ཀྲུང་གོ་བོད་ཀྱི་དྲ་བ།

སྒེའུ་ཁུང་ལས་མཐོང་བའི་ནམ་མཁའི་སྐར་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : བློ་ཚེ།   སྤེལ་དུས། : 2021-10-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1

ཟླ་བ་གཡང་སྒྲོན་ནི་རང་གི་མ་དང་ལྷན་དུ་འཇའ་དམར་མ་ཎི་ལ་སྐོར་བར་འགྲོ་བཞིན་གདའ། གློ་བུར་དུ་མདུན་ཕྱོགས་ཀྱི་སྐོར་ལམ་ནས་རྒྱུས་ཆེ་བའི་རྒྱབ་གཟུགས་ཤིག་མཐོང་ལ། ཟླ་བ་གཡང་སྒྲོན་གྱིས་རྒྱབ་གཟུགས་དེ་མཐོང་མ་ཐག དེ་ནི་ལོ་གསུམ་གྱི་སྔོན་དུ་མོ་རང་ཉིད་སེམས་པ་ཤོར་བའི་མི་དེ་ཡིན་པ་ཤེས་ནས་ངོ་མདངས་ཀྱང་འགྱུར་བྱུང་། མོ་ལ་མཚོན་ན་ཡུལ་གཞན་དུ་གནས་ལ་སོང་ནས་ལོ་གསུམ་ཙམ་འགོར་ལ། རྒྱུས་ཆེ་བའི་མི་དེ་མ་མཐོང་ནས་ཀྱང་ལོ་གསུམ་ཙམ་འགོར།

འཇའ་དམར་མ་ཎི་ནི་ལྕི་ཆུའི་རྒྱུད་དུ་གནས་པའི་མ་ཎི་རྡོ་བརྐོས་སྤུངས་པ་ཞིག་རེད་ལ། གནས་བྱིན་རླབས་དང་གྲགས་པ་ཆེ་བས་ཡུལ་ལུང་དེ་དང་ས་ཕྱོགས་དེའི་དགེ་བ་སྒྲུབ་གནས་ཆེན་པོ་ཞིག་ཏུ་གྱུར་ཡོད་འདུག བཤད་སྲོལ་ལྟར་ན་དེ་ནི་ལོ་ངོ་ཆིག་སྟོང་ལྷག་གི་སྔོན་དུ་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་ལམ་དུ་མཚོ་པད་སྤུངས་སུ་ཕྱག་བརྐོས་མ་ཎི་འབྲུ་དྲུག་བཞག་ནས་འཕེལ་བ་བཤད་ལ། སྐབས་དེར་འཇའ་དམར་པོ་ཞིག་མ་ཎི་ལ་འཐིམ་པ་ན་མཚན་ལའང་འཇའ་དམར་མ་ཎི་ཐོགས་སྐད། ཕྱིས་སུ་ལོ་རེར་ཡུལ་ལུང་དེའི་དགོན་པ་རེས་གཙོ་མཛད་ནས་སྨོན་ལམ་ཆེན་པོ་ཞིག་ཚོགས་སྲོལ་ཡོད་པ་རེད། ད་ལོ་ནི་ཏག་ཏག་ཟླ་བ་གཡང་སྒྲོན་གྱི་ཕ་ཡུལ་གྱི་དགོན་པས་གཙོ་མཛད་གནང་ཡོད་པ་དང་ཕ་ཡུལ་གྱི་མི་མང་པོ་འདུས་ཡོང་བས་ན། ཟླ་བ་གཡང་སྒྲོན་ནི་གཉེན་ཉེ་འབྲེལ་མཇལ་བ་དང་སྐོར་སྒྲུབ་དགེ་བསགས་ཀྱི་དོན་ཟུང་ལ་དམིགས་ནས་ཡོང་།

འོན་ཀྱང་ཟླ་བ་གཡང་སྒྲོན་གྱི་བསམ་ཡུལ་ལས་འདས་པ་ཞིག་ནི་མི་ཚོགས་ཀྱི་ཁྲོད་དུ་རྒྱུས་ཆེ་བའི་མི་དེ་མཐོང་བྱུང་བ་དེ་རེད། མོའི་མིག་ཟུང་ཁྲོད་དུ་མཐོང་བ་ནི་རྒྱུས་ཆེའི་མི་དེ་ཁོ་ན་མ་རེད་ལ། ད་དུང་དེའི་འགྲམ་དུ་རྒྱུས་མེད་པའི་བུད་མེད་ཅིག་ཀྱང་འདུག གཞན་གྱི་མ་བཤད་རུང་བུད་མེད་དེ་ནི་མི་དེའི་ཆུང་མ་ཡིན་པ་ཟླ་བ་གཡང་སྒྲོན་གྱིས་གསལ་པོར་ཤེས། མོས་ལོ་གསུམ་གྱི་སྔོན་དུ་རྒྱུས་ཆེ་བའི་མི་དེའི་འགྲམ་གྱི་བུད་མེད་གཅིག་པུ་ནི་རང་ཉིད་ཡིན་ངེས་རེད་སྙམ་ནས་ཡིད་ཆེས་ཡོད་རུང་། ད་ནི་མི་ཚོགས་ཀྱི་ཁྲོད་ནས་རྒྱང་ལྟ་བྱེད་པ་ཙམ་ལས་གང་ཡང་མི་དབང་བ་རྟོགས། སྐབས་དེར་ཟླ་བ་གཡང་སྒྲོན་ནི་ཅི་ཡིན་འདི་ཡིན་མིན་པའི་ཕྲག་དོག་དང་ཞེ་སྡང་གིས་མནར། མོས་མི་ཚོགས་དང་སྐོར་ལམ་དུ་དེ་འདྲ་མི་འོས་པ་ཚོར་ཞིང་ཁ་ནས“ཨོཾབཛྭསཏྭ”ཞེས་དབང་མེད་དུ་ཤོར།

ཟླ་བ་གཡང་སྒྲོན་གྱི་མ་ཡིས་ཐོས་ནས“ད་ནི་ཁྱོད་ཀྱང་མ་རྒན་ཞིག་ལ་འགྱུར་ལ་ཉེ་གདའ། སྡིག་བཤགས་ཀྱི་ལས་ལ་འབད་པ་ནི་མངལ་ཆགས་ཡོད་པའི་བུད་མེད་ཚང་མ་ལ་ལྡན་པ་འདྲ”ཞེས་བཤད་སྐབས། “ཨ།” ཟླ་བ་གཡང་སྒྲོན་གྱིས་རང་སེམས་ཀྱི་གསང་བ་མ་ཡིས་ཤེས་སོང་བར་དོགས་ཏེ་ངག་ནས“ཨ”ཞེས་དབང་མེད་དུ་ཤོར། ཟླ་བ་གཡང་སྒྲོན་གྱི་མ་ཡིས་མུ་མཐུད་དུ“ཁྱོད་མངལ་ལ་ཆགས་དུས་ངས་ཀྱང་སྡིག་བཤགས་དགེ་སྒྲུབ་རེ་བྱས་ནས་བདེ་འཇགས་ངང་སྐྱེས་པར་སྨོན་ལམ་བཏབ་པ་ཡིན”ཞེས་བཤད་པ་ན། ཟླ་བ་གཡང་སྒྲོན་དགོད་པའི་ཉམས་ཐོན་རུང་སྐད་མ་ཤོར་བར“ཨ་མ། ད་ང་ཁྱིམ་ལ་འགྲོ་རན་གདའ། ལམ་ཡུན་རིང་བས་སྔོན་དུ་མ་སོང་ན་མུན་རུབ་ཀྱང་ཁྱིམ་ལ་བསླེབ་རྒྱུ་མ་རེད”ཅེས་ཚིག་སྣེ་གཞན་དུ་དྲངས་རྗེས། ཨ་མས “རེད། ནོར་ལྡན་ཁྱེད་གཉིས་ཁྱིམ་ལ་འགྲོ་འཕྱི་མི་ཉན། ད་ནི་ནོར་ལྡན་འཚོལ་དུ་འགྲོ”ཞེས་བཤད་པ་ན། ཟླ་བ་གཡང་སྒྲོན་གྱིས་ཕངས་སེམས་དང་བཅས་ཏེ “ཨ་མ། ནོར་ལྡན་ནི་ཤོ་རྩེད་བར་གང་དུ་སོང་ཡོད་པ་སུས་ཤེས”ཞེས་བཤད་པས། ཨ་མའི་ཡིད་སེམས་སྨྲེང་བློང་ངེར་སོང་མོད། བཟོད་བསྲན་དང་བཅས“དཀོན་མཆོག་མཁྱེན། ཁྱོད་ལམ་དུ་ངལ་གསོ་བྱེད་ཞོར་དུ་སོང”ཞེས་བཤད་དེ་མགོ་ཕར་འཁོར་བ་ན། མིག་ཟུང་ལས་མཆི་མ་གློ་བུར་བ་ཞིག་ལུད་བྱུང་།

