བསླུ་བྲིད།

1

དུས་རབས21པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་ཁག་དང་པོའི་ནང་གི་རྒན་པད་མ་ཚེ་བརྟན་ལགས་ཀྱིས་བརྩམས་པའི《བསླུ་བྲིད》ཞེས་པའི་དེབ་དེ་ཀློག་བཞིན་པའི་སྐབས་སུ་མོའི་གཡས་འགྲམ་དུ་བཞག་ཡོད་པའི་ཀུ་ཤུའི་ཁ་པར་ནག་པོ་དེ་ལས“ཐྲིག་ཐྲིག་ཐྲིག་ཐྲིག”ཅེས་པའི་སྒྲ་གྲག་པ་དང་ལྷན་དུ་སྐད་འཕྲིན་མང་པོ་འབྱོར་འདུག་ཅེས་རྒྱ་ཡིག་གི་ཡིག་འབྲུ་འགའ་ཤར་ཡོང་། དེ་ནས་མོས་ཀྱང་སྨྱུ་གུ་དཔེ་དེབ་ཀྱི་དཀྱིལ་དུ་འཇོག་ཞོར་ལག་པ་གཡས་པ་རང་དབང་མེད་པར་ཁ་པར་གྱི་ཕྱོགས་སུ་བསྲིངས་ཤིང་། མཐེ་བོང་གིས་ཧ་ཅང་སྐྱེན་པོ་དང་བྱང་ཆ་ལྡན་པས་ངང་ནས་གསང་གྲངས་དག་མནན་རྗེས་སྐད་འཕྲིན་ཞེས་པའི་མདོག་ལྗང་གུ་ཅན་གྱི་མཉེན་ཆས་དེའི་ཁ་ཕྱེ་བ་དང་ཞོར་དུ་ཁ་པར་གྱི་སྒྲ་མེད་པར་བཏང་། དོན་དག་གལ་ཆེན་དང་གནས་ཚུལ་གསར་པ་གང་ཞིག་ཡོད་མེད་མི་ཤེས་མོད་གང་ལྟར་སྐད་འཕྲིན་གྱི་ཚོགས་པ་རེ་རེ་ན་འཕྲིན་མང་པོ་འབྱོར་འདུག མོས་རེ་རེ་བཞིན་མ་བལྟས་པར་སྤྱི་ཡོངས་ནས་རགས་ལྟ་ཞིག་བྱེད་སྐབས་མི350ཡོད་པའི“སློབ་ཆེན་པ་ལགས”ཞེས་པའི་ཚོགས་པའི་ནང《ང་གང་དུ་ཡོད》ཅེས་པའི་སྒྲུང་ཐུང་ཞིག་བསྐུར་ཡོད་པ་དང་། ཚོགས་མི་ཚང་མས་བལྟས་ཡོད་མེད་མི་ཤེས་མོད་གང་ལྟར་མང་པོ་ཞིག་གིས་སྒྲུང་གཏམ་དེའི་རྗེས་སུ་མྱོང་ཚོར་འདི་ལྟར་སྤེལ་འདུག

