ཀྲུང་གོ་བོད་ཀྱི་དྲ་བ།

གྲིབ་མ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : མ་ཅིག་འཚོ།   སྤེལ་དུས། : 2021-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1

ཏག་ཏག་ཁོ་རང་རེད།

དྲང་མོར་བཤད་ན་ངེད་གཉིས་དྲ་གྲོགས་སུ་གྱུར་ཏེ་ལོ་གཅིག་ལྷག་འདས་ཟིན་མོད། ངས་ད་དུང་ཁོའི“འུག་པ”ཞེས་པའི་དྲ་མིང་དེ་མ་གཏོགས་ཅི་ཡང་ཤེས་ཀྱིན་མེད།

དགོན་འདིར་སླེབས་ཏེ་ཉིན་བདུན་ཙམ་འགོར། ཏག་ཏག་ཉིན་དེའི་ཕྱི་དྲོ་ཞིག་ལ། “འུག་པ”ཡིས“ཁྱོད་ཀྱིས་ཀྱང་མཆོད་རྟེན་དཀར་པོར་སྐོར་བ་བྱེད་ཀྱིན་ཡོད་དམ”ཞེས་པའི་ཡིག་འཕྲིན་ཞིག་ངའི་དྲ་ངོས་སུ་འབྱོར། ངའི་སེམས་སུ་ཁོ་ཡང་ཏག་ཏག་མཆོད་རྟེན་འདིར་སྐོར་བ་རྒྱག་ཏུ་ཡོང་བའི་རྒྱུན་འོང“མགྲོན་པོ”ཞིག་མ་ཡིན་ནམ་སྙམ་མོད། འོན་ཀྱང་ཁོ་རང་ཡང་སྙིང་གང་གི་ཡིན་པ་དེ་ངས་རེ་ཞིག་རང་སེམས་ཁོ་ནར་བསྐྱིལ་ནས་བཞག

ཉིན་དེར། ང་རི་ཁྲོད་ཀྱི་ཨ་ཁུ་བློ་བཟང་དྲུང་དུ་དཔེ་ཁྲིད་ལ་ཕྱིན། བར་ཐག་སྤྱི་ལེ་གསུམ་ལྷག་ཡོད་པས། སྔ་ཙམ་ལམ་དུ་མ་ཆས་ཚེ་དཔེ་ཁྲིད་ཀྱི་རྗེས་ཆོད་ཀྱིན་མེད་ལ། ང་ནམ་རྒྱུན་ཞོགས་པའི་ཆུ་ཚོད་ལྔ་དང་ཕྱེད་ཀ་ཙམ་ནས་ལམ་དུ་ཆས། ཏག་ཏག་ཞོགས་པ་དེར། ངས་གསང་བའི་ཁྱིམ་མཚེས་གང་གི་རྒྱབ་གཟུགས་མཐོང་། ཡིན་ནའང་སྐབས་དེར་དཀར་ཆ་དོད་པོ་མེད་པས་ཡོད་ཚད་མག་མོག་ཏུ་སྣང་ལ། ང་སྒོ་ཆེན་ནས་ཕྱི་ལ་ཐོན་མ་ཐག་ཁོ་ཏག་ཏག་སྒོ་ཆེན་ནས་ནང་དུ་འཛུལ། བར་སྟོང་ངེས་ཅན་ཞིག་ཏུ་ངེད་གཉིས་ཀྱི་ལུས་པོ་གཤིབ་ཙམ་བྱུང་ཞིང་། ང་ཏག་ཏག་ཁོའི་དཔུང་བ་དང་མཉམ་ཙམ་འདུག ངའི་སེམས་སུ་ཁོ་བོས་ང་ལ་ཁྱིམ་མཚེས་ཤིག་གི་དོད་དུ་འཚམས་འདྲི་སྟབས་བདེ་ཞིག་ཅིས་ཀྱང་གནང་ངེས་སྙམ་མོད། ཡིན་ནའང་། ཁོས་ང་ལ་སྐད་ཆ་ཚིག་གཅིག་ཀྱང་མ་ལབ་པར་ཁྱིམ་དུ་འཛུལ་སོང་། ངའི་མཐོང་ལམ་རབ་རིབ་ཅིག་ནས་ཁོའི་རིད་ཅིང་རིང་བའི་རྒྱབ་གཟུགས་དེ་ཡང་རིམ་གྱིས་ཡལ།