2

ལོ་གསུམ་གྱི་སྔོན་དུ། ཟླ་བ་གཡང་སྒྲོན་གྱིས་སྐོར་ལམ་ནས་མི་དེ་མཐོང་བ་དང་ལྷན་དུ་ང་དགའ་ཁྱོད་གཅེས་ཀྱི་མཐུན་པ་བྱུང་། ལང་ཚོ་དར་ལ་བབས་པའི་ཟླ་བ་གཡང་སྒྲོན་ནི་བརྩེ་བའི་རྒྱ་མཚོར་ལྷུང་ནས་དུས་རྒྱུན་དུ་བུ་དེ་དང་ལྷན་དུ་འགྲོགས་བཞིན་འདུག བུ་དེའི་མིང་ལ་བྱམས་པ་རིག་འཛིན་ཟེར་ཞིང་། ཟླ་བ་གཡང་སྒྲོན་དང་ཉེ་འཁོར་གྱི་ཀུན་ལ་བྱམས་ཤིང་བརྩེ་བ་ན་མིང་དོན་དང་མཚུངས་ཞེས་ཡུལ་མི་ཀུན་གྱི་བསྟོད་བསྔགས་བྱ་ཡུལ་དུ་གྱུར།

འོན་ཀྱང་ཁོ་ཚང་ལ་རྒྱུ་ནོར་ཅུང་ཟད་དབུལ་བས་ཟླ་བ་གཡང་སྒྲོན་གྱི་ཕ་ཡིས་ཁོང་གཉིས་ཀྱི་གནས་ཚུལ་ཤེས་རུང་མ་ཤེས་ཁུལ་བྱས་པར་མ་ཟད། དབྱར་ཟླ་ར་བའི་ཉིན་ཞིག་ལ། ཕ་ཡིས་ཟླ་བ་གཡང་སྒྲོན་ནི་ཡུལ་གཞན་གྱི་ཕྱུག་པོ་ཞིག་གི་ཁྱིམ་ཚང་ལ་བག་མ་སྦྱིན་གྲབས་བྱས།འོན་ཀྱང་བུ་མོ་ཟླ་བ་གཡང་སྒྲོན་གྱིས་ད་དུང་ཤེས་མེད།

རི་སྲིབ་ཀྱི་བྱེའུ་ཉིན་ངོས་ལ་མ་འཕུར་གོང་། སྐྱ་རེངས་དང་འགྲོགས་ནས་ནོར་རྗེས་སུ་འབྲངས་པ་ནི་ནོར་རྫིའི་ལས་དབང་ཡིན་པ་འདྲ། ལང་ཚོ་དར་ལ་བབས་པའི་ཟླ་བ་གཡང་སྒྲོན་ནི་སྔར་བཞིན་དུ་བྲོ་ཁ་ཁུར་ནས་སྤྲོ་སེམས་དང་བཅས་ནོར་རྫི་རུ་སོང་། ནོར་རྣམས་རི་སྐེད་དུ་དེད་རྗེས། ཟླ་བ་གཡང་སྒྲོན་གྱིས་བྱམས་པ་རིག་འཛིན་ཚང་གི་སྦྲ་ཁའི་ལུག་ར་ལ་ཡུད་ཙམ་བལྟས། དེ་རིང་བྱམས་པ་རིག་འཛིན་ཚང་གི་ལུག་དེ་དག་རི་གཞན་ཞིག་ཏུ་འདེད་བཞིན་པ་འདྲ། དངོས་གནས། བྱམས་པ་རིག་འཛིན་ཚང་གི་ལུག་རིའི་ཕ་རོལ་ཏུ་དེད་སོང་། ནོར་རི་ལ་འདེད་ཅུང་ཟད་སྔ་བ་ན། དུས་རྒྱུན་ཡུལ་མི་དག་གིས་བྱམས་པ་རིག་འཛིན་ཚང་གི་ལུག་གིས་ཟླ་བ་གཡང་སྒྲོན་ཚང་གི་ནོར་རྗེས་འབྲངས་ཤེས་གདའ་ཞེས་ཁ་ཁྲམ་གླེང་། ཉིན་དེར། ཟླ་བ་གཡང་སྒྲོན་གྱིས་རིའི་ཕ་རོལ་གྱི་ལུག་ལ་ལྟ་དུས། སྔར་བཞིན་དུ་སྐར་ཚོགས་འདྲ་བའི་མཛེས་ཉམས་ཤར། བྱམས་པ་རིག་འཛིན་ཚང་གི་ལུག་དེ་འདྲ་མང་རྒྱུ་མེད་ཀྱང་། རི་ལ་དེད་ན་ཁ་མི་གྲམ་པས་དུད་ཚང་གཞན་དང་དབྱེ་བ་འབྱེད་སླ།

ཉིན་དེའི་དགོང་མོར། ཟླ་བ་གཡང་སྒྲོན་གྱིས་སྦྲ་ནག་གི་ཁ་ཚུབ་ལས་སྐར་ཚོགས་ཁྲ་ཆེམ་མེར་འཆར་རག་བར་དུ་བྱམས་པ་རིག་འཛིན་ལ་བསྒུགས། དབྱར་མཚེར་དུ། ཕལ་ཆེར་དུད་ཚང་གི་ན་གཞོན་དག་གིས་ཕྱུགས་ཟོག་འཚོས་ནས་བསྡད་ཡོད་པས།བརྩེ་འདང་ཆེ་བའི་ན་གཞོན་ཕོ་མོ་དག་ཉིན་དཀར་མཉམ་དུ་ནོར་ལུག་འཚོས་ནས་རྩེད་མོ་ལ་རོལ་བ་དང་། དགོང་མོར་གསང་སྦ་ངང་ང་དགའ་ཁྱོད་མཐུན་གྱི་གསང་གཏམ་ཡང་བཤད་སྲོལ་ཡོད་པ་རེད། འོན་ཀྱང་ཟླ་བ་གཡང་སྒྲོན་གྱིས་ཡུན་རིང་ལ་བསྒུགས་རུང་བྱམས་པ་རིག་འཛིན་མ་སླེབས། དགོང་མོ་དེར། ཡུལ་ལུང་དེ་རུ་གྲགས་པའི་དམངས་གླུ“གུར་མཐའ་རླུང་གིས་འགྱོག་དུས། ། ཆུང་འདྲིས་ཨེ་ཡིན་སྙམ་བྱུང”ཞེས་པ་ནང་བཞིན་དུ། ཟླ་བ་གཡང་སྒྲོན་ནི་སྒོ་ཕྱར་རླུང་གིས་འགྱོག་ཐེངས་རེར་རིག་འཛིན་ཨེ་ཡིན་སྙམ་ནས་མིག་དབང་སྒོ་ཕྱར་གྱི་ཕྱོགས་ལ་ཤོར།

