ཀྲུང་གོ་བོད་ཀྱི་དྲ་བ།

སྐྱ་བོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : མི་ལ་ཙི་ཙི།   སྤེལ་དུས། : 2021-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“དེ་འཛིན་རོགས།”

“ཀན་ཟུངས་དང་།”

“ཁོ་འཆོར་དུ་མ་འཇུག”

དེ་ལྟར་སྐད་ཅོར་རྒྱག་མཁན“འཇིག་རྟེན་འཕུར་སྐྱོད་པ”སྐོར་ཞིག་འཁབ་བེ་འཁོབ་བེར་ཚུར་བརྒྱུགས་ཡོང་། སྔུན་ན་གཅེར་ཧྲེང་ཞིག་དཀར་ལིང་ལིང་འབྲོ། ཁད་ཉེ་སར་འགྲོ་འོང་བྱེད་མཁན་མི་རྣམས་ཀྱིས་རང་རང་གི་ཁ་ཐུམ་བསྐྱོར་ཏེ་ཕྱོགས་ཕྱོགས་སུ་བྲོས། སྐྱ་བོས་ལྕགས་རྟ་ཕར་གཡུགས་ཤིང་ཐེ་ཚོམ་མེད་པར་བརྒྱུགས་ནས་དེའི་སྐེད་པར་འཇུས། འོན་ཀྱང་དེས་ལུས་ལ་ཤེད་ཅིག་བསྒྲིམས་ཙ་ན། ཉ་ཞིག་འཚིར་པ་ལྟར་ལག་ནང་ནས་ཤུད་སོང་། སྐྱ་བོ་ཡང་བསྐྱར་མཆོང་ཐེངས་གཅིག་ལ་དེའི་མགྲིན་པར་འཐམ། ཁ་ཐུམ་ཡང་སར་ཟགས། དེས་ཐང་ནས་འཕག་འཚག་རྒྱག་གིན་སྐྱ་བོའི་གདོང་ལ་མཆིལ་ཞགས་བར་མེད་སྟོར། དེ་ཙམ་ལ། དཀའ་ཚེགས་ངང་ར་མདའ་ཚོའང་གཅིག་རྗེས་གཉིས་མཐུད་དུ་འབྱོར། དེའི་ཁྲོད་ཀྱི་གཅིག་གིས་ཁ་པར་བཏེགས་ཏེ་མཚམས་འཇོག་མེད་པར་འདྲ་པར་ལེན། ཚུར་བསྐོར་བའི་པར་མིག་ཡོད་དོ་ཅོག་ལ་སྐྱ་བོ་མི་དགའ། ཁོས་དེར་གདོང་པ་གསེག་སྟེ་མིག་ཟུར་གྱིས་བལྟས་ཏེ་སྡོད།

“འོན་ཀྱང་ཐོག་མར་ང་ཅིས་ཀྱང་ཁྱིམ་དུ་ཐེངས་གཅིག་ལོག་དགོས།”