ངས་ནམ་རྒྱུན་ལམ་འདི་གཅིག་པུ་བརྒྱུད་དེ་རི་ཁྲོད་དུ་འགྲོ་བཞིན་ཡོད། མ་ཟད་ངས་སྐྱབས་འགྲོ་ཚར་བརྒྱ་ཙམ་བཏོན་ཚེ་ཏག་ཏག་ཨ་ཁུའི་དྲུང་དུ་འབྱོར་ཐུབ། དེ་རིང་། ང་ཏག་ཏག་ཤིང་སྒོའི་མདུན་དུ་སླེབས་མོད། ངའི་ལག་གི་ཕྲེང་བ་དེ་ཕྲེང་སྐོར་ཕྱེད་ཙམ་ཡང་ཕུད་མེད་པ་ཚོར། དུད་ཞགས་རིང་པོ་ཞིག་ཨ་ཁུ་བློ་བཟང་ཚང་གི་ཁང་པ་ནས་ངའི་སྡོད་གནས་ཀྱི་ཕྱོགས་སུ་ལ་མ་ལིང་གིས་དཔྱངས་ཤིང་། ད་ནི་ངའི་གསང་བའི་ཁྱིམ་མཚེས་དེ་ཡང་ཏག་ཏག་དཔེ་ཁྲིད་ཅིག་ལ་ཕེབས་ཀྱིན་ཡོད་དམ། ཡང་ན་གསང་བའི་ཁང་མིག་དེ་གར་ཞོགས་པའི་མཇལ་འཕྲད་དེ་ལ་བསམ་བློ་འཁོར་རམ། ཡང་ན་ནི་ཞོགས་པར་ཁྱིམ་མཚེས་བུ་མོ་དེ་ཡང་དེ་ལྟར་སྣང་མེད་དུ་བཞག་པར་འགྱོད་པ་ཅུང་ཙམ་སྐྱེས་སམ་སྙམ།

2

ཉིན་གཉིས་པའི་ཕྱི་དྲོར། ང་རང་སྤོ་བོ་དང་མཉམ་དུ་སྐོར་བར་ཆས། གནས་འདིར་མཚོན་ན་མཆོད་རྟེན་དཀར་པོ་ནི་ས་ཕྱོགས་སྣ་ཚོགས་ནས་ཕེབས་པའི་དད་ལྡན་པ་རྣམས་ཀྱི་མཇལ་སྐོར་བྱེད་གནས་ཡིན་ལ། ནད་པ་དག་གི་འདུ་གནས་གཞན་ཞིག་ཀྱང་རེད་འདོད། འོན་ཀྱང་ངས་འདི་གར་ཏག་ཏག་རྒྱུས་མེད་ཀྱི་མི་ཞིག་ལ་བསྒུགས་ཡོད། གཅིག་བྱས་ན་ཁོས་ཏག་ཏག་ཡང་བསྐྱར་ང་མཐོང་ཡོད་སྲིད།