ནམ་གུང་། ཟླ་བ་གཡང་སྒྲོན་གྱིས་བསྒུགས་པའི་བྱམས་པ་རིག་འཛིན་མ་སླེབས་རུང་། སྔོན་མཐོང་མ་མྱོང་བའི་སྐྱེས་པ་ཞིག་སླེབས་བྱུང་། ཟླ་བ་གཡང་སྒྲོན་གྱིས་སྐད་ཆ་ཚིག་གཅིག་ཀྱང་འདྲི་མ་ཕོད་པར་འཇིགས་སྐྲག་དང་བཅས་ཏེ་བྱམས་པ་རིག་འཛིན་ཚང་གི་སྦྲ་གུར་ཕྱོགས་སུ་བྲོས། བྱམས་པ་རིག་འཛིན་ནི་ཟླ་བ་གཡང་སྒྲོན་གྱི་སྨྲེ་སྔགས་དང་ངུ་འབོད་ལས་དཀྲོགས་བྱུང་ལ། བྱམས་པ་རིག་འཛིན་སྦྲ་སྒོ་ཕྱི་ལ་བུད་མ་ཐག་ཟླ་བ་གཡང་སྒྲོན་གྱིས་ཁོ་ལ་དམ་དུ་འཁྱུད། སྐྱེས་པ་དེ་ནི་ཟླ་འོད་ཀྱི་གྲིབ་འོག་ནས་རིམ་བཞིན་ཡལ། བྱམས་པ་རིག་འཛིན་གྱིས་ཟླ་བ་གཡང་སྒྲོན་ལ“མི་དེ་སུ་རེད”ཅེས་དྲིས་ནའང་ཟླ་བ་གཡང་སྒྲོན་གྱིས“ངས་མ་ཤེས། མདང་དགོང་མ་གཏོགས་རིག་མྱོང་མེད”ཅེས་པ་མ་གཏོགས་བཤད་རྒྱུ་མ་བྱུང་།

“ཁྱོད་ཀྱིས་རིག་མ་མྱོང་བའི་མི། ད་ནི་ལུང་པ་འདི་ནས་ཡིན་མི་སྲིད།”

“དེས་ན་སུ་ཡིན་སྲིད་དམ།”

“ངས་ག་ལ་ཤེས། འོན་ཀྱང་གོ་ཐོས་ལ།”

“ཨ། འོན་ཀྱང་ཅི།”

བྱམས་པ་རིག་འཛིན་གྱིས་ཅི་ཞིག་ཚོར་ནས་གོ་ཐོས་ལ་ཞེས་པ་མ་གཏོགས་མུ་མཐུད་དུ་བཤད་རྒྱུ་མ་བྱུང་ལ། ཟླ་བ་གཡང་སྒྲོན་གྱིས་ཕ་ཡིས་རང་ཉིད་གནས་ཚང་གཞན་ལ་བྱིན་པ་མ་ཤེས་པ་འདྲ་ལ། དེ་སྲིད་དམ། ཟླ་བ་གཡང་སྒྲོན་གྱི་ཕ་མ་དགུན་མཚེར་དུ་བསྡད་ཡོད་པས། གནས་ཚུལ་གསལ་པོ་ད་དུང་ཤེས་མེད་ཀྱང་སྲིད། བྱམས་པ་རིག་འཛིན་གྱིས་ཟླ་བ་གཡང་སྒྲོན་གྱིས་དྲིས་ལན་ལ་བསྒུགས་པ་ཚོར་བ་ན།“ཅི་མ་རེད། གནས་ཚུལ་གསལ་པོ་ངས་ཀྱང་བཤད་ཤེས་ཀྱིན་མི་འདུག ནམ་ལངས་ན་དགུན་མཚེར་དུ་སོངས”ཞེས་བཤད།

“དགུན་མཚེར་དུ་ཅི་བྱེད་དུ་འགྲོ།”

“ཕ་མ་ལ་གནས་ཚུལ་ཤོད་དང་། བརྒྱ་ལ་ནི་ཤེས་ཀྱི་རེད།”

“འོ་ཡ། སྐྱ་རེངས་མ་ཤར་བར་དུ་ཁྱེད་ཀྱི་རུམ་དུ་ཉལ་དགོས། ང་སྦྲ་ནང་དུ་ལོག་མི་ཕོད།”

“ངས་ཁྱོད་ལ་ཉལ་ས་གཞན་ཞིག་འདིང་ཡོང་།”

“ནམ་རྒྱུན་ཁྱོད་ངའི་རུམ་ལ་འཛུལ་བ་མ་ཡིན་ནམ། དྲིན་ལན་ལོག་འཇལ།”

“ད་ཉོལ། སྔ་མོ་ལངས་ནས་སྒོ་ཟོག་ཀྱང་རི་ལ་འདེད་དགོས་རེད། ”

བྱམས་པ་རིག་འཛིན་གྱིས་གསལ་པོ་མ་བཤད་རུང་། ཟླ་བ་གཡང་སྒྲོན་ནི་གཞན་ལ་བྱིན་ཡོད་པ་ཉིན་འདི་དག་གི་རིང་ལ་རྣ་བའི་བུ་གར་གོ། གཉེན་སྒྲིག་གཏན་ཁེལ་ཟིན་པའི་བུ་དང་བུ་མོ་ངོ་ཕྲད་མ་མྱོང་བའང་། སྐྱེས་པ་ཡིས་གོ་སྐབས་བཙལ་ནས་གཉེན་སྒྲིག་མ་བྱས་གོང་དུ་འཕྲད་ཐབས་བྱ་བའི་ལུགས་སྲོལ་ཡོད་པ་ན། བྱམས་པ་རིག་འཛིན་གྱིས་དོ་དགོང་གི་གནས་ཚུལ་སྔ་མོ་ནས་རྟོགས་ཟིན། ཟླ་བ་གཡང་སྒྲོན་དགུན་མཚེར་དུ་འགྲོ་འཕྱི་བའང་གནད་དེར་ཐུག་འདུག

3

སྐྱ་རེངས་དང་པོ་ཤར་བ་ན། ཟླ་བ་གཡང་སྒྲོན་གྱིས་སྒོ་ཟོག་རི་ལ་དེད་རྗེས། དགུན་མཚེར་གྱི་ཕྱོགས་སུ་ལམ་ལ་ཆས། ཟླ་བ་གཡང་སྒྲོན་ལ་ཉིན་འདི་དག་རིང་ཅི་ཡིན་འདི་ཡིན་མིན་པའི་དོན་དག་མང་པོ་བྱུང་བས། བློ་སེམས་ཅིས་ཀྱང་མ་བདེ།