སྐད་འཕྲིན་མིང་ལ་དབུས་ལམ་ཟེར་བ་ཞིག་གིས།

ང་གང་དུ་ཡོད། རོལ་རྩེད་ཀྱི་ཁམས་ན་ཡོད།

ང་གང་དུ་ཡོད། ལམ་འགྲམ་གྱི་དོང་ན་ཡོད།

ཡང་སྐད་འཕྲིན་མིང་ལ་གཡུ་ལོ་མ་ཟེར་བ་ཞིག་གིས།

ལམ་རིང་པོར་རོལ་རྩེད་བརྩེས་ནས།

དུས་ནམ་ཐོན་རང་གིས་མ་ཤེས།

ཁྱིམ་གཡང་ཁྱིམ་གྲུ་བཞིར་སླེབས་དུས།

ཁ་གཡར་ས་ལས་བྱ་བྱས་ནས།

དྲིན་ཕ་མར་ཁ་ཡ་མ་བྱས།

ལས་ངན་ནས་དོང་ལ་ལྷུང་དུས།

ཞེ་རྨོངས་ནས་མིག་ཆུ་ལྷུང་གི།

དྲིན་ཕ་མ་མིན་ནས་སྐྱོབ་ནི་མེད་ཀི།

ཡང་སྐད་འཕྲིན་མིང་ལ་མུ་ཏིག་ནག་པོ་ཟེར་བ་ཞིག་གིས།

རོལ་རྩེད་ལ་འགུག་ཤུགས་ཆེ་རུང་།

རང་སེམས་ལ་བདག་པོ་བརྒྱག་དགོས།

དོན་དམ་པའི་དམིགས་འདུན་དོར་ནས།

ལུས་ཡོད་ཚད་རོལ་མོར་གཡེང་ན།

སྨག་ནག་པའི་དོང་ནང་མི་ཚད།

ལུས་རང་སྲོག་འཆོར་ཉེན་ཆེ་ཀི།

ཟེར་བ་སོགས་མང་པོ་ཞིག་བསྐུར་ཡོད་པས་མོས་ཀྱང་རང་དབང་མེད་པར་སྒྲུང་ཐུང་དེའི་ཐོག་ལ་ཆིག་སྡེབ་ཅིག་བྱས།

2

《ང་གང་དུ་ཡོད》ཅེས་པའི་ཁ་བྱང་ལ་འགུག་ཤུགས་ངེས་ཅན་ཞིག་ལྡན་པས་མོར་ཀློག་འདོད་ཀྱི་འདུན་པ་དྲག་པོ་ཞིག་སྐྱེས། 《བསླུ་བྲིད》ཅེས་པའི་དེབ་དེ་ཅོག་ཙེའི་གཡས་ཕྱོགས་སུ་འཇོག་བཞིན་ཁ་པར་ནང་གི་སྒྲུང་ཐུང་དེ་ཀློག་མགོ་བརྩམས།

“······རླངས་འཁོར་མགྱོགས་དྲགས་པའི་རྐྱེན་གྱིས་སྒེའུ་ཁུང་ལས་མཐོང་བའི་ལམ་འགྲམ་གྱི་ལྗོན་པ་དག་ནི་གོས་ལྗང་གུ་ཞིག་ཤར་མར་བཤུས་པ་དང་འདྲ། དེ་དུས་རླངས་འཁོར་ཆུང་ངུ་དེའི་ནང་གི་གཞུག་སྟེགས་སུ་བསྡད་ཡོད་པའི་བུ་མོ་དེ་གཉིས་རང་བྱུང་ཁམས་ཀྱི་མཛེས་སྡུག་གིས་བཟི་བར་གྱུར་ནས་སྐབས་རེར་ཁ་པར་བླངས་ནས་པར་ལེན་པ་དང་ལན་རེར་ཁ་ནས ‘哇塞’ཞེས་སྐད་འཆོར་བཞིན་ཡུལ་ལྗོངས་ཀྱི་མཚར་སྡུག་ལ་མྱོས་པར་གྱུར་ཡོད། འོན་ཀྱང་མོ་གཉིས་ཀྱི་འགྲམ་ན་ཡོད་པའི་ཀུན་བཟང་ནི་དེ་ལས་ལྡོག་སྟེ་ཁ་པར་ལས་དཔའ་རྒོད་མཐུན་ཚོགས་ཞེས་པའི་རོལ་རྩེད་དེ་ལ་མགོ་རྨོངས་ནས། ལན་ལེར་གདོང་ལ་འཛུམ་ཆུང་འཁྱིལ་གྱིནyeahཞེས་སྐད་འབྱིན་པ་དང་ལན་རེfuckཟེར་བ་དང་མཉམ་དུ་ལག་པས་རང་གི་བརླ་ཤའི་སྟེང་ལ་ཁུ་ཚུར་གྱིས་རེ་གཉིས་རྒྱག་པར་བྱེད།

ཁ་ལོ་པའི་བཏང་བའི《འཕུར》ཞེས་པའི་གླུ་དབྱངས་དང་ཀུན་བཟང་གི་རོལ་རྩེད་ཀྱི་སྒྲ་གཉིས་ནི་འགྲོས་མི་མཉམ་པའི་མཉམ་སྒྲོག་གི་རོལ་མོ་ཞིག་དང་འདྲ་བར་ཁ་བརྡ་དབེན་པའི་རླངས་འཁོར་འདིའི་ནང་གི་མི་རྣམས་ཀྱི་སྦྲེལ་ཐག་གཅིག་པུར་གྱུར།