ཕྱི་དྲོ་དེར། རླུང་བུ་ཤིན་ཏུ་འཇགས་ཤིང་རི་བྱ་མང་པོ་མཆོད་རྟེན་གྱི་སྟེང་དུ་འཚོགས་ཏེ། མཚམས་རེར་མི་ཚོགས་ལ་ཅེར་ཞིང་མཚམས་རེར་ཅི་ཞིག་གིས་དཀྲོགས་པ་ལྟར་སྟབས་གཅིག་ཏུ་ཕ་གིའི་ལ་མགོ་ཞིག་ཏུ་འཕུར། ཡིན་ནའང་། མི་དེ་ཚོར་ཚོར་སྣང་ཅི་ཡང་མི་འདུག་སྟེ། ཐ་ན་མིག་གིས་ལྟ་ལོང་ཙམ་ཡང་མེད་པར་ལང་ལོང་དུ་རྒྱུ་ཞིང་། རང་གི་ཞབས་ཟུང་དང་བཅས་པ་སྐོར་ལམ་དེ་ཁོ་ནའམ་ཡང་ན་རྒྱང་རིང་ཞིག་ལ་ཕུལ་ནས་ཡོད་པས། ལག་ན་ཐོགས་པའི་ཕྲེང་བ་ཁོ་ན་ཁོ་ཚོའི་འདུ་ཤེས་དང་མཉམ་དུ་གནས་ཡོད་སྙམ། ངས་སྐོར་ལམ་རྡོག་པས་མནན་ཏེ་ཡང་ཡང་བསྐོར་མོད། ཅིས་ཀྱང་དེ་ནི“འུག་པ”རེད་སྙམ་པའི་མི་ཞིག་ཡེ་ནས་རྙེད་མ་བྱུང་། གཅིག་བྱས་ན་ཁོ་ནི་ཏག་ཏག་འུག་པ་ནང་བཞིན་མཚན་མོ་ཁོ་ནར་ཕྱི་རུ་རྒྱུ་བ་ཞིག་མ་ཡིན་ནམ་སྙམ།

ས་སྲོད་དེའི་མཚམས་སྤྲིན་ནི་དེ་འདྲའི་ཁེར་རྐྱང་ངང་རིམ་གྱིས་ཡལ། ངས་མཆོད་རྟེན་གྱི་མདུན་ངོས་སུ་ཐོད་པ་གཏུགས་ཏེ་གྱེས་ཕྱག་ཕུལ་ཞིང་། རྐང་རྗེས་ཁོ་ན་དེ་གར་བཞག་སྟེ་སྡོད་ཁང་གི་ཕྱོགས་སུ་ཆས། ཡིན་ནའང་། ངས་ཡང་དང་ཡང་དུ་ཕྱིར་ལྟ་གནང་ན་འདོད་ཅིང་། སེམས་སུ་ཏག་ཏག་མི་ཞིག་གིས་ངའི་རྗེས་བསྙེགས་ཡོད་པར་སྙམ། འོན་ཀྱང་ངས་གཞི་ནས་ཅི་ཡང་མ་ཟིན་པས། རྒྱུ་མཚན་མེད་པར་རྒྱབ་ཏུ་བསྐྱུར་བཞིན་པའི་གནས་ག་ལ་བ་དེར་ཡང་བསྐྱར་ཞིབ་ལྟ་ཐེངས་ཤིག་ཤོར། མཆོད་རྟེན་དེ་ཉིད་མཚན་མོའི་སྨག་རུམ་གྱིས་གཡོགས་ཤིང་། གྲིབ་མ་ཡང་མུན་པས“ཁྱུར་མིད”བཏང་འདུག

“དེ་རིང་ཕྱི་དྲོར། ངས་ཡང་བསྐྱར་ཁྱོད་རང་མཆོད་རྟེན་དཀར་པོའི་མཐའ་ནས་ཕྱིར་ལོག་པ་མཐོང”ཞེས་བཤད་ཚར་མ་ཐག་ངས་མི་དེའི་ངོ་གདོང་གང་ཡང་འཛིན་པར་བརྩམས་མོད། ངའི་མཐོང་ལམ་དུ་མངོན་པ་ནི་སྒེའུ་ཁུང་གི་ཕྱི་རུ་གནས་པའི་གྲིབ་མ་ཞིག་རེད། ངས་དེ་གའི་ཕྱོགས་སུ་ལག་པ་བསྲིངས་ཀྱང་དེའི་མུར་གྱང་ལ་ཐོགས་ཏེ་ལམ་སང་གཉིད་ལས་སད། ངས་མིག་ཕྱེ་བ་དང་གྲིབ་མ་དེ་ཡང་ཞོགས་པ་དེའི་ཁྱིམ་མཚེས་ཀྱི་རྒྱབ་གཟུགས་ནང་བཞིན་མག་མོག་ཏུ་གྱུར་ཅིང་། ཁང་པའི་དཀར་ཆ་དང་མཉམ་དུ་ཡུན་གྱིས་ཅི་ཡང་འཛིན་དུ་མེད་པ་ཞིག་ཏུ་གྱུར།