ཉི་མ་ནི་ཟླ་བ་གཡང་སྒྲོན་གྱིས་ཤར་ཕྱོགས་ནས་ཁྲིད་པ་དང་འདྲ་བར། ཤར་ཕྱོགས་ནས་ནུབ་རི་ལ་བར་མཚམས་རིང་པོར་ཐོན་གདའ། ཟླ་བ་གཡང་སྒྲོན་ནི་རི་ལུང་དུ་མ་བརྒལ་ནས་དགུན་མཚེར་དུ་སླེབས། རྒྱང་ནས་བལྟས་ན་ཕ་མ་མི་རིག་རུང་ཁྱིམ་མཚེས་ཚང་གི་ཨ་མ་རྒན་མོ་དང་ཡུལ་དེའི་བུད་མེད་ཁ་ཤས་ཀྱིས་ཆུ་ཁ་ནས་ཆུ་ལེན་བཞིན་གདའ། ཟླ་བ་གཡང་སྒྲོན་གྱིས་ཆུ་ཁ་བརྒྱུད་ནས་འགྲོ་དུས། བར་ཐག་དེ་འདྲ་མི་རིང་ཡང་ཆུ་སྒྲས་བུད་མེད་དག་གི་གཏམ་གླེང་མི་གསལ་བར་གྱུར། འོན་ཀྱང“གཉེན་སྒྲིག་བྱེད་དུ་ཡོང་བ་འདྲ”ཞེས་པ་རླུང་གིས་རྣ་ལ་བསྐྱལ་བ་དང་འདྲ་བར་གསལ་བོར་གོ་ཡོང་།

ཁྱིམ་དུ་འཛུལ་དུས་མདང་དགོང་གི་མི་དེས་ཕ་རྒན་དང་ལྷན་དུ་ཁ་བརྡ་བྱེད་བཞིན་འདུག ད་དུང་ལོ་ན་ཅུང་ཆེ་བའི་རྒད་པོ་ཞིག་ཀྱང་གདའ། ཟླ་བ་གཡང་སྒྲོན་གྱིས་ཅི་ཞིག་བྱུང་བ་མ་ཤེས་རུང་། ཕ་རྒན་གྱིས་བུ་མོ་ཟླ་བ་གཡང་སྒྲོན་མཐོང་མ་ཐག“བུ་མོ་འདི་ཡིན། ད་རྩིས་པ་ཞིག་མགྱོགས་པོ་བཙལ་ནས་དུས་ཚོད་གཏན་འཁེལ་བྱ་དགོས་རྒྱུ་རེད”ཅེས་མི་དེ་གཉིས་ལ་བཤད་པ་ན། རྒད་པོ་དེས“ད་དངོས་གནས་རེད།དུས་ཚོད་ཕྱིར་འགྱངས་བྱེད་མི་ཉན”ཞེས་གུས་ཞུམ་ངང་ཕ་རྒན་ལ་ལན་བཏབ་པས། ཟླ་བ་གཡང་སྒྲོན་གྱིས་སྐད་དམའ་མོས་མ་ལ“མི་འདི་གཉིས་སུ་རེད། ཨ་ཕས་དུས་ཚོད་ཅི་ཞིག་གཏན་འཁེལ་བྱ་རྩིས་རེད”ཅེས་དྲིས་པ་དང་། མ་རྒན་གྱིས“མགྲོན་པོ་སོང་རྗེས་བཤད། ཁྱོད་ཀྱིས་ཇ་ལྡུག་རོགས་གྱིས”ཟེར་ཞོར་དུ་ཇ་རྫ་ཟླ་བ་གཡང་སྒྲོན་གྱི་ལག་ཏུ་སྤྲད།

ལོ་ན་ཅུང་ཟད་རྒས་པའི་མི་དེ་ཕ་རྒན་དང་ལྷན་དུ་འཛུམ་མདངས་དང་བཅས་ཏེ་གྱེས་གྲབས་བྱས། མི་གཞན་དེས་ཅུང་མ་དགའ་བའི་རྣམ་འགྱུར་དང་ངོ་ཚ་བའི་ངང་ནས་བདེ་མོ་ཞེས་བཤད།

མི་དེ་གཉིས་སོང་རྗེས་ཟླ་བ་གཡང་སྒྲོན་གྱི་ཕ་ཡིས“བུ་མོ་གཡང་སྒྲོན། ད་ནི་ཁྱོད་ཀྱང་ལོ་ན་ཆུང་རྒྱུ་མེད། གཅིག་ནས་བཤད་ན་ཁྱིམ་ལ་བུ་མོ་ཁྱོད་ལས་མེད་པས་གནས་ལ་མ་བྱིན་པ་ཡིན། གཉིས་ནས་བཤད་ན་བུ་མོ་གནས་ལ་སྟེར་མ་སྔ་ཟེར་བ་ཇི་བཞིན་དུ་ད་བར་དུ་ལུས། ད་ནི་ཕ་མ་ལོ་ན་རྒས་ལ་ཐུག རང་བཞིན་གཉིས་ཀྱི་མ་འོངས་ལ་བསམ་བློ་བཏང་ནས་ད་ལྟའི་མི་དེ་ཚང་ལ་གནས་ལ་སྦྱིན་པ་ཡིན”ཞེས་བཤད་མ་ཐག ཟླ་བ་གཡང་སྒྲོན་གྱིས་ངུ་ཞོར་དུ“ཨ་ཕ་ལགས། ང་གནས་ཚང་ལ་མི་འགྲོ”ཞེས་བཤད།

“དེ་འདྲ་མ་ཟེར། སྨན་བུ་མོ་གནས་ལ་སོང་རུང་། ཕ་མ་གཉིས་ཀྱི་བཀའ་མི་བརྩི་བའི་སྲོལ་མེད།”

“ང་ཡུལ་གཞན་ལ་འགྲོ་མི་འདོད། སྒོས་སུ་ཕ་མ་དང་བྲལ་ནས་འགྲོ་འདོད་མེད། གནས་ལ་སོང་རུང་དགའ་བའི་མི་དང་འགྲོགས་པའི་དབང་སྤྲོད་རོགས།”

“གནའ་མི་བོད་ཀྱི་གཏམ་དཔེ་ལ་ཕ་དམ་པ་ཆང་གིས་བཟི་རུང་། དོན་དམ་པ་རླུང་ལ་མི་བསྐུར་ཟེར། གནས་ཚང་རྒྱུ་འབྱོར་ཡོད་ས་རེད་གདའ། ནང་ཕ་མ་མཐུན་པོ་གདའ། བུ་རྒྱུད་མང་བས་སྟོབས་འབྱོར་གྱིས་ཕྱུག་པ་གདའ། བུ་མོ་ཁྱོད་ཀྱི་མ་འོངས་ལ་བསམ་ལེ་ཡིན། གནས་ཚང་འདི་ལས་དགའ་བ་མི་འདུག”