ཀུན་བཟང་གིས་རྒྱབ་ཁུག་ལས་གློག་གསོག་བླངས་ནས་ཁ་པར་ལ་གློག་གསོག་ཞོར་དུ་མུ་མཐུད་དུ་རོལ་རྩེད་ཀྱི་ཞིང་ཁམས་ཉུལ། རང་ཉིད་སྤྲོ་བ་ཡོད་པའི་དོན་དག་སྒྲུབ་སྐབས་དུས་ཚོད་ནི་རླུང་རྒྱུ་བ་ལྟར། ཆུ་བཞུར་བ་བཞིན་མགྱོགས་དྲགས་པས་ལོས་ཡིན། ཁ་ལོ་པས་ད་ཐོན་ཐལ་ཞེས་བཤད་པ་ན་ཀུན་བཟང་གློ་བུར་དུ་གཉིད་ལས་སད་པ་ལྟར་མིག་ཟུང་ཁ་པར་དང་བྲལ་ཏེ་ཁ་ལོ་པར་འདི་འདྲའི་མགྱོགས་པར་ཐོན་སོང་ངམ་ཞེས་དྲིས་པ་ན། ཁ་ལོ་པས་མགོ་བོ་ཕྱིར་དགྱེ་བཞིན་སྔར་བུ་མོ་གཉིས་བསྡད་ཡོད་སའི་གནས་དེ་རུ་མཆུ་སྟོན་ཞིག་བྱས། དེ་དུས་བུ་མོ་དེ་གཉིས་འདུག་སྟེགས་སུ་མི་འདུག་ལ། ག་དུས་རླངས་འཁོར་ལས་བབས་པའང་མ་ཤེས། དེ་ནས་ཁོས་འཐད་མིན་གྱི་རྣམ་འགྱུར་ཅི་ཡང་མ་བསྟན་པར་ལམ་གླ་སྟེར་ཞོར་དུ་ཁུག་མ་ཆུང་ཆུང་དེ་རྒྱབ་ཏུ་ཁུར་ནས་གོམ་ཁ་མདུན་ཕྱོགས་སུ་བསྒྱུར་མོད་མིག་ཟུང་ཁ་པར་དང་ཡེ་ནས་མ་བྲལ།”