དེ་ཚོའི་བཀོད་སྒྲིག་དང་དུ་བླངས་ཏེ་རླངས་འཁོར་སྟེང་འབུད་ཞོར་སྐྱ་བོས་དེ་ལྟར་སྨྲས།

དུང་བརྡ་སིང་སིང་ཁྲོད་རླངས་འཁོར་དེ་སྲང་ལམ་ཆེ་ཕྲ་ཀུན་ནས་ཤར་རྒྱག་སྒོས་ཕྱིན།

ཁྱིམ་དུ་འཛུལ་རྗེས་སྐེ་ཕྱིར་བསྲིངས་བསྡད་དེ་སྐྱ་བོས། “ཁྱོད་ཚོས་ཕྱི་ལོགས་ནས་ཏོག་ཙམ་བསྒུག་རོགས། མལ་གོས་དང་འཁྲུད་ཆས་སོགས། ང་ལ་གྲ་སྒྲིག་བྱ་རྒྱུ་འགའ་རེ་ཡོད”ཅེས་ཆོག་མཆན་མ་ཡོང་སྔོན་ཕྱི་ལག་གིས་སྒོ་ཡང་མོར་གཏན། དེ་མ་ཐག ལུ་གུ་མལ་ཁང་ནས་བརྒྱུགས་ཡོང་སྟེ་ཁོའི་རྐང་པའི་འཁྲིས་སུ་འགྲེ་ལོག་རྒྱག་གིན་ལྟོ་བ་ངོམ། རྔ་མ་གཡོབ། སྐྱ་བོས་རེམ་པོར་ལུ་གུ་འུབས་ཏེ་མལ་ཁང་ནང་འཛུལ་རྗེས་སྒོ་ཡང་མོར་གཏན། རི་རྩེའི་ཉིན་ངོས་སེར་པོ་དེ་སྔར་ལྟར་མིག་ལ་ཡག་ཅིང་སེམས་ལ་སྐྱིད། ཉི་ཁྱམས་སུ་སྐྱ་བོས་ལུ་གུ་འགྲམ་པར་སྦྱར་ཏེ་ལངས་ནས་སྡོད། ལྕེ་ལྷེབ་དམར་ཡུག་ཡུག ལུ་གུས་ཁོའི་ཐོད་པར་ཡང་ཡང་ལྡག ནམ་རྒྱུན་གནས་སྐབས་འདི་འདྲར། སྐྱ་བོར་རང་ཉིད་ད་སོ་མར་བཙས་འདྲའི་ཚོར་སྣང་ཡ་མཚན་ཞིག་ཡོང་རྒྱུ་ཡོད། མཐོང་མྱོང་མེད་པའི་ཨ་མ་དེའང་དྲན་རྒྱུ་ཡོད། ལུ་གུས་མུ་མཐུད་དུ་སྐྱ་བོའི་ཐོད་པ་ལྡག སྒོའི་ཕྱི་ལོགས་སུ་རྐང་གཉིས་ཆ་མེད་སླེབས་ཡོད་པ་ཤེས་མོད། མུ་མཐུད་དུ་སྐྱ་བོའི་ཐོད་པ་ལྡག་གིན་ལུ་གུ་ཁ་རོག་གེར་སྡོད། གང་འཚམས། རྫ་ཡི་ལྟོ་ཕོར་ཉིས་ཚེབ་དེའི་ནང་ཟན་དང་ཆུ་ཤོང་ཚོད་རེ་བླུགས་ཏེ་འགྲོ་ཆས་བྱེད་སྐབས། “འབ།” ལུ་གུས་སྐད་བརྒྱབ་བྱུང་། སྐྱ་བོས་རེམ་པོར་ལུ་གུ་གན་རྐྱལ་དུ་བཞག་སྟེ་གདོང་པ་མོའི་ལྟོ་བའི་ནང་བཅུག་ནས་སྡོད། ནམ་རྒྱུན་ལུས་ལ་ཟུག་རྔུ་ཅི་བྱུང་རུང་དེ་ལྟར་བྱས་ན་ལུ་གུའི་ངུ་ཅོར་ཅམ་གྱིས་ཆད་འགྲོ།

“ཁ་རོག་ཁ་རོག་ལུ་གུ་ལོ་ལོ……ཁ་རོག་ཁ་རོག་ལུ་གུ་ལོ་ལོ……ཁ་རོག་ཁ་རོག་ལུ་གུ་ལོ་ལོ……”