ཁང་པ་འདིའི་སྒྲ་འགོག་ནུས་པ་ཤིན་ཏུ་ཞན་པས། ངས་ཅིས་ཀྱང་ཁོ་ཚོའི་གྲག་འགུལ་རྣ་བས་ཐོས་འོངས་ཏེ། མཚན་མོ་རེ་རེར། ངའི་གཡས་ལོགས་ཀྱི་ཁང་མིག་ཏུ་སྔུར་བ་ཆེས་ཆེར་འཐེན་མཁན་ཞིག་ཡོད་ལ། ཁོས་མཚམས་རེར་གནའ་རྒྱའི་ཚེ་ལོའི་རྣམ་ཐར་གྱི་སྒྲ་ཐག་གཏོང་བ་དང་། ཡང་ལན་རེར་ཁོ་རང་གིས་ཀྱང་སྐྱོར་མ་འདར་གྱིས་རྣམ་ཐར་གྱི་གླུ་དེ་གྱེར་བར་བྱེད། ངའི་སེམས་སུ་ཁོ་ནི་ཅིས་ཀྱང་ངའི་སྤོ་བོ་དང་ན་མཉམ་པའི་རྒས་འཁོགས་ཤིག་ཏུ་ངོས་བཟུང་། ཡིན་ནའང་། ཁང་པའི་གཡོན་ལོགས་ཀྱི་ཁྱིམ་མཚེས་དེ་ངས་ཡེ་ནས་ཤེས་ཀྱིན་མེད། རྒྱུ་མཚན་མི་དེའི་འཚོ་བ་ནི་རྦད་དེ“སྒྲ་མེད་ཀྱི་རྣམ་པ”ཞིག་ཡིན་པས། ང་ལ་མཚོན་ན་ཁོ་ནི་གནས་འདིའི་གསང་བ་ཉག་གཅིག་ཏུ་འཁུམས།

ཕྱི་ཉིན་གྱི་དཔེ་ཁྲིད་གྲོལ་མ་ཐག་ཁ་པར་དང“མཇལ་འཕྲད”ཞུས། ངའི་སྐད་འཕྲིན་གྱི་དྲ་ངོས་སུ་དམར་ཐིགས་འགའ་ཤར་འདུག་མོད། ཏག་ཏག“འུག་པ”ཡི་འཕྲིན་ཐུང་དབེན། ང་ལམ་སང་སྡོད་ཁང་དུ་མ་ཆས་པར་མཆོད་རྟེན་གྱི་མཐའ་རུ་སོང་ཙ་ན། བློ་ཡུལ་ལས་འདས་པ་ཞིག་ལ་ཉིན་དེར་སྐོར་བ་རྒྱག་མཁན་གཅིག་ཀྱང་མི་འདུག སྐོར་ལམ་དེ་ནི་སློབ་གྲྭར་དགུན་གནང་བཏང་བ་བཞིན་སྟོང་ལྷང་ལྷང་ཞིག་རེད། འོན་ཀྱང་ངས་ད་དུང་འདི་གར་མི་ཞིག་ལ་བསྒུག་དགོས། གཅིག་བྱས་ན་ངས་མི་དེ་མི་མཐོང་མོད་ཁོས་ང་ལ་མིག་གིས་འཚོས་ཡོད་སྲིད། གང་ལྟར་ངས་སྐོར་ལམ་རྡོག་པས་མནན་ཏེ་ཡང་ཡང་བསྐོར། ཡིན་ནའང་ངའི་རྣམ་ཤེས་གང་དེར་སྐོར་བ་གཅིག་ཀྱང་རྒྱག་ལོང་མེད་པར། ལན་རེར་ངའི་གསང་བའི་ཁྱིམ་མཚེས་དེ་ལ“གསང་ཉུལ”ཐེངས་ཤིག་དང་། ཡང་ལན་རེར“འུག་པ”ཡི་འཕྲིན་པ་འབྱོར་མིན་ལ་སེམས་པ་འཁོར།