3

སྒྲུང་གཏམ་ལ་བལྟས་ནས་མཚམས་འདིར་སླེབས་དུས“མི་རིགས་ལྟ་ཀློག་ཁང”ཟེར་བའི་དེབ་ཁང་ནང་དུ་སྟོད་ལ་སྨུག་པོ་གྱོན་པའི་ཡིད་བཞིན་སྒྲོལ་མ་སྒྲུང་ཐུང་དེའི་ཆུ་རྒྱུན་དང་འགྲོགས་ནས་རྒྱང་རིང་ལ་བྱིན་སོང་བས་མཐའ་འཁོར་གྱི་མི་དག་ནམ་ཞིག་ལ་གུང་ཟས་ཟ་རུ་སོང་བ་ཡང་མ་ཤེས། དེ་དུས་མོའི་ཁ་པར་འཆར་ངོས་ཀྱི་གོང་རོལ་དུ་སྐད་འཕྲིན་མིང་ལ@小幸运ཟེར་བ་ཞིག་གི་འཕྲིན་ཞིག་འབྱོར་བ་སྒྲ་མེད་ཀྱང་མིག་གིས་ཟིན་པས་དེར་ཆིག་རྡེབ་ཅིག་བྱས་པ་ན། @小公主ཁོམ་པ་ཡོད་དམ། ཞེས་ཡིག་འབྲུ་འགའ་ཤར་ཡོང་། @小幸运ཟེར་བ་ནི་ཡིད་བཞིན་སྒྲོལ་མ་ལ་ལུས་དང་གྲིབ་མ་བཞིན་འགྲོགས་བཞིན་པའི་གྲོགས་མོ་སྟེ་ལས་དབང་ཡག་མོ་རེད།མོ་གཉིས་ཀྱིས་ཕན་ཚུན་གྱི་སྐད་འཕྲིན་མིང་ལ་དེ་འདྲའི་སྙིང་ཉེ་བའི་མིང་རེ་བཏགས་པ་དེར་དམིགས་བསལ་གྱི་དོན་ཞིག་ཡོད་སྲིད་ལ་མེད་ཀྱང་སྲིད། མིང་དེ་ཇི་ལྟར་ཐོགས་པ་ནི་མོ་གཉིས་ཀྱི་སེམས་པའི་ཁང་ཆུང་དུ་གསང་རྒྱར་བཞད་པའི་ཡིད་འོང་གི་མེ་ཏོག་ཚོམ་བུ་ཞིག་ཡིན་པས་ང་ཚོས་བལྟ་ཐུབ་མེད་ལ། ཤེས་དགོས་དོན་ཡང་མེད། སྐབས་དེར་ཡིད་བཞིན་སྒྲོལ་མས་རྒྱུན་ལྡན་མིན་པའི་དེབ་ཁང་གི་ལྷིང་འཇགས་ཚོར་བས་མགོ་བོ་ཡར་དགྱེ་ནས་བལྟས་པ་ན་དེབ་ཁང་དུ་ཡོད་པ་ནི་བལྟ་འཕྲོར་ལུས་བའི་དཔེ་ཆ་དང་རྒྱུགས་ཤོག ད་དུང་མདོག་སྣ་ཚོགས་ཀྱི་ཇ་ཕོར་སོགས་ལས་མི་གཅིག་ཀྱང་མི་འདུག མོར་གྲང་ཤུར་ཤུར་གྱི་ཚོར་བ་ཟབ་མོ་ཞིག་གིས་ཕྱོགས་བཞི་ནས་འཇབ་རྒོལ་བྱས་ཀྱང་སྒྲུང་ཐུང་དེའི་འགུག་ཤུགས་ལས་ཐར་མ་ཐུབ། “@小幸运སྟེ་ལས་དབང་ཡག་མོ་ལ་ཅུང་ཙམ་སྒུག་རོགས”ཞེས་ཡིག་འབྲུ་འགའ་གཏགས་རྗེས་ཡང་མྱུར་དུ་གསུབས་ཏེ“ང་ཅུང་མི་ཁོམ”ཞེས་བསྐུར། རྒྱུན་དུ@小幸运སྟེ་ལས་དབང་ཡག་མོས་ཕྱིར་ལན་མགྱོགས་མྱུར་ངང་འདེབས་མོད། འོན་ཀྱང་དེ་རིང་མོས་ཅུང་ཙམ་ཞིག་ལ་བསྒུགས་ཀྱང་ཕྱིར་ལན་མ་འབྱོར། མོའི་སེམས་པ་སྒྲུང་ཐུང་དེའི་གྲིབ་མས་གཡོགས་ཡོད་པས་དེ་རིང་ནི་ལས་དབང་ཡག་མོའི་སྐྱེས་སྐར་ཡིན་པ་ཡང་གཏིང་ནས་བརྗེད་སོང་།

དེ་ནས་མོས་ཅོག་ཙེའི་ཐོག་ལྟ་མཚམས་བྱས་ཏེ་བཞག་ཡོད་པའི་དེབ་དེར་གོམས་ལོབས་སུ་སོང་བའམ། སྒྲུང་ཐུང་འདི་ལ་བལྟས་པས་དེ་རིང་གི་འཆར་གཞི་འགྲུབ་མ་ཐུབ་བསམ་པ་གང་ཡིན་བཤད་དཀའ་མོད། གང་ལྟར《བསླུ་བྲིད》ཟེར་བའི་དེབ་དེ་ལ་ལག་པའི་བྱིལ་བྱིལ་ཞིག་བྱེད་ཞོར་དུ་སྔར་གྱི་གནས་སུ་དྲང་མོར་བཞག དེ་ནས་རྐུབ་སྟེགས་ཅུང་ཙམ་ཕྱིར་སྣུར་ཞོར་དུ《ང་གང་དུ་ཡོད》ཅེས་པའི་སྒྲུང་ཐུང་དེ་མུ་མཐུད་དུ་བཀླགས། དེ་དུས་ཁ་པར་ལས་གློག་རྫས20%ལས་མི་འདུག་ཅེས་བརྡ་ཐོན་བྱུང་།