སྒོ་ཡང་བསྐྱར་བརྡུངས་བྱུང་། འོན་ཀྱང་སྔས་འབོལ་སྟེང་ལ་ཉལ་ཏེ་མཆུ་ཏོ་ལག་ཟུང་སྒང་དུ་བཞག་ནས། ལུ་གུས་ཏན་ཏན་རྣ་འབྱོག་གཉིས་ཀ་ཀྱོར་ཀྱོར་ངང་ཕྱི་ལོགས་སུ་ཉན་ཞིང་སྡོད། མིག་གིས་སྐྱ་བོར་ལྟ་ཞིང་སྡོད། མིག་མཐའ་འོད་ཀྲིག་ཀྲིག་ཏུ་སྡོད། སྒོ་མ་ཕྱེ་སྔོན་ལ་ཕྱི་མིག་ཅིག་བལྟས། ལུ་གུ་མལ་ཁང་ལས་ཕྱིར་མ་ཡོང་། སྐྱ་བོའི་སྙིང་མགོར་ན་ཟུག་ཅིག་བརྒྱུགས།

“ཕལ་བའི་ཁྲོད་ཀྱི་དཔའ་བོ་ཨང9པ”ཁྱོད་གང་ན་ཡོད།

ཚགས་པར་གྱི་ཀླད་ཆར། སྐྱ་བོས་གཅེར་བུ་དེ་བཟུང་བའི་འདྲ་པར་དང་བཅས་བྲིས་ཚུགས་ཆེན་པོའི་ཁ་བྱང་འོག་ཉིན་དེའི་གནས་ཚུལ་ཡག་ཐོག་རྒྱན་རྩེག་ཏུ་བྲིས་འདུག ཅུང་ཙམ་འཁྱོང་མེད་པ་འདྲ་བ་ནི། འདྲ་པར་སྟེང་གི་སྐྱ་བོས་གདོང་པ་གསེག་སྟེ་མིག་ཟུར་གྱིས་པར་མིག་ནང་ལ་བལྟས་འདུག ཡང་ན་པར་ལེན་མཁན་ལ་བལྟས་འདུག འོན་ཀྱང་འདི་རྣམས་ཀུན་པོས་སྐྱ་བོར་དགའ་སྡུག་གི་ཚོར་སྣང་ཅི་ཡང་བྱིན་མེད། ལྟེ་གནས་ཀྱི་མི་རྣམས་དེ་ལ་ཡ་མཚན། འོན་ཀྱང་ཁོ་ཚོའི་མིག་ཟུང་ནང་སྐྱ་བོ་ལ་ཡི་རང་བྱེད་པའི་མདངས་ཤར་ཡོད། ཟ་མའང་ཉིན་རེ་ལས་ཉེན་རེར་ཡག འོན་ཀྱང་སྐྱ་བོར་ཟ་མ་བཟའ་འདོད་མི་འདུག གཙོ་བོར་བཟའ་འདོད་ཀྱི་སེམས་མི་འདུག ཤེས་མཁན་ཉུང་བ་མ་གཏོགས། མི་ཚེའི་གནས་སྐབས་མང་ཆེ་བར་ཟ་མ་སེམས་ལ་བཟའ་བཞིན་ཡོད་ཚོད།

“སྐུ་ཞབས་སྐྱ་བོ། ཉིན་གསུམ་པ་རེད། ད་ཁྱོད་ཀྱིས་ཟ་མ་ཏོག་ཙམ་ཡིན་རུང་བསྟེན་ན་འགྲིག སྐུ་མཁྱེན།”

“ཟས་བཟའ་བར་སྐུ་མཁྱེན་ཞུ་དགོས་ག་ལ་ཡོད། གཙོ་བོར་ངའི་ཡི་ག་རྦད་དེ་འགག་འདུག”

“ག་རེ་བྱས་སོང་།”

ཉིན་དེ་དག་གི་རིང་། སྐྱ་བོས་སྨུག་པའི་ཀློང་ན་གཡོ་བའི་མིག་ཟུང་རྫོགས་མེད་འཚོས་ཏེ་ཡོང་། གཙོ་བོར་ཡིད་ཆེས་ཕེར་ཆོག་པ་ཞིག་འཚོལ་འདོད་པ་རེད། དེ་མཚུངས་ཚོར་བ་སྟེར་མཁན་འབའ་ཞིག་དེས་དེ་ལྟར“ག་རེ་བྱས་སོང”ཞེས་ཉེ་ས་ནས་འདྲི་དུས། ཁོས་ཡང་བསྐྱར་ཁོག་མནོ་ཞིག་བཏང་མཐར་སྐད་དམའ་མོས་སྨྲས་པར།

