་ཁུག་རྩྭ་ཐང་གི་དབྱར་གཞུང་ནི་འདྲ་འདྲའི་ནང་གི་མ་འདྲ་བ་ཞིག་རེེད།ཉམས་དགའ་བའི་ཁོར་ཡུག་འདི་ནས་ངེད་གཉིས་ཀྱིས་ཕན་ཚུན་འཐམ་འཁྱུད་ཀྱི་དགའ་བདེའི་དཔལ་ལ་ཐེངས་གཅིག་རོལ་ཐུབ་ན་ཅི་མ་རུང་།འོན་ཀྱང་ངས་ཐ་ན་མོར་ཚུལ་མིན་གྱི་སྐད་ཆ་ཙམ་ཡང་མ་བཤད།ཡོད་ཚད་མོའི་ད་ལྟའི་གནས་བབ་དང་འཚོ་བ་ལ་ནག་ནོག་གི་དྲི་མ་བསྒོ་མ་འདོད་པས་ཡིན།ཅིས་ཀྱང་ངས་མོར་སྔ་ས་ནས་ལེགས་སྐྱེས་ཤིག་གྲ་སྒྲིག་བྱས་ཡོད།

“འདི།འདི་ཁྱོད་ཀྱིས་ངེས་པར་དུ་ལེན་དགོས།”

ངས་མོར་བྱིན་པའི་ལེགས་སྐྱེས་ནི་ཁ་བཏགས་དཀར་པོ་ཞིག་གི་ཁུད་དུ་གཅུད་པའི་དམངས་སྒོར་ཁྲི་གཅིག་ཡིན།མོས་ཁ་བཏགས་ཁུད་ཀྱི་བརྒྱ་ཤོག་དེ་དག་མཐོང་མ་ཐག ཡུད་ཙམ་ལ་བདག་གི་གདོང་ལ་ཅེར་ཞིང་བདག་གི་གདོང་གི་རྣམ་འགྱུར་ལས་ཅི་ཞིག་འཚོལ་འདོད་ཀྱི་བརྟུལ་ཞུགས་བཟུང་ནས་བསྡད་མཐར།

“ང་ལ་སྒོོར་མོ་ཁང་པ་གང་བྱིན་ཡང་མི་དགོས།”

ཨུ་ཚུགས་ཇི་ལྟར་བྱས་ཀྱང་མོས་ལེན་རྒྱུ་མིན་པ་འདྲ། ཞུ་བ་ཇི་ལྟར་བྱས་ཀྱང་མོས་ལེན་རྒྱུ་མིན་པ་ཐག་ཆོད་རེད།འོ་ན་ད་ནི་ཐབས་བཀོད་གཞན་ཞིག་འཐེན་ལ་སྐད་ཆ་གཞན་ཞིག་བཤད།

“འདི་ངེས་པར་དུ་བྱིས་པ་གཉིས་ཀྱི་ཆེད་དུ་བཀོལ་དགོས།དེ་མ་གཏོགས་གཞུག་ནས་ང་ལ་གོ་སྐབས་རེག་རྒྱུ་མ་རེད།ད་རེབ་འདི་ངེས་པར་དུ་ལེན་དགོས།”

ཐབས་བཀོད་དམ་སྐད་ཆ་འདི་ལ་ནུས་པ་ཐོན་སོང་།

“ཆོག་གི འོ་ན་ངས་ལེན།”

བཞི།

ད་ནི་ཉིན་གཅིག་ལ་དུས་ཆད་བྱས་པའི་དམིགས་བསལ་གྱི་དུས་ཚོད་དེའི་མཇུག་རྫོགས་ལ་ཉེ།ངེད་གཉིས་ཀྱིས་རླངས་འཁོོར་བསྐོར་ནས་ཡང་བསྐྱར་ལམ་ལ་ཆས།ལམ་བར་དུ་མོས་ཅི་ཡང་མི་ཟེར་ལ།ང་ལ་ཡང་ཅི་འང་བཤད་རྒྱུ་མི་འདུག ཤུ་རེ་ཁོ།ངེད་གཉིས་གཉེན་འཐོར་བྱས་མེད་པ་ཡིན་ན་ནི།ངེད་གཉིས་དགའ་སྤྲོ་དང་བཅས་ཏེ་ཁྱིམ་དུ་ལོག་ཆོག་པར་མ་ཟད།ཁྱིམ་དུ་ལོག་ནས་བྱིས་པ་དག་ལ་གཅེས་གཅེས་རེ་གནང་ཆོག་ནི་རེད།མཚམས་འདིར་ངས་ཁྱེད་ཅག་ལ་ཞུ་འདོད་པའི་རེ་བ་ཞིག་ཡོད་སོང་།རེ་བར་གཉེན་བསྒྲིགས་ཚར་རྗེས་གཉེན་འཐོར་མི་བྱེད་པའི་རེ་བ་ཆེ།རྩོད་པ་རྩོད་གླེང་རེ་ཡོད་ན་ཡང་བྱིས་པ་ཚོའི་བདེ་སྐྱིད་ཀྱི་ཆེད་དུ་ཁོག་རྒྱ་རེ་བསྐྱེད་དང་།སྙིང་རྗེ།དོན་དམ་དུ་བྱིས་པ་ཚོ་ལ་ཉེས་པ་ཅི་ཞིག་ཡོད་དམ།