4

“······ཀུན་བཟང་མ་སླེབས་པའི་ཆུ་ཚོད་གཉིས་ཀྱི་སྔོན་ལ་ཁོའི་ཕ་མ་གཉིས་ཀྱིས་ཚོད་མ་བཅའ་བཞིན་ཡོད། ཉིན་རྒྱུན་ཀུན་བཟང་གི་ཨ་ཕས་པགས་པ་ཉེད་པ་ལས་ཁྱིམ་གྱི་བྱ་བ་ཙག་ཙིག་ཅི་ཡང་མི་སྒྲུབ་མོད། དེ་རིང་ཁོ་ཡང་ཆུང་མའི་ཁ་གཏད་ཀྱི་ཨན་འདར་འགྲམ་དུ་བསྡད་དེ་ཚོད་མ་བཅའ་བཞིན་འདུག ཁོའི་ལྷམ་དང་རྐང་སྣམ་གྱི་སྣེ་མོ་སོགས་ལ་ཕྱེ་སྐྱ་མང་པོ་འགོས་འདུག་པས་ཆུང་མས་ཀུ་རེའི་ཚུལ་དུ‘ཁྱོད་ངོ་མ་པགས་ཉེད་ཟེར་བ་རེད། ཚོད་མ་ཡང་པགས་པ་ཉེད་ཉེད་བྱེད་ཀྱིན་འདུག’ཟེར། དེ་རིང་ནི་ཁོ་གཉིས་ལ་མཚོན་ན་ཧ་ཅང་དགའ་འོས་པའི་ཉིན་མོ་ཞིག་སྟེ། བུ་ཆུང་ཡུལ་ལ་ལོག་པའི་ཉིན་མོ་ཡིན། ཁོ་གཉིས་ལ་ཁ་བརྡ་མང་པོ་མེད་ཀྱང་བྱ་སྤྱོད་དང་ཕན་ཚུན་ལ་ལྟ་བའི་མིག་མདངས་ལས་གཡང་ཁྱིམ་གྲུ་བཞི་འདི་ལ་སྐད་ཆས་བརྗོད་ཐབས་བྲལ་བའི་དྲོད་ཁོལ་ཞིག་གིས་ཁྱབ་ཡོད་པ་ཤེས་ཐུབ།