“ཁྱོད་ཀྱིས་ང་ལ་རོགས་པ་ཞིག་གནང་ཨེ་ཐུབ། ཐུབ་ན། ངས་ཟ་མའང་བཟའ། ཐ་ན་ད་རུང་གཅེར་བུ་དགུ་གཟུང་དགོས་རུང་ང་སྐྱ་བོར་ཐེ་ཚོམ་སྤུ་ཙམ་བྱུང་ན་ལུ་གུའི་ཤ་ཟོས་པ་དང་ཁྱད་མེད་དོ། །”

“ལུ་གུའི་ཤ་མི་བཟའ་མཁན་སུ་ཡོད། ཧུ་ཧུ། ཡ་ཤོད་དང་། ཕྲན་གྱིས་ནུས་པ་ཞིག་ཡིན་ཕྱིན་དཔའ་བོ་ཁྱོད་ཀྱི་བཀའ་གསུང་དང་དུ་ལེན་ཤག་ཡིན།”

“ལུ་གུ་ལུ་གུ……ལུ་གུ་ལུ་གུ......”

ལྡེ་མིག་ཟྭ་ཁུང་དུ་བཙུགས་ཏེ་སྐོར་གྱིན་སྒོ་ཕྱེ་ནས་ཁྱིམ་དུ་ཡོང་བའི་བར་སྐྱ་བོས་དེ་ལྟར་སྒུག་མི་བཟོད་པར་ལུ་གུ་འབོད། འོན་ཀྱང……ལུ་གུ……སྙིང་རྗེ་བའི་ལུ་གུ……ཉིན་བཅུ་བཞིའི་ཡར་སྔོན་རང་གི་རྐང་པའི་འཁྲིས་སུ་གཅེས་སྟེག་ས་དེར་ཤི་འདུག མ་རེད། བསད་འདུག ཀླད་པ་གསིལ་འདུག ཁྲག་འཁྱིལ་སྒོར་མོ་ཞིག་ལུས་འོག་ན་དཀག་འདུག

“ཅིའི་ཕྱིར……ཅིའི་ཕྱིར……”

སྐྱ་བོ་སླར་ལྟེ་གནས་སུ་བརྒྱུགས་ཏེ་མགྲིན་པ་འགག་ཅིང་ཁའི་ནང་ལ་ཁྲག་དྲི་འཐུལ་བའི་བར་ངུ་ངག་དང་བཅས་སྐད་བརྒྱབ་རུང་ཁོར་ཁ་ཡ་བྱེད་མཁན་མ་བྱུང་། ཐ་ན“ད་རུང་ཟིང་ཆ་བཟོ་ན་ཉེན་རྟོག་པར་ཞུས་འགྲོ”ཟེར། ལུ་གུའི་ལུས་ཤི་སོང་། སྐྱ་བོའི་སེམས་ཤི་སོང་། སྨུག་པའི་ཀློང་གི་མིག་ཟུང་དེ་དག་གཅིག་ལས་གཅིག་གིས་རྒྱང་ཐག་རིང་། གཅིག་ལས་གཅིག་གིས་ཆ་མེད་ནས་རྒྱུས་མེད་དུ་ཡོད། ལྷག་པར་ཇི་ལྟར་ཕུར་ཚུགས་སུ་བཙལ་རུང་། ཡིད་ཆེས་བྱས་མྱོང་བ་དེ་གཏན་ནས་མཐོང་རྒྱུ་མ་བྱུང་། ཡང་ན་རང་གིས་ངོས་མ་ཟིན་ཚོད། རྡོག་སྟབས་འཆོར་གྱིན་སྐྱ་བོ་ཕྱིར་ནང་དུ་ལོག ལམ་སྐབས་ལྕགས་ཁེམ་ཞིག་དང་འགྱིག་གི་ཕད་བུ་ཞིག་ཉོས།