བུ་མོས་ངུ་སྐད་མཚམས་མ་བཞག་ཅིང་ཕ་རྒན་ལ་ཡང་ཨ་ལན་མ་བཏབ། ཕ་རྒན་གྱིས་མུ་མཐུད་དུ“བྱམས་པ་རིག་འཛིན་ཞེས་པའི་གདོན་ཕྲུག་དེ། རིགས་རུས་པ་བཤད་ན་ཡག་རྒྱུ་མེད། རྒྱུ་འབྱོར་བ་བསམས་ན་སྟོན་རྒྱུ་མེད། རྐུ་རིགས་ལས་ཆད་པའི་ཙི་གུའི་བུ་རེད། སྡིག་རིགས་ལས་ཆད་པའི་ཞི་ལུའི་བུ་རེད། ཕ་རྒན་སྲོག་ལ་ཐུག་རུང་ཁྱོད་གཉིས་འགྲོགས་པའི་སྐལ་བ་མེད”ཅེས་བཤད་དུས། ཟླ་བ་གཡང་སྒྲོན་གྱི་མ་རྒན་གྱིས“དུས་རྒྱུན་དུ་ཁྱོད་ཀྱིས་ཆུ་ཡུར་ར་ནང་དུ་བཞུར་ལེས། གཏམ་རྣ་ལ་འགྲོ་ལེས་བཤད་དགོས་ཟེར་བ་མ་ཡིན་ནམ། བྱམས་པ་རིག་འཛིན་ཚང་གི་ཁྱིམ་རྒྱུད་ལ་རྒྱུས་མེད་རུང་། བུ་ཡ་རབས་ཅན་ཞིག་རེད་གདའ། རྒྱུ་འབྱོར་བ་མེད་རུང་། ལས་ལ་བརྩོན་པ་ཞིག་རེད་གདའ། གནས་ཚང་མཐུན་པ་ལ་འགྱོད་པ་མེད་མ་ཟེར་རམ། བུ་མོའི་འདོད་ཐོག་ལ་འཇོག་རོགས་གྱིས”ཞེས་ཕ་རྒན་ལ་ལེ་བདའ་དང་ཞུ་བ་བྱས།

ཕ་རྒན་གྱིས“ཁ་ཚུམས། ཁྱི་བུད་མེད་གཉིས་ལ་ཟུག་རྒྱུ་མང་། བཤད་པའི་གཏམ་ལ་ཕྱིར་འཐེན་མེད། དོན་དེ་གཏན་འཁེལ་བྱས་ཚར”ཞེས་མ་རྒན་ལ་སྐད་ཆ་བཤད་དུ་མ་བཅུག

དུས་དེ་ནས་བཟུང་ཕ་མ་གཉིས་ཀྱིས་ཟླ་བ་གཡང་སྒྲོན་དབྱར་མཚེར་དུ་མ་མངགས་ལ། ཉིན་ཞག་མང་པོ་མ་འགོར་བར་བུ་མོ་ཟླ་བ་གཡང་སྒྲོན་ཡང་གནས་ལ་བཙན་གྱིས་མངགས།

4

ཟླ་བ་གཡང་སྒྲོན་འཇའ་དམར་མ་ཎི་ནས་ཁྱིམ་ལ་སླེབས་དུས། ཡུལ་པོ་དང་ངལ་བས་མནར་རུང་། རྩམ་པ་ཕོར་བ་གང་བརྫིས་ཏེ་ཟ་ཞོར་དུ་ཟོག་རྡང་ལ་འདོགས་པར་སོང་། མོ་དང་ནོར་ལྡན་གཉིས་གཉེན་བསྒྲིགས་བྱས་ཚར་རྗེས་ནོར་ལྡན་ནི་རང་གི་ཕུ་ནུ་དང་མ་མཐུན་པར། ཟླ་བ་གཡང་སྒྲོན་དང་ལྷན་དུ་ཁྱིམ་གསར་པ་ཞིག་བཙུགས། ཟླ་བ་གཡང་སྒྲོན་ནི་དུས་དེ་ནས་བཟུང་ཕ་མས་བྱིན་པའི་སྒོ་ཟོག་དང་ནོར་ལྡན་གྱི་བགོ་སྐལ་ཕྱུགས་ཟོག་དུ་མའི་ལས་ལ་བྲེལ་དགོས་བྱུང་།

དགོང་མོ་དེར། ཟླ་བ་གཡང་སྒྲོན་རང་གི་ཁང་པ་ཆུང་ཆུང་ནང་སྔར་བཞིན་དུ་གཅིག་པུར་ཉལ། མོ་ལ་མཚོན་ན་ཁེར་རྐྱང་ལ་སྔ་མོ་ནས་གོམས་ལ། ནོར་ལྡན་དང་གཉེན་བསྒྲིགས་རྗེས་མོ་གཅིག་པུ་ཉལ་བར་གོམས་སྲོལ་ཆགས་པ་དང་། ནོར་ལྡན་ནི་སྐབས་འགར་ནམ་ལངས་ཁར་ཁྱིམ་ལ་ལོག་ཡོང་བ་དང་། སྐབས་འགར་གཏན་ནས་ལོག་གིན་མི་འདུག དེ་ལྟར་ཡིན་ནའང་། དོ་དགོང་མོ་རང་སྔར་བྱུང་མ་མྱོང་བའི་ཁེར་རྐྱང་ཞིག་གིས་མནར། ཟླ་བ་གཡང་སྒྲོན་ཡུན་རིང་གཉིད་ལ་མ་ཁུག སྒེའུ་ཁུང་ལས་སྐར་ཚོགས་རིམ་བཞིན་དུ་བཀྲ། ཟླ་བ་གཡང་སྒྲོན་གྱིས་སྐར་ཚོགས་ལ་ཅེར་ཞིང་། སྐར་ཚོགས་ནི་རང་ཉིད་དང་ཤིན་ཏུ་ཉེ་སྣང་བྱུང་། ཕ་ཡུལ་གྱི་རྩྭ་ཐང་དང་། ཕ་ཡུལ་གྱི་རི་ལུང་། སྐར་ཚོགས་དག་ཏུ་འགྲོགས་མྱོང་བ་འདྲ་ལ། ནོར་ལྡན་ཚང་ལ་ཡོང་བའི་ཉིན་དེ་ནས་སྐར་ཚོགས་དག་ཀྱང་རྗེས་དེད་ནས་ཡོང་བ་འདྲ།

ཟླ་བ་ཁ་ཤས་འགོར་སོང་། ཟླ་བ་གཡང་སྒྲོན་གྱི་ཕོ་བ་ཇེ་ཆེར་སོང་། ཚེ་སྲོག་ཅིག་གི་འབྲས་བུ་སྨིན་ལ་ཉེ་དུས། ཟླ་བ་གཡང་སྒྲོན་གྱི་མ་རྒན་ཕ་ཡུལ་ནས་སྦྲུམ་མ་ལ་རོགས་རམ་བྱེད་དུ་ཐོན་གདའ། ནོར་ལྡན་ནི་ད་དུང་དུས་ལྟར་ཁྱིམ་དུ་ལོག་གིན་མི་གདའ། ཕྲུ་གུ་སྐྱེས་པའི་དགོང་མོ་དེར། ཟླ་བ་གཡང་སྒྲོན་གྱི་སྨྲེ་སྔགས་ཀྱིས་སྒེའུ་ཁུང་ཁྲོད་ཀྱི་སྐར་ཚོགས་གཉིད་ལས་དཀྲོགས་པ་དང་འདྲ་ལ། ཟླ་བ་གཡང་སྒྲོན་གྱི་ངུ་འབོད་ཀྱང་མཚམས་མ་ཆད། ཟླ་བ་གཡང་སྒྲོན་གྱི་མ་རྒན་གྱིས“བུད་མེད་སུ་ཡིན་ཡང་། ཕྲུ་གུ་ཐོག་མར་སྐྱེས་དུས་སྡུག་བསྔལ་ཚད་མེད་མྱང་དགོས་པས་ཁྱོད་སྐྲག་མི་དགོས”ཞེས་ལག་པར་འཇུས་ནས་སེམས་གསོ་བྱས། ཏག་ཏག་ཕྲུ་གུའི་ལྟེ་ཁྲག་ས་ལ་འཕོ་སྐབས། ནོར་ལྡན་འཚོལ་བའི་མི་ཁ་ཤས་ཁྱིམ་དུ་སླེབས། ནོར་ལྡན་གྱིས་ཤོ་བརྩེས་ནས་ཕམ་ཞིང་། མི་དེ་དག་བུ་ལོན་ལེན་དུ་ཡོང་བ་རེད། ཟླ་བ་གཡང་སྒྲོན་གྱི་མ་ཡིས་བུ་མོ་ལ་གསང་ནས་མ་རང་གི་ནོར་ཕྱུགས་གཉིས་ཀྱིས་བུ་ལོན་འཇལ་རྒྱུ་བྱས་ལ། སང་གི་ཉི་མ་ཤར་བ་ན་ཨ་མ་རང་ཁྱིམ་ལ་ནོར་ནག་ལེན་པར་འགྲོ་གྲབས་བྱས། མ་རྒན་ནི་ཟླ་བ་གཡང་སྒྲོན་གྱི་འགྲམ་ལ་བཅར་ནས“གཡང་སྒྲོན། ཨ་མ་ལ་དོན་དག་ཅིག་ཡོད་པས་སང་ཉིན་སྔ་མོར་ཁྱིམ་ལ་ལོག་དགོས་བྱུང་། ཉིན་འདི་དག་རིང་ལ་ཁྱོད་ཀྱིས་ལས་ཀ་མ་ལས། ངལ་གསོ་ཡག་པོ་བྱོས”ཟེར་བཞིན་མིག་ནས་མཆི་མ་རིལ་བུ་དང་རིལ་བུ་བྱས་ནས་ལྷུང་།