བུ་ཆུང་ཁྱིམ་དུ་སླེབས་རྗེས་ཨ་ཕས་ཆུ་བླུགས་ནས་ཁོའི་ལག་པ་བཀྲུ་རུ་བཅུག་པ་དང་ཨ་མས་རླངས་པ་ཐུལ་ལུ་ལུ་བྱེད་བཞིན་པའི་ཚོད་མ་དག་ཀུན་བཟང་གི་མདུན་དུ་བཞག་རྗེས། ཅི་ཞིག་མཐོང་འདོད་ཀྱི་མིག་ཟུང་ཀུན་བཟང་ལ་གྱེར་ནས། ལོ་དང་ཟླ་བར་སེམས་ལ་ཉར་ཏེ་སྤུངས་ནས་མཐོན་པོར་ཆགས་ཡོད་པའི་དྲི་བ་དེ་དག་ཀུན་བཟང་གི་མདུན་ལ་བསྒྲིགས་ནས་རེ་རེ་བཞིན་དྲིས་ཏེ་ཁོའི་སློབ་གྲྭའི་འཚོ་བ་ལ་རྒྱུས་མངའ་ཟབ་མོ་ཞིག་ལོན་འདོད་ཀྱང་ཡིད་ཚིམ་པའི་དྲིས་ལན་རེ་རྙེད་རྒྱུ་ནི་ཉིན་མོའི་སྐར་མ་བཞིན། ཀུན་བཟང་ནི་རོལ་རྩེད་ལ་རྨོངས་ནས་ཚོད་མ་མི་ཟ་ལ། དྲིས་ལན་ཡང‘རེད། མ་རེད། མ་ཤེས་ཐལ། མིན། མི་དགོས’སོགས་ལས་ལན་གཞན་མི་འདེབས། དེ་ནས་ཨ་ཕས་ཁོར‘ཁ་པར་མ་རྩེ། ངེད་གཉིས་ལ་ཁ་བརྡ་བྱེད་ཞོར་དུ་ཚོད་མ་ཟོ’ཞེས་ཐེངས་གཉིས་ལ་བརྗོད་ཀྱང་ཀུན་བཟང་གིས‘འདི་ང་ཚོའི་ལས་བྱ་ཡིན། ངེས་པར་དུ་ལམ་སང་འགྲུབ་དགོས’ཞེས་རྫུན་གཏམ་རྡོག་པོ་ཞིག་སྣང་དོགས་སྤུ་ཙམ་ཡང་མེད་པར་བཤད་པས་ཕ་ལགས་ཀྱང་རེ་ཞིག་ཐབས་མེད་དུ་བཏང་སོང་། དེ་དུས་ཨ་མས་ཀུན་བཟང་ལ་ལྟ་བཞིན་ཤུགས་རིང་ཞིག་འབྱིན་ཞོར་དུ་ཁྱོ་ག་ལ‘ལས་བྱ་ཡིན་ན་ད་ཁོར་བར་ཆད་མ་བྱེད’ཟེར་བཞིན་ཟ་འཕྲོར་ལུས་པའི་ཚོད་མ་ཞི་ལ་ཁྲ་ཁྲ་དེའི་སྔོན་དུ་བཞག་རྗེས་དཀར་ཡོལ་ནང་གི་ཇ་ལ་ཧུབ་ཅིག་བྱས་ནས་བསྡད། སྐབས་དེར་ཁྱིམ་དུ་འཁྱིལ་ཡོད་པ་ནི་ཀུན་བཟང་གི་རོལ་རྩེད་ཀྱི་སྒྲ་དང་མཚམས་རེར་ཨ་མའི་རེ་ཆད་ལས་ཤོར་ཡོང་བའི་ཤུགས་རིང་གཉིས་ལས་ཅི་ཡང་མེད། མོས་སླར་ཡང‘ལས་བྱ་ཡིན་ན་ད་ཁོར་བར་ཆད་མ་བྱེད’ཅེས་བསྐྱར་བཤད་ཅིག་བྱས། དེ་ནི་ལས་བྱ་མིན་པ་སུས་ཀྱང་ཤེས་མོད་ཁོ་གཉིས་ཀྱི་ཆག་གྲུམ་ཤོར་ལ་ཉེ་བའི་སེམས་པ་ལ་དེ་ལས་གཞན་པའི་སྨན་ཞིག་རྙེད་མ་སོང་། ཀུན་བཟང་སྔར་བཞིན་རོལ་རྩེད་ཀྱི་འཇིག་རྟེན་ལ་གཡེངས་ཡོད་པས་ཕ་མ་ཟུང་གིས་ཅི་ཞིག་སྒྲུབ་བཞིན་པ་མ་ཤེས་ལ། ས་རུབ་སོང་བ་དེ་ལས་ཀྱང་མ་ཤེས།

‘和我在成都的街头走一走,直到所有的灯都熄灭了也不停留’ཞེས་ཁ་པར་གྱི་སྒྲ་གྲག་པ་ན་ཀུན་བཟང་གིས་ཚིག་པ་ཟ་བའི་ཉམས་ཤིག་སྟོན་བཞིན་ཅུང་ཙམ་ཞིག་བསྡད་རྗེས་མཉན་པ་དང་། དེ་ནས‘嗯,好,马上到’ཞེས་བཤད་རྗེས་ཡར་ལངས་ནས་སྒོར་བུད་སོང་།