“ང་རང་འདི་ནས་བབས་ཆོག”

བལྟས་ཡོང་ན་མོ་ད་ལྟའི་ཁྱོ་ག་ཡིས་མཐོང་རྒྱུ་རེད་བསམས་ནས་སྐྲག་བཞིན་འདུག དྲང་མོར་བཤད་ན་མོར་ཡང་ཁག་མི་འདུག མཚམས་རེར་བདག་གི་སེམས་སུ་སྤྱི་ཚོགས་འདིའི་སྒང་དུ་བུད་མེད་དག་གི་ལས་དབང་ལ་དངོས་ནས་གདུང་སེམས་མཉམ་སྐྱེ་བྱེད་འདོད།སྐྱེས་པ་ཚོས་བུད་མེད་བགྲང་ལས་འདས་པ་ཞིག་ལོངས་སུ་སྤྱོད་པ་དེ་གཟི་བརྗིད་དུ་རློམ་ཞིང་།བུད་མེད་དག་གིས་སྐྱེས་པ་རེ་གཉིས་ཤིག་དང་དུས་ཆད་བཏབ་པ་ཙམ་གྱིས་ཀྱང་ངོ་ཚ་ཞིག་ཏུ་བརྩིས་འགྲོ་བ་འདི་ཅི་རེད།

སྡོད།མཚམས་འདིར་བདག་གིས་སྐྱག་ལབ་རྒྱག་བཞིན་འདུག དོན་དམ་དུ་སྔོན་ཆད་ངས་ཀྱང་མོའི་འདས་ཟིན་པ་ལ་འཁང་ར་བྱས་པ་གྲངས་མེད་ཅིང་།ཐ་ན་མོར་ཁྱོད་ནི་སྐྱེས་པ་ཀན་དང་འདིའི་ཆབ་ཏོ་ལྟ་བུ་རེད་ཅེས་ངོ་མཚང་ཡང་དྲུས་མྱོང་།ཤུ།འཇིག་རྟེན་འདི་རུ་གནས་ལུགས་འཆད་ཤེས་མཁན་མང་ཡང་།གནས་ལུགས་དེ་ལག་ལེན་དུ་བསྟར་མཁན་ག་ཚོད་ཅིག་འདུག་ཨང་།

“ཁྱོད་མ་བབས་སྔོན་ལ་ང་ཁྱོད་ལ་བཤད་རྒྱུ་ཞིག་འདུག”

“ཤོད།”

“ཁྱོད་ཀྱིས་བལྟས་ན་འུ་གཉིས་ཅི་ཞིག་ལ་གཉེན་འཐོར་བྱུང་དགོས་ནི་རེད།”

ཆེས་མཇུག་མཐའི་དྲི་བ་འདིས་མོ་ཡུད་ཙམ་ལ་ཁ་རོག་གེར་འདུག་ཏུ་བཅུག་མཐར།

“ལས་དབང་།ལས་དབང་གི་བཀོད་སྒྲིག་ཡིན་རྒྱུ་རེད།”

“འོ་ལེ།འུ་གཉིས་ཀྱི་ལས་དབང་འདི་ཅི་འདྲའི་སྡུག་ཐུག་ཅིག་རེད།”

མོ་རླངས་འཁོར་ལས་བབས་ཏེ་ང་དང་བར་ཐག་ཇེ་རིང་ནས་ཇེ་རིང་རེད།བདག་གིས་ད་སོ་མ་མོས་ལན་བཏབ་པའི་ལས་དབང་གི་བཀོད་སྒྲིག་རེད་ཅེས་པ་ལ་གནས་ལུགས་ཡོད་མེད་བློས་བརྡར་ཤ་གཅོད་བཞིན་པའི་སྒང་ཡིན།ལས་དབང་།ལས་དབང་།ལས་དབང་ཞེས་པ་ནི་ལས་ཀྱིས་བསྐོས་པའི་དབང་ཐང་དེ་མ་ཡིན་ནམ།དེ་ན་ཡང་ལས་དབང་གི་ཁ་ལོ་པ་ང་ཚོ་རང་ཉིད་བྱས་ན་ཅིས་མི་ཆོག དེ་ལྟར་བསམ་པའི་མོད་ལ་གློ་བུར་བའི་སེམས་ཚོར་ཞིག་གིས་བདག་གི་དོན་ལྔ་སྣོད་དྲུག་ལ་ངར་ལྡུད་པ་ལྟ་བུའི་ཚོར་སྣང་ཞིག་བྱུང་དུ་བཅུག་པ་དང་ཆབས་ཅིག དུས་ད་ལྟ་ཉིད་དུ་ཕ་མེས་ཡང་མེས་རིང་ནས་རང་གི་རྐང་དུ་ཟུག་པའི་ལས་དབང་ཞེས་པའི་ལྟ་བ་དེ་ཁས་མི་ལེན་པར།རང་ཉིད་ཀྱི་འདོད་མོས་ལྟར་མོ་ཡང་བསྐྱར་རླངས་འཁོར་དུ་འདུག་ཏུ་བཅུག་ནས་ཐག་རིང་ཐག་རིང་ཞིག་ཏུ་སོང་ན་བསམ།ཡིན་ཡང་མིག་སྔར་གྱི་གནས་བབ་ལ་བསམ་ན།འདི་ལྟར་བགྱིས་ཚེ་མོར་སྡུག་ཐོག་ལ་སྡུག་དང་མེ་ཐོག་ལ་སྣུམ་བླུགས་པའི་དཔེ་ལས་མི་འདུག འོ་ན།ད་ནི་ཅིས་ཀྱང་ལས་དབང་ཞེས་པ་ཁས་ལེན་དགོས་པ་ཡིན་ནམ།གཅིག་བྱས་ན་འདི་དངོས་གནས་ངེད་གཉིས་ཀྱི་ལས་དབང་ཡིན་ཡང་སྲིད།གནམ་འོག་གི་སྐྱེ་འགྲོ་ཡོད་ཚད་ལས་དབང་ལྟར་འཚོ་དགོས་པ་ཞིག་ཡིན་ཡང་སྲིད།