ཟླ་བ་གཡང་སྒྲོན་གྱི་སྒོ་ཕྱུགས་དག་ནོར་ལྡན་གྱི་ཕ་ཚང་གིས་ཉིན་ཞག་གཉིས་ཙམ་ལ་ལྟ་སྐྱོང་བྱས། ཉིན་གསུམ་པར་ཟླ་བ་གཡང་སྒྲོན་གྱིས་ཕྱུགས་ལས་ལས་བཞིན་གདའ། ཁྱིམ་མཚེས་ཚང་གི་བུ་མོས་གནས་ཚུལ་འདྲ་འབྱུང་བར་དོགས་ནས་རོགས་བྱེད་དུ་སླེབས་ཀྱང་ཟླ་བ་གཡང་སྒྲོན་གྱིས“ཨ་མས་ང་སྐྱེས་པའི་དགོང་མོ་དེའི་ཕྱི་ཉིན། ཕྱུགས་ལས་ལས་པ་རེད། ང་དེ་རིང་ཉིན་གསུམ་པ་རེད། སེམས་ཁྲལ་བྱ་དགོས་མ་རེད”ཟེར་བཞིན་དུ་ལས་ལ་བྲེལ།

5

ཟླ་འོད་ཤིན་ཏུ་གསལ། འོད་ཟེར་ནི་སྒེའུ་ཁུང་བརྒྱུད་དེ་ཁང་པའི་གྱང་ཟུར་དུ་འཕྲོས་འདུག

ཟླ་འོད་འོག་ཏུ་ཟླ་བ་གཡང་སྒྲོན་ནི་གསུས་ཁོག་གཟེར་ནས་མ་བཟོད་པར། སྐབས་རེར་འགྲེ་ལྡོག་རྒྱག་བཞིན་མཆིས་པ་དང་། མཚམས་རེར་སྒེའུ་ཁུང་གི་ཕྱོགས་སུ་བལྟས་ནས་དུས་ཚོད་ཡལ་བར་བྱས།

ཟླ་བ་གཡང་སྒྲོན་གྱི་ཚོར་སྣང་དུ། གསུས་ཁོག་ཏུ་མཁའ་དབྱིངས་གཞན་ཞིག་གི་སྐར་ཚོགས་འདུས་ནས་བྲོ་གར་འཁྲབ་བཞིན་པ་འདྲ། གང་ལྟར་གསུས་ཁོག་གཟེར་ནས་བཟོད་ཐབས་བྲལ་ཡང་། འགྲམ་གྱི་ཕྲུ་གུ་ཟླ་བདུན་ལོན་པ་དེ་གཉིད་སད་པར་འདོད་དེ། སླར་ཡང་འགྲེ་ལྡོག་རྒྱག་མ་ཕོད།

དུས་ཚོད་ནི་ཅི་ཙམ་འདས་པ་མ་ཤེས་མོད། སྒེའུ་ཁུང་ལས་མཐོང་བའི་སྐར་ཆུང་དག་རབ་རིབ་ཏུ་གྱུར་ནས། ནམ་མཐའ་རིམ་བཞིན་གསལ་བར་གྱུར། ཟླ་བ་གཡང་སྒྲོན་གྱི་ན་ཟུག་གི་གདུང་བ་ད་དུང་མ་འཇགས་རུང་། ནམ་མཐའ་གསལ་བ་དང་བསྟུན་ནས་ལངས་དགོས་བྱུང་། དེ་ནས་མོ་རང་ལྷས་ར་ནང་གི་ཕྱུགས་ལས་ལ་བྲེལ་ཞིང་། ཕྱུགས་ལས་ལས་ཚར་ལ་ཉེ་དུས། ཁྱིམ་གྱི་ཕྱོགས་ནས་ཕྲུ་གུའི་ངུ་སྐད་གྲག་བྱུང་། མོ་རང་མྱུར་མོར་ཁྱིམ་གྱི་ཕྱོགས་སུ་བརྒྱུག་ན་འདོད་མོད། འོན་ཀྱང་གོམ་པ་རེ་གཉིས་སྤོས་པས་ན་དལ་གྱིས་མི་འགྲོ་ཀ་མེད་བྱུང་། ཁང་པར་འཛུལ་མ་ཐག“གཅེས་ཕྲུག མ་ངུ་ཨ། ཨ་མ་སླེབས་ཡོད”ཅེས་བཤད་ཞོར་དུ་ཕྲུ་གུ་པང་དུ་བླངས་ཏེ་ནུ་ཞོ་བསྣུན། ཁྱོ་ག་ནོར་ལྡན་གྱིས་འཁང་ར་དང་བཅས “གདོན་ཕྲུག་དེ། ང་གཉིད་ལས་དཀྲོགས་སོང”ཞེས་བཤད་རྗེས། འགྲེ་ལོག་ཅིག་བརྒྱབ་སྟེ་སྔར་བཞིན་རྨི་ལམ་གྱི་ཞིང་ཁམས་འགྲིམ་སོང་། ཕྲུ་གུ་ནི་ཨ་མའི་སེམས་བརྩེ་བའི་འོག་ནས་ངུ་སྐད་འཇམ་དུ་སོང་།

མཁའ་དབྱིངས་ཀྱི་བདག་པོས་ཤར་ནུབ་ཀྱི་མཚམས་སྙོམས་པར་བགོ་དུས། ཟླ་བ་གཡང་སྒྲོན་གྱིས་རྒྱབ་ཏུ་ཕྲུ་གུ་ཁུར་ཏེ་གྲོང་སྡེ་དེའི་ལྷ་རྗེ་ཚང་དུ་སོང་། མོ་རང་ལ་དོན་དག་གཞན་ཡོད་པ་མ་རེད་ལ། མདང་དགོང་ཁོག་པར་ཟུག་གཟེར་ལངས་པ་མ་ཟད། ད་དུང་ལུས་པོར་རྔུལ་ཆུ་བཞུར་བས། ནད་ལ་བརྟག་པར་ཡོང་བ་རེད།