ཟླ་འོད་དབེན་པའི་མཚན་མོ་དེར་ཁོས་རྐང་སྣེ་རྡོར་ཐོགས་ནས་ཐེངས་གཉིས་ལ་སར་འགྱེལ་ན་ཡང་སྔར་བཞིན་མིག་གཉིས་ཁ་པར་ལས་མ་བྲལ། མཚམས་ཤིག་ལ་བར་སྣང་གི་གནམ་གྲུ་ལས་ལྷུང་བ་ལྟ་བུའི་ཚོར་སྣང་ཞིག་བྱུང་བ་དང་ལྷན་དུ་ཅི་ཡང་མི་དྲན་པར་བྱས་སོང་།‘和我在成都的街头走一走,直到所有的灯都熄灭了也不停留’ ཞེས་ཁ་པར་ལས་སྒྲ་གྲག་པ་དང་ལྷན་དུ་ཁོ་ཡང་བརྒྱལ་བ་ལས་སད་བྱུང་། མགོ་བོ་ཧ་ཅང་ན་བཞིན་ཡོད་པས་ཁོ་སྔར་བཞིན་གཉིད་བསམས་མོད་ཁ་པར་གྱི་སྒྲ་བསྟུད་མར་གྲག་ཡོང་བས་ཁོའི་སེམས་འདུན་མ་འགྲུབ། ཁོས་མདུན་ངོས་ཀྱི་གྱང་མཐོན་པོ་དེ་མཐོང་མ་ཐག་ཧ་ལས་ཤིང་ཧང་སངས་པར་གྱུར། སྐབས་དེར་ཁོས་རང་འགུལ་གྱིས་ཁ་པར་གྱི་སྒྲའི་ཕྱོགས་སུ་ལྟ་བཞིན་མར་བསྒུར་བ་ན། ལུས་ཧྲིལ་པོ་ལྕགས་སྒྲོག་བརྒྱབ་ཡོད་པ་ལྟར་ན་ཟུག་གིས་ཁེངས་ཡོད་པ་དང་ལག་པ་གཡས་པ་ལ་ཚོར་བ་མེད་པ་ཤེས། འཇིགས་སྐྲག་སྟུག་པོ་ཞིག་དང་ལྷན་དུ་རང་ཉིད་ས་གང་ཞིག་ཏུ་ཡོད་པ་མི་ཤེས་ཀྱང་གཏིང་ཟབ་པའི་ས་དོང་ཞིག་གི་ནང་དུ་ལྷུང་ཡོད་པ་ཚོར།

ཁོས་མ་མགལ་སོ་འདེབས་ཞོར་དུ་འགུལ་ཡང་མི་ཐུབ་པའི་གུ་དོག་པའི་གནས་དེ་ནས་སྲོག་སྐྱོབ་བྱེད་ཀྱི་གཟུང་ཐག་ལྟ་བུའི་དངོས་པོ་སྟེ་ཁ་པར་རང་ནུས་ཅི་ལྕོགས་ཀྱིས་ལེན་ཐབས་བྱས། དེ་དུས་ཁ་པར་ཐེངས30ལྷག་ལ་ཡོང་ཡོད་པ་བརྡ་འཆར་ངོས་སུ་ཤར་བྱུང་། ཏག་ཏག་སྐབས་དེར་ཨ་ཕས་ཡང་བསྐྱར་ཁ་པར་འབྱོར་བ་དང་མཉན་པ་ན། ‘ཁྱོད་གང་དུ་ཡོད། ཁ་པར་མི་ལེན་པ་ཅི་རེད’ཅེས་ལེ་བདའ་དང་བྲེལ་འཚུབ་ཀྱིས་ཁེངས་པའི་ངང་ནས་དྲིས་པ་ན། ཁོས་བརྗོད་མི་ཤེས་པའི་ན་ཟུག་ཅིག་དང་མིག་ཆུ་རྡོག་གཅིག་འགྲམ་ངོགས་སུ་འདྲུད་བཞིན‘ང་ཞེས……’མཚམས་དེར་སླེབས་དུས་ཡིད་བཞིན་ལྷ་མོའི་ཁ་པར་གྱི་གློག་འཛད་སོང་བས་འཆར་ངོས་ནག་རོག་གེར་གྱུར་སོང་། སྐབས་དེར་མོའི་སྙིང་ལ་ཡང་བྲེལ་འཚུབ་ཅིག་ལངས་བཞིན་ཅི་བྱེད་འདི་བྱེད་མེད་པ་ཞིག་ཏུ་བཏང་སོང་།”

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།