གཞི་ནས་མཆོད་རྟེན་ལ་སྐོར་བ་ཕྲེང་སྐོར་གཅིག་བརྒྱབ། གཅིག་བྱས་ན“འུག་པ”ཡིས་ཡང་བསྐྱར་ང་མཐོང་ཡོད་སྲིད། གང་ལྟར་ནམ་མཁའ་སྟོང་པ་རུ་ཉི་མ་གཅིག་པུས་ང་ལ་ཅེར་འདུག

3

ད་ནི“འུག་པ”ཡི་འཕྲིན་ཙམ་ཡང་མ་འབྱོར་བར་ཉིན་ཞག་ལྔ་འདས། རི་ཁྲོད་ཨ་ཁུའི་དཔེ་ཁྲིད་ཧྲིལ་པོ་རྫོགས་ལ་ཉེ་བས། ང་ཅིས་ཀྱང་གསང་བའི་ཁྱིམ་མཚེས་དེ་དང་བྲལ་ནས་འགྲོ་རན།

ཉིན་དེའི་དཔེ་ཁྲིད་གྲོལ་མོད། ང་མཆོད་རྟེན་དཀར་པོར་སྐོར་བ་ཐེངས་གཅིག་ཀྱང་མ་ཆས་པར་ཐད་ཀར་ཁང་མིག་ཏུ་ལོག ཁོས་ཇ་ཞིག་ཧུབ་ཀྱིས་འཐུང་ཞིང་། ཡུད་ཙམ་ནས་ཅི་ཞིག་འབྲི་བཞིན་ཡོད་པ་ལྟར་སྨྱུ་གུ་དང་ཤོག་བུའི་གཙུབ་བརྡར་ཡང་རྣ་བར་ལྷུང་། ངའི་སེམས་སུ་ཁོ་ནི་ཅིས་ཀྱང་གདོང་ལ་ཤེལ་མིག་མནབས་ཤིང་། དུས་ཚོད་མཐའ་དག་དེབ་ལ་གཞོལ་བའི་ཡོན་ཏན་པ་ཞིག་མ་ཡིན་ནམ་སྙམ། 

ད་དུང་ཁོ་ནི་ང་ཚོ་བཞིན་ཉིན་དཀར་ཕྱི་རུ་རྒྱུ་བ་ཞིག་ཀྱང་མིན་པས་ཁྱད་མཚར་གྱི་སྒྱུ་རྩལ་པ་ཞིག་ཀྱང་ཡིན་སྙམ། འོན་ཀྱང་ཏག་ཏག་སྐབས་དེར་ཁོས་ཁང་སྒོ་ཕྱེ་ཞིང་། དེར་མཐུད་ནས་ཟྭ་ཡང་བརྒྱབ། དལ་བ་དལ་བུར་རིང་དུ་གྱེས་བཞིན་པའི་གོམ་སྒྲ་ཁོ་ན་ངའི་རྣ་བའི་གསོས་སུ་སྨིན། ཡིན་ནའང་། ངས་སྔར་བཞིན་ཁོའི་སྐད་ནི་ཅིས་ཀྱང་ཐོས་མ་བྱུང་། དེ་ནི་གྱང་གི་ཕ་རོལ་གྱིས་ཁོའི་སྐད་ཆ་གོ་བར་དོགས་པས་ཡིན་ནམ། ཡང་ན་ཁོ་ལ་མཚོན་ན་སྐད་ཆ་ནི་གཞི་ནས་ལྷག་མ་ཞིག་ཏུ་གྱུར་ཟིན་པ་ཡིན།