གྲོང་སྡེ་དེ་ལ་སྒེར་གྱིས་གཉེར་བའི་སྲོལ་རྒྱུན་གྱི་སྨན་ཁང་གཅིག་ལས།དེང་རབས་ཀྱི་སྨན་ཁང་དང་འཕྲོད་བསྟེན་ཁང་གི་མཐུན་རྐྱེན་ཚང་མི་འདུག སྒེར་གྱིས་གཉེར་བའི་སྨན་ཁང་དེར་གསོ་རིག་ལ་མཁས་པའི་སྨན་པ་གཅིག་མ་གཏོགས་མེད་ལ། མ་རྒྱུན་སྡེ་མི་དག་གིས་དེ་ལ་ལྷ་རྗེ་ཚང་ཞེས་འབོད། མི་ལ་ན་ཚ་དང་ཕྱུགས་ཟོག་ལ་རྐྱེན་ཕོག་དུས་རེ་ས་དེར་ལྷ་རྗེ་དེ་ལས་གཞན་མི་འདུག རྗེས་སུ་རིམ་གྱིས་འགྲིམ་འགྲུལ་གྱི་འགྲོ་ལམ་བདེ་བར་བྱུང་བས། ནད་པ་ཚབས་ཆེ་བ་དག་རྫོང་སྨན་ཁང་དུ་སྐྱེལ་བཞིན་གདའ།

ལྷ་རྗེ་དེ་ཚང་དུ་མི་མང་པོ་འདུས་འདུག སྐྲ་ལོ་དུང་ལྟར་དཀར་བའི་བགྲེས་པོས་མི་རེ་རེ་བཞིན་དུ་རྩ་ལ་བརྟག་བཞིན་འདུག ཟླ་བ་གཡང་སྒྲོན་གྱིས་ལྷ་རྗེ་ལ་ནད་རྟགས་ཞུས་རྗེས། ལྷ་རྗེས“ཁྱོད་ཀྱིས་རང་གི་ལུས་པོ་ལ་བདག་སྐྱོང་ཡག་པོ་བྱོས། ངོ་མདོག་དེ་འདྲ་བཟང་རྒྱུ་མི་འདུག ལུས་པོ་སྔར་དང་བསྡུར་ན་ཇེ་རིད་དུ་འགྲོ་བཞིན་གདའ། ད་དུང་ཟས་འཁྱག་པ་མ་བཟའ། ཕལ་ཆེར་ཟས་འཁྱག་གིས་བཟོས་པ་ཡིན་རྒྱུ་རེད། ལྷག་པར་དུ་དུས་ལྟར་ཟ་མ་བཟའ་རྒྱུ་ནི་ཧ་ཅང་གལ་ཆེ། སྨན་འདི་ཉིན་རེར་ཐེངས་གསུམ་ལ་ཟོ། ཚད་ཅུང་ཙམ་ཆུང་ཆོག ཡིན་ནའང་མཚམས་ཆད་དུ་མ་འཇུག”ཟེར་བཞིན་ཚགས་པར་གྱི་ཤོག་བུའི་ནང་སྨན་བཅུག་སྟེ་སྒང་དུ་ཡིག་འབྲུ་གཅིག་གཉིས་བྲིས། ཟླ་བ་གཡང་སྒྲོན་གྱིས་ཡི་གེ་དེ་དག་མི་ཤེས་རུང་ལྷ་རྗེའི་གསུང་ཡིད་ལ་བཞག་སྟེ་ཁྱིམ་དུ་ལོག

སླར་ཁྱིམ་དུ་ལོག་དུས། ཁང་པའི་ནང་དུ་ཐ་མག་གི་དུ་བས་ཁེངས་ཤིང་རི་ལུང་སྨུག་པས་བཏུམས་པ་དང་གཉིས་སུ་མེད། ཁྱོ་གས་མཛུབ་མོ་གཉིས་ཀྱིས་ཐ་མག་རྐང་གཅིག་ཁ་རུ་རྔུབ་བཞིན“ཁྱོད་མ་བུ་གཉིས་གང་དུ་སོང་བ་ཡིན། ང་རང་གཉིད་ལས་སད་དུས་ཁྱོད་གཉིས་གར་སོང་མི་འདུག མགྱོགས་པར་ང་ལ་དྲོ་ཟས་བཟོས་དང་། ལྟོགས་ནས་མི་བཟོད་པར་གདའ”ཞེས་བཤད།

“ངེད་མ་བུ་གཉིས་འགྲོ་ས་ཅི་ཡོད། ལྷ་རྗེ་ཚང་དུ་ནད་བལྟ་རུ་སོང་བ་ཡིན།”

“ཨ།ཅི་རེད་གདའ།”

“མདང་དགོང་ཁོག་པ་ན་ནས་མ་བཟོད་ཐལ།”

“འོ་འོ། མགྱོགས་པར་ང་ལ་དྲོ་ཟས་བཟོས་དང་།”

ཟླ་བ་གཡང་སྒྲོན་གྱིས་སྨྲེ་སྔགས་དང་བཅས་ཏེ“ཨ། དཀོན་མཆོག་མཁྱེན། ཉི་མ་ནུབ་ལ་ཉེ་རན། ད་གཟོད་དྲོ་ཟས་བཟོས་ཤོག་ཟློ་ལེ། ཞོ་འཐུང་ནས་ལྟོ་རྒྱགས་ཅི་ཐབས་བྱོས”ཟེར་བཞིན་དཀར་ཡོལ་དུ་ཞོ་བླུགས་སྟེ་ཁྱོ་གར་བྱིན།

ཟླ་འགའ་འགོར་རུང་། ཟླ་བ་གཡང་སྒྲོན་གྱི་ནད་མ་དྲག དེ་ལས་ལྡོག་སྟེ་ཉིན་རེ་ནས་ཉིན་རེར་ཁོག་པ་གཟེར་ཡུན་ཇེ་རིང་དང་ན་ཟུག་ཇེ་ཆེ་རུ་སོང་བ་དང་། སྐབས་འགར་ལུས་ཧྲིལ་པོར་ཚ་བརྒྱབ་སྟེ་རྔུལ་ཆུའང་བཞུར། མོས་དུས་རྒྱུན་དུ་རང་ཉིད་ལ་ནད་ལྕི་མོ་ཞིག་ཕོག་འདུག་སྙམ་སྟེ། སེམས་སུ་སྡུག་བསྔལ་ཡང་དྲག་པོ་སྐྱེས། ཁྱོ་བོ་ལ་རྫོང་སྨན་ཁང་དུ་འགྲོ་དགོས་པའི་རེ་བ་ཐེངས་མང་པོ་བཏོན་མོད། འོན་ཀྱང་ནོར་ལྡན་གྱིས་སྣང་མེད་ངང“སྨན་ཟོ་དང་། ནད་དྲག་ངེས་རེད”ཟེར་བའི་གཏམ་དང་བསྟུན་ནས་དེ་ལྟར་ལུས།

མཚན་མོ་ཞིག་ལ། ཟླ་བ་གཡང་སྒྲོན་གྱིས་སྔར་བཞིན་ནམ་མཐའ་གསལ་བར་ཡུན་རིང་ལ་བསྒུགས་རྗེས། སྐྱ་རེངས་གཉིས་པའི་སྐབས་སུ་མལ་ལས་ལངས་གྲབས་བྱས་མོད། འོན་ཏེ་ཟུག་གཟེར་གྱི་འདབ་རྫབ་ཅིག་ཏུ་ལྷུང་བ་མ་ཟད། ལུས་ལ་ཤུགས་ཅི་ཡང་མེད་པར་ཚོར་རྗེས། འགྲམ་གྱི་ཁྱོ་བོ་གཉིད་ལས་དཀྲོགས། ཉི་མ་རི་རྩེ་ལ་འཕགས་འདུག་སྐབས། ཟླ་བ་གཡང་སྒྲོན་ནི་ནོར་ལྡན་དང་ལྷན་དུ་རྫོང་ཐོག་སྨན་ཁང་དུ་སླེབས། ནད་གཡོག་ཅིག་གི་རོགས་རམ་ལ་བརྟེན་ནས་ལོ་ན་གཞོན་པའི་སྨན་པ་ཞིག་གི་མདུན་དུ་སླེབས།