“རྒྱབ་ལ་འཁུར་ཡོད་པ་དེ་ཅི་ཞིག་རེད།”

དཔུང་རྟགས་དེ་གྱོན་པ་ནས་བཟུང་། ལར་ལུས་ཚུགས་ནི་ས་ཁར་བརྩེངས་པའི་ཤ་ཟུངས་ཤིག་དང་འདྲ་མོད། སྒོ་སྲུང་རྒད་པོར་སྔ་ན་མེད་པའི་ཟིལ་ཤུགས་སྨྲ་མི་བཟོད་པ་ཞིག་རྒྱས་ཡོད།

“འོ……སྤོ་བོ……འདི་ངའི་ལུ་གུ་རེད།”

“ཅི་ཟེར། ཁྱོད་ཀྱིས་ཁྱིམ་ན་ལུག་འཚོས་ཡོད་དམ།”

“མ་རེད། ངའི་ཁྱི་གུ། མིང་ལ་ལུ་གུ་འབོད།”

“ཤི་སོང་ངམ།”

“ཤི་སོང་།”

“ཨ་ཁ། ནད་དེ་འགོས་སོང་བ་མིན་འགྲོ།”

ལོ་ཚོད་དེ་འདྲར་ཡོད་མི་སྲིད་པའི་ཡང་ཟོར་ཞིག་ནས་ཕྱིར་བཀྱེད་ཅིག་སྟེག་སྟེ་རྒད་པོས་རང་གི་ཁ་ཐུམ་ཇེ་བཀན་ལ་བཏང་།

“མ་རེད། སུ་ཞིག་གིས……ཀླད་པ་གསིལ་འདུག......”

“རྫུན། དཔལ་ཡོན་གྱི་སྤྱི་ཚོགས་ནང་དེ་ལྟའི་གདུག་རྩུབ་ཅན་ཡོད་མི་སྲིད། ཁྱོད་ནོར་སོང་བ་གཏན་འཁེལ་རེད།”

སྐྱ་བོ་ཤད་ཀྱིས་ཐོན་སོང་།

“ཁྱོད་ཀྱིས་དེ་གང་ཞིག་ལ་འཁུར་རྩིས་ཡོད།”

འཇིག་རྟེན་འདིར་ས་ཁར་བརྩེངས་འདྲའི་ཤ་ཟུངས་དེ་འདྲ་ཞིག་ཡོད་དགོས་དོན་ག་རེ་ཡིན་ནམ། རང་གི་དགོད་བྲོ་བའི་སེམས་བྱུང་དེར་བསམ་བློ་གཏོང་བཞིན་སྐྱ་བོས་ཉི་ཁྱམས་ནས་མཐོང་ཐུབ་པའི་རི་རྩེ་དེར་མཛུབ་མོ་འཛུགས་ཙམ་བྱས་རྗེས། བྱེ་ཐང་བགྲོད་མཁན་རྔ་མོང་ཞིག་ལྟར་གོམ་ཞེང་སྐྱེད་ཀྱིན་སྐྱེད་ཀྱིན་བུད་སོང་། ཉིན་ཤས་ཕྱིན་པའི་ཕྱི་དྲོ་ཞིག་ལ་གློ་བུར་སྒོ་བརྡུངས་བྱུང་། ལུ་གུ་ཅིའི་ཕྱིར་མ་ཟུག་པ་ཡིན་ནམ། འོ། ད་ལུ་གུ་ཟེར་བ་ཞིག་གང་ན་ཡོད། ཉི་ཁྱམས་ན་ལངས་ཏེ་ཧོན་ཐོར་རེར་ཡོད་པའི་སྐྱ་བོ་ག་ལེར་སོང་ནས་སྒོ་ཕྱེ། ཕྱི་ལོགས་ན་ཁ་ཐུམ་ཁྱུ་གཅིག དེའི་ཁྲོད་ཀྱི་གཅིག་གིས་ཁ་གྲག འོ་རེད། གཡོན་གྱི་གསུམ་པ་དེ་རེད། འབུ་རུ་རུ་བྱེད།