མཚན་མོ་དེར་ཟླ་འོད་ཤིན་ཏུ་གསལ་བས། ཁང་པའི་གློག་གཟིམས་ནའང་ནང་དུ་དཀར་ཆ་དོད་པོར་འདུག ངའི་མལ་ཁྲི་ཏག་ཏག་སྒེའུ་ཁུང་གི་གམ་དུ་ཡོད་པས། མངོན་སུམ་འཛེམ་མེད་དུ་ཟླ་འོད་ཀྱི་བསིལ་བ་དང་འཇགས་པ། བདེ་བའམ་མཛེས་པ་གང་དེར་རོལ་ཆེད་སྒེའུ་ཡོལ་ཡང་ཕྱེ་སྟེ་བཞག ངའི་འཛིན་དུ་མེད་པའི་བསམ་པ་ཁོ་ན་ཤིན་ཏུ་འཇགས་པའི་ཟླ་འོད་འོག་ཏུ་རབ་ཏུ་བྲེལ་བར་གྱུར། ང་དང་ཐོག་ཟླ་བ་ཉིད་ལ་ཡིད་སྨོན་ཤོར་ཞིང་། དེ་ནི་ནམ་མཁའ་མཐོན་པོར་ཡོད་པས་སྐྱེ་རྒུ་མཐའ་དག་མཐོང་ལམ་དུ་མ་གྱུར་པ་འགའ་ཡང་མེད་སྙམ། འོན་ཀྱང་ཟླ་བ་དེ་ནི་ཅིས་ཀྱང་ངའི་གསང་བའི་ཁྱིམ་མཚེས་བཞིན་མི་སྨྲ་བའི་བརྟུལ་ཞུགས་འཛིན་མཁས་པས། ངས་ཟླ་བའི་གསང་བ་ཡང་ག་ལ་རྟོགས་ནུས།