སྨན་པས“ན་ནས་དུས་ཚོད་ག་ཙམ་འགོར་སོང”ཞེས་དྲིས་པ་ན། ཁྱོ་ག་ནོར་ལྡན་གྱིས“ཟླ་བ་གཅིག་ཙམ་འགོར་སོང”ཞེས་བཤད་པ་དང་། ཟླ་བ་གཡང་སྒྲོན་གྱིས“ཕལ་ཆེར་ལོ་གཅིག་ཙམ་འགོར་སོང”ཟེར།

“ཡ་ཡ། ཐོག་མར་ཁྱེད་གཉིས་གློག་པར་རྒྱག་ཏུ་སོང་། བརྟག་དཔྱོད་ཅིག་བྱ།”

ཅུང་ཙམ་འགོར་རྗེས། སྨན་པས“ཁྱོད་ཀྱི་ནད་འདི་རྒྱུ་ལྷག་རེད་འདུག འོན་ཀྱང་དུས་ལྟར་སྨན་བཅོས་མ་བྱས་པས། ཁྱོད་ཀྱི་ཁོག་པའི་ནང་ཁྲོལ་གྱི་དབང་པོ་ལ་སྐྱོན་ཆེན་པོ་བཟོས་འདུག གཤག་བཅོས་བྱས་ཀྱང་ཕན་པ་ཆེན་པོ་ཡོད་ས་མ་རེད། སྨན་འདི་དུས་ལྟར་ཟོ་དང”ཞེས་ཤོག་བུའི་ཐོག་ཏུ་སྨན་མིང་བྲིས། འགྲམ་གྱི་ནད་གཡོག་ལ་སྨན་ཤོག་བྱིན་རྗེས། སྨན་ལེན་པར་རོགས་རམ་བྱེད་དུ་མངགས།

དུས་དེ་ནས་བཟུང་། ཟླ་བ་གཡང་སྒྲོན་ནི་ཉིན་མོ་སྒོ་ཕྱུགས་སྐྱོང་བའི་ལས་ལ་བྲེལ་ཏེ་ཕྱོགས་མང་པོ་ལ་བསམ་བློ་གཏོང་ཁོམ་མེད་མོད། འོན་ཏེ་དགོང་མོ་རང་གི་ནད་རྐྱེན་ལ་བསམ་བློ་གཏོང་བཞིན་གདའ། ད་ནི་མོ་རང་ལ་མཚོན་ན་མི་དྲན་དགུ་དྲན་བྱེད་པ་ལས། དགོང་མོའི་དུས་ཚོད་རིང་པོ་ཡལ་བའི་ཐབས་ཤེས་གཞན་མི་འདུག ལྷག་པར་ཁྱོ་གས“རྒྱུ་ལྷག་ན་བའི་རྐྱེན་ནི་མ་ཞུ་བ་དང་མི་འཕྲོད་པའི་ཟས་ཀྱིས་ན་བ་གཙོ་བོ་ཡིན་འདུག”ཅེས་བཤད་པ་ན། ཟླ་བ་གཡང་སྒྲོན་ནི་རང་ཉིད་ཀྱི་ནད་ལ་དོགས་མགོ་བརྩམས་བྱུང་།

དེའི་རྗེས་ཀྱི་ཟླ་བ་དུ་མའི་རིང་ལ། ཟླ་བ་གཡང་སྒྲོན་གྱིས་སྔར་བཞིན་སྨན་ཟོས་ནའང་ཕན་འབྲས་ཆེན་པོ་མ་བྱུང་། མོ་རང་གི་ལུས་པོས་ཉིན་རེ་ནས་ཉིན་རེ་བཞིན་ཤིང་སྐམ་གྱི་རང་གཟུགས་སྟོན།ལྷག་པར་དུ་ཅུང་བདེ་ན་ཕྱུགས་ལས་ལ་བྲེལ་བས། ནད་ཀྱང་ཚབས་ཇེ་ཆེར་སོང་།

དགོང་མོ་ཞིག་ལ། ཟླ་བ་གཡང་སྒྲོན་ན་ཟུག་ཀྱིས་གདུང་བས་གཉིད་ལས་དཀྲོགས། མུ་མཐུད་དུ་གཉིད་ཀྱིས་མ་ཟིན་པས། སྔར་བཞིན་སྒེའུ་ཁུང་ལས་མཐོང་བའི་སྐར་ཚོགས་ལ་བལྟས། རིམ་བཞིན་མོ་རང་གིས་མཐོང་བ་ནི་སྐར་མ་ཁོ་ན་མ་ཡིན་པར། བྱམས་ལྡན་ཕ་མ་དང་གཞོན་དུས་ཀྱི་རྩེད་གྲོགས་ཀྱི་ཞལ་རས་དག་སྐར་མ་དང་ལྷན་དུ་ཤར་ལ། ཕ་ཡུལ་གྱི་རྩྭ་ཐང་ག་གེ་མོ་རུ་ལུ་གུ་མང་པོ་འདུས་པའང་ཤར་བྱུང་། རིམ་བཞིན་དུ་རང་གིས་ལོ་འདི་དག་རིང་ལ་མྱོང་བའི་དཀའ་སྡུག་དག་ཀྱང་ཆུ་ནང་དུ་གཟུགས་བརྙན་ཤར་བ་བཞིན་མིག་ལམ་དུ་ཤར། སྐབས་དེར། ཟླ་བ་གཡང་སྒྲོན་གྱི་མིག་ཆུ་དབང་མེད་ལྷུང་ཞིང་། འགྲམ་གྱི་ཕྲུ་གུའི་མགོ་ལ་བྱིལ་བྱིལ་བྱས། མོ་རང་གཉིད་གྲབས་བྱས་ཏེ་མིག་བཙུམས་པ་ན། སྔར་ལས་མེད་པའི་བདེ་བ་ཞིག་ཐོབ། ཁོག་པའང་ཅུང་བདེ་ལ་བབས་ཏེ་གཉིད་ཀྱི་གདུང་བར་གྱུར།

དགོང་མོ་དེར། ཕྲུ་གུའི་ངུ་སྐད་གློ་བུར་དུ་ཁང་པའི་ནང་ལ་ཁྱབ། སྒེའུ་ཁུང་ལས་འཕྲོས་པའི་ཟླ་ཟེར་འོག་ནས་ཁྱོ་གས“ཟླ་བ་གཡང་སྒྲོན། ཕྲུ་གུ་ངུ་རུ་མ་འཇུག ནུ་མ་བསྣུན་དང”ཞེས་སྨྲས།

ཕྲུ་གུ་སྔར་ལྟར་ངུ་བཞིན་འདུག སྒེའུ་ཁུང་ལ་འཕྲོས་འདུག་པའི་ཟླ་འོད་དེས་ཅི་ཞིག་བསྒྲིབས་པ་ན། ནམ་མཁའི་སྐར་ཚོགས་དག་ཀྱང་མི་སྣང་བར་གྱུར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།