“ཁྱོད་ཀྱི་མིང་ལ་སྐྱ་བོ་ཟེར་རམ།”

“ང་སྐྱ་བོ་ཡིན་ལགས། ག་རེ་བྱས་སོང་།”

“དགོང་མོ་དེར་ཁྱོད་རི་རྩེར་འཛེགས་དོན་ཅི་ཡིན།”

“ཨ……འོ། ང་ལུ་གུ་དུར་སྦས་བྱེད་དུ་སོང་བ་ཡིན། ལུ་གུ་ངའི་ཁྱི་གུའི་མིང་ཡིན། ཤི་སོང……མ་རེད། སུ་ཞིག་ཁྱིམ་ལ་འཛུལ་ཏེ་བསད་འདུག ངས་མངག་གཏོང་ཁང་ལ་ཞིབ་རྒྱས་ཞུས་ཡོད། རྩད་ཆོད་སོང་ངམ་ཅི།”

“དེ་དག་ང་ཚོར་འབྲེལ་བ་མེད། ཁྱོད་ང་ཚོ་དང་ལྷན་དུ་འགྲོ་དགོས་འདུག ”

“ཅིའི་ཕྱིར།”

“དེ་གར་ལན་གསལ་པོ་ཡོད།”

དེ་གར། ཐུན་མོང་ཐོག་དུས་ཚོད་གཅིག་ནང་བརྙན་འཕྲིན་ལ་བལྟ་རྒྱུ་ཡོད། འོན་ཀྱང་སྐྱ་བོ་བརྙན་འཕྲིན་ལ་ད་རུང་ཡང་ལོབས་མེད། མ་རེད། དོན་ལ་སྐྱ་བོས་བརྙན་འཕྲིན་ལ་བལྟས་མྱོང་མེད། དེའང་མ་རེད། དོན་ལ་སྐྱ་བོར་བརྙན་འཕྲིན་ཡོད་མྱོང་མེད། ཐད་ཀར་བཤད་ན། སྐྱ་བོ་བརྙན་འཕྲིན་ལ་བལྟ་རྒྱུར་རྩ་བ་ནས་མི་དགའ།

“གྲོགས་པོ་རྣམ་པ། གཤམ་ནས་ཐེངས་འདིའི་ཛ་དྲག་གི་བྱ་བའི་ཁྲོད་བྱས་རྗེས་འཇོག་མཁན་རྣམས་ལ་བྱ་དགའ་གནང་རྒྱུ་རེད། ཚང་མས་དགའ་བསུ་བྱོས།”

སྐྱ་བོའི་རོགས་པ་ཚོས་ཀྱང་ཐལ་མོ་ཤག་ཤག་བརྡབས། སྐྱ་བོས་ཀྱང་གདོང་པ་བཏེགས་ཏེ་ཐལ་མོ་རྡེབ་པར་རྩོམ་དུས་ལག་པ་བར་སྣང་ནས་ལུས་སོང་། བརྙན་འཕྲིན་ནང་ཁོ་ཚོའི་སྒོ་སྲུང་རྒད་པོ་དེ་ཤར་བྱུང་། རོ་སྟོད་སྔར་ལས་བསྒུར་ཏེ་ཕལ་ཆེར་ཁ་པུས་མོར་ཐུག་འདུག སྟབས་ཡག་སྟེ་ལོགས་གཉིས་ན་བུ་མོ་གཉིས་ཀྱིས་ཡར་བསྐྱོར་ཡོད་པས་སྟེགས་བུར་འཛེག་ཐུབ་ཙམ་བྱུང་།

“གྲོགས་པོ་རྣམ་པ། བཀུར་དུ་འོས་པའི་བགྲེས་པོ་ཁོང་ནི། ལྷོ་རིའི་འོད་སྦུག་དྲ་སྐུད་ལ་གནོད་པ་སྐྱེལ་མཁན་མི་ངན་ཐེར་འདོན་བྱེད་མཁན་རེད། ཁོང་ནི‘ཕལ་བའི་ཁྲོད་ཀྱི་དཔའ་བོ་ཨང109པ’རེད། ཁོའི་མཚན་ལ......”