མོ་མི་དལ་མི་བྲེལ་བའི་གོམ་སྟབས་ཤིག་དང་བསྡོངས་ཏེ་ང་དང་སྔར་ལས་ཀྱང་རྒྱང་ཐག་ཇེ་རིང་ནས་ཇེ་རིང་རེད།ཤུ།འདི་ནི་ངེད་གཉིས་ཀྱི་ཆེས་མཇུག་མཐའི་ཐུག་འཕྲད་དེ་ཡིན་ནམ།ད་ནས་བཟུང་བདག་གིས་མོ་མཐོང་ཐུབ་པའི་དབང་དུ་བཏང་ཡང་།དེ་རིང་བཞིན་དུ་སེམས་ལྷོད་ལ་བབས་ནས་སྙིང་གཏམ་ཚིག་གཅིག་ཀྱང་བཤད་པའི་གོ་སྐབས་ཡོད་མེད་སུས་ཤེས།དེ་བས་ངས་ད་དུང་ཡང་དེ་རིང་གི་གསེར་ལས་ལྷག་པའི་དམིགས་བསལ་གྱི་དུས་ཆད་འདི་ལ་སྐད་ཆ་ཚིག་གཅིག་གིས་ཁ་གསབ་བརྒྱག་ན་འདོད།ཡང་གཅིག་བཤད་ན།སྐད་ཆ་འདི་ནི་ད་ལྟ་ངས་མོར་ཆེས་བཤད་ན་འདོད་པའི་སྐད་ཆ་ཚིག་གཅིག་ཡིན་པ་མ་ཟད།བདག་གིས་འཚོ་བ་ལ་བཟུང་བའི་བསམ་ཚུལ་གསར་པ་ཞིག་གི་དབུ་ཚུགས་ས་ཡང་ཡིན།

“འུ་གཉིས་ལ་རང་རང་ས་ནས་བདེ་སྐྱིད་ལྡན་པའི་སྨོན་ལམ།མཉམ་དུ་ཤུགས་རྒྱག”

ངས་མོའི་རྗེས་སུ་རླངས་འཁོར་བསྐོར་སོང་ནས་དེ་ལྟར་བཤད་མ་ཐག མོའི་བསམ་པ་དང་ངའི་བསམ་པ་གཉིས་གཞི་གཅིག་ལ་ཁེལ་སོང་བ་ཡིན་ནམ།གང་ལྟར་མོས་མགོ་བོ་ནང་དུ་ལྡེམ་ལྡེམ་ཙམ་བྱས་པར་མ་ཟད།གདོང་ལ་ཞོགས་པའི་སྐྱ་རེངས་ལྟ་བུའི་འཛུམ་མདངས་གསར་པ་ཞིག་ཀྱང་ག་ལེར་མངོན་སོང་།བདེ་མོ།སྙིང་གི་ཚི་ལུ།སེམས་ཀྱི་བུ་མོ།ལས་དབང་གིས་ཁ་ཁར་བཏང་བའི་ཆུང་མ་ཁྱོད་བདེ་མོ།གཙོ་བོ་འུ་གཉིས་གཉེན་བསྒྲིགས་ཚར་བའི་རྗེས་སུ་གཉེན་འཐོར་མ་བྱས་ན་འགྲིག་ཡོད།ཡིན་ཡང་ད་ནི་དེ་དག་བཤད་ན་ཡོད་ཚད་སྟོང་བ་རེད།རེད།འདི་ནི་འུ་གཉིས་ལ་དབང་བའི་ལས་དབང་གི་བཀོད་སྒྲིག་ཅིག་ཡིན་པར་གྱིས།བདག་གིས་རེ་བ་ཁྲི་དང་སྨོན་ལམ་འབུམ་གྱི་ཁྲོད་ནས་ཁྱོད་དང་ཁྱོད་ཀྱི་བཟའ་མི་ཡོངས་སྐྱིད་པའི་དཔལ་ལ་རོལ་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།