མཚམས་དེ་ནས་བཟུང་སྐྱ་བོར་འདུ་ཤེས་ཅི་ཡང་མེད་པར་གྱུར། ཉིན་ཅི་ཙམ་སོང་བ་མ་ཤེས་མོད། དྲན་པ་ཅུང་ཞིག་སོར་ལ་ཆུད་དེ་ལྟ་དུས། རང་གིས་ལུ་གུ་འཚོ་ངོགས་ན་ཡོད་དུས་ཀྱི་རྩེད་འཇོ་ཞིག་སྟེ། གྲུ་མོ་གཉིས་ཀ་ས་ལ་འཁེན་ཞིང་རྐང་པའི་ཁ་ནས་ཕར་རྒྱུག་ཚུར་རྒྱུག་བྱེད་ཀྱིན་འདུག

ཇི་ལྟར་དྲིས་རུང་། སྒེའུ་ཁུང་གི་ལྕགས་དྲའི་ཕར་ལོགས་དེར་མགོ་བོ་སྒུར་རེར་སྐྱ་བོས་ཅི་ཡང་མི་སྨྲ། འོན་ཀྱང་དུས་ཚོད་ལོང་ལ་ཉེ་དུས་ཁོ་ཡང་ལངས་ཏེ་གནམ་གཅལ་ལ་མ་རེག་ཙམ་གྱི་མཚམས་ནས་རྦད་ཆོད་ངང་། “འཇིག་རྟེན་འདིར་ང་ལ་ལྷག་ཡོད་པ་ཉག་ཅིག་ནི། ལུ་གུ་གཉིད་ཡོད་སའི་རི་རྩེའི་ཉིན་ངོས་སེར་པོ་དེ་ཡིན། ནམ་ཞིག་ངའང་དེ་གར་གཉིད་ཐུབ་ན་ངའི་བསམ་དོན་རྫོགས་སོང་བ་ཡིན། འོན་ཀྱང་། ཉིན་འདི་དག་གི་རིང་། ལུ་གུ་གནས་དེ་ནས་མར་བབས་འོངས་ཏེ་ངའི་རྐང་པར་འཐམ་སྟེ་བྱིས་པ་བཞིན་ངུས་ཡོང་། ནམ་ལངས་ཏེ་ཕྱིར་རི་ངོས་སུ་ལོག་པའི་བར་ངུས་ཡོང་། ངོ་མ་ཐབས་ཤིག་མི་འདུག དྲིན་ཆེན་པོ། ཁྱོད་སོང་ལ་ངའི་གློག་གི་མཆོད་མེ་དེ་བཀར་རོགས”ཞེས་ནད་ལྭའི་གློ་ཁུག་ནས་ལྡེ་མིག་ཅིག་ཕྱུང་སྟེ་ངའི་ལག་ཏུ་བཞག་བྱུང་། དེ་ནི་སྐྱ་བོས་སྔོན་ཆད་ཡིད་ཆེས་བྱས་པའི་མིག་ཟུང་དེའི་ལག་ཏུ་བཞག་པ་དེ་ཡིན་སྲིད་སྙམ་སྟེ། ངའི་ཁོག་པའི་ནང་རོལ་ལ་ཅི་འདི་མེད་པའི་གྲང་འདར་ཞིག་བརྒྱུགས།

“ཨ......སྐྱ་བོ་ཟེར་བ་སུ་རེད......དེ་འདྲ་འདི་ན་མེད། ངེད་ཚང་གིས་ཁང་པ་འདི་གླས་ཏེ་ལོ་གསུམ་སོང་།”

“བཟོད་པར་གསོལ། སུན་པོ་བཟོས་སོང་།”

སྒོ་རའི་ནང་འཛུལ་དུས་ལོས་དགོས་མོད་ཕྱི་རུ་ཐོན་དུས་ཀྱང་ཐོ་འགོད་བྱ་དགོས་པ། ངས་གཞིས་ཁུལ་འདི་ནས་མ་གཏོགས་གནས་གཞན་གང་ནས་ཀྱང་མཐོང་མྱོང་མེད། འོན་ཀྱང་རྒད་པོ་དེའི་ཐེ་ཚོམ་བྱས་ཆོག་པ་མེད་པའི་རྣམ་འགྱུར་ཧུར་པོའི་ཤན་ཞུགས་ཏེ། ངས་དོ་དོ་ཏན་ཏན་ངང་ཡང་བསྐྱར་མགོ་ནས་མཇུག་བར་ཐོ་འགོད་ཐེངས་གཅིག་བྱས། ད་རུང་ལུས་དྲོད་ཀྱང་བརྟགས། འོན་ཀྱང་ནང་དུ་འཛུལ་དུས་དང་བསྡུར་ན་ཏུའུ་གྲངས་གསུམ་མར་ཆག་འདུག དེར་རྒད་པོར་ཚོར་བ་མི་འདུག ཧ་ལམ་ཁོའི་ཤེས་པ་དང་ཉམས་མྱོང་ལས་བརྒལ་ཡོད་ཚོད།

“སྤོ་བོ། ཁྱོད་ཀྱིས་སྐྱ་བོ་ཟེར་བ་ཞིག་ངོ་ཨེ་ཤེས། སྔོན་ཆད་འདིར་སྡོད་མྱོང་།”

“མི་ཤེས་མི་ཤེས། གོ་མྱོང་ཡང་མེད། ཐ་མག་མ་འཐེན། ཁ་ཐུམ་རྒྱོབ། གནད་འགག་གི་སྐབས་སུ་མི་རེ་རེས་སྤྱི་ཚོགས་ལ་ཤ་ཚ་དགོས། རྒྱལ་ཁབ་ལ་ཤ་ཚ་དགོས། ཁྱོད་ཚོའི་རིགས་འདིས་འདི་ཙམ་ཡང་ཧ་མི་གོ་བ་ངོ་མ་དགོད་སྤྱད་རེད།”

“……”

ཐ་མག་བཅིལ་ཏེ་ཁ་ཐུམ་སླར་བརྒྱབ་རྗེས་ང་འཐམ་མེ་འཐོམ་མེའི་ངང་ཕྱིར་ལོག གློ་བུར་སྔུན་ཕྱོགས་ནས་འུར་ཟིང་ཞིག་མཆེད་བྱུང་།

“དེ་འཛིན་རོགས།”

“ཀན་ཟུངས་དང་།”

“ཁོ་འཆོར་དུ་མ་འཇུག”

དེ་ལྟར་སྐད་ཅོར་རྒྱག་མཁན“འཇིག་རྟེན་འཕུར་སྐྱོད་པ”སྐོར་ཞིག་འཁབ་བེ་འཁོབ་བེར་ཚུར་རྒྱུག་ཡོང་། སྔུན་ན་ གཅེར་ཧྲེང་ཞིག་དཀར་ལིང་ལིང་འབྲོ། ད་རུང་འཛུམ་མདངས་ཤིག་ཤིག་ངག་སྐད་ལྡབ་ལྡིབ་སྨྲ།

ལུ་གུ་ལུ་གུ……ཨ་མ་ཨ་མ…ལུ་གུ་ལུ་གུ……ཨ་མ་ཨ་མ……

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།