ཟླ་བ་ནི་མཚམས་རེར་རི་བོང་གི་གཟུགས་བརྙན་འདྲ་བ་ཞིག་ཏུ་སྣང་ལ། ཡང་མཚམས་རེར་ནག་ནོག་གི་ཆ་ཤས་ཙམ་དུ་གྱུར་འགྲོ། ངས་ད་དུང་ཅི་ཞིག་ལ་སྒུག་པ་ལྟར་སྡོད་དུས། ཏག་ཏག་ངའི་མལ་ཁྲིའི་སྟེང་ལ་མི་ཞིག་གི་གྲིབ་མ་ཕོག་འོངས། ངས་དངངས་འཚབ་ཆེན་པོས་ཁོག་སྟོད་དགྱེ་སྟེ་ལྟ་དུས། ངའི་ལུས་སྟེང་གི་གྲིབ་མ་དེ་ཡང་ཏག་ཏག་འགུལ་ཙམ་བྱུང་ཞིང་། མ་ཟད་གྲིབ་གཟུགས་དེའི་མགོ་བོ་ནི་ཏག་ཏག་ངའི་པང་ལ་བབས། ཁོའི་གཟེངས་མཐོ་བའི་སྣ་དང་། ཅུང་ཟད་ཟུམ་པའི་མཆུ་སྒྲོས། ད་དུང་རིང་ལ་འཁྲིལ་པའི་རྫི་མ་དང་བཅས་པིར་གྱིས་བྲིས་པའི་རི་མོ་བཞིན་ངའི་མལ་ཐུལ་གྱི་སྟེང་དུ་གསོན་པོར་བབས། ང་ཏག་ཏག་གྱང་ལ་བརྐོས་པའི་རི་མོ་བཞིན་མ་བྲིས་ལྷུན་གྲུབ་ཀྱི་གཟུགས་རིས་དེ་ལ་རེ་ཞིག་ཧད་ནས་བསྡད་ཅིང་། རང་གི་ལུས་པོ་འགུལ་ཙམ་བྱ་རྒྱུར་ཡང་སེར་སྣ་སྐྱེས། ཡིན་ནའང་། གཞི་ནས་གྲིབ་མ་ཁོ་རང་འགུལ་བྱུང་། ཁོ་རིམ་བཞིན་ངའི་མལ་ཐུལ་གྱི་སྟེང་ནས་ང་དང་ཁ་གཏད་དུ་ཡོད་པའི་གྱང་ངོས་ཤིག་ལ་འགོ་བཞིན་ཡོད་ཅིང་། ཏག་ཏག་ཁོའི་ལུས་སྟོད་ཧྲིལ་པོའི་གྲིབ་མ་དེ་ངའི་ཁང་པའི་གྱང་ངོས་ཤིག་ལ་ཡོངས་སུ་སླེབས་སྐབས། ཁོས་ཟུར་ཞིག་ལ་སྤྱན་གྱིས་གཟིགས་ཤིང་། ངའི་ལུས་སྟོད་ཀྱི་གྲིབ་མ་ནི་ཏག་ཏག་གྱང་ངོས་ཀྱི་གྲིབ་གཟུགས་དེ་དང་གདོང་གཏད་དུ“མཇལ”བས། ངས་གློ་རྡེག་ཏུ་དངངས་འཚབ་ཆེན་པོས་གྱེན་དུ་བལྟས། ཡིན་ནའང་ཁང་ངོས་དེ་གར་གློག་ཏོག་དང་དེ་ཉིད་ཀྱི་གྲིབ་མ་ལས་ཅི་ཡང་མཐོང་དུ་མེད་ལ། ངའི་ཁ་གཏད་ཀྱི་གྱང་ངོས་སུ་རང་ཉིད་ཀྱི་གྲིབ་མ་ཁོ་ན་ནག་རོག་གེར་འགྱིང་འདུག ངས་སྔོན་ཏག་ཏག་གི་གྲིབ་མ་དེ་ཉིད་ཇི་བཞིན“འུག་པ”ལ་ཡང་དེ་བཞིན་མཐོང་དུ་བཅུག་ན་འདོད་མོད། ངས་ཅིས་ཀྱང་རང་སེམས་ཁོ་ནར་ཡང་ཡང་ཟློ་བ་ལས་གཞན་ཅི་ཡང་མ་ཕོད།

ངས་གཞི་ནས་ཁོ་བོའི་ཁེར་རྐྱང་གི་གོམ་སྒྲ་དེ་རང་ཉིད་དང་རིང་ནས་རིང་དུ་གྱེས་བཞིན་པ་ཚོར།

4

ང་སློབ་གྲྭར་འགྲོ་རན། འགྲོ་ཐེངས་རེ་ལ་ཅིས་ཀྱང་ཟླ་ངོ་ལྔ་ཙམ་གྱི་དུས་ཚོད་དགོས་མོད། འོན་ཀྱང་ང་གཞི་ནས་གོམས་པར་གྱུར་ཡོད་པས། ཟླ་ངོ་ལྔར་ཡང་དེ་འདྲ་རིང་འདང་སྐྱེས་མྱོང་མེད།

དེ་ཡང་ཟླ་འོད་གསལ་བའི་མཚན་མོ་ཞིག་སྟེ། ངས“འུག་པ”ལ་འཕྲིན་ཞིག་བསྐུར་འདོད་ཆེ་མོད། ངེད་གཉིས་ཀྱིས་ཁ་བརྡ་མ་བྱས་པར་ལོ་ཕྱེད་འགོར་ལ་ཉེ་བས་ངས་ཅི་ཡང་བཤད་ཆོག་ལ་ཅི་ཡང་བཤད་མི་འོས་པ་ཞིག་ཡིན་པས། ངས་གཞི་ནས་ཁོའི་སྐད་འཕྲིན་གྱི་གྲོགས་ཚོམས་སུ“གསང་ཉུལ”ཐེངས་གཅིག་བྱས། ཡིན་ནའང་། དེ་རུ་ཟླ་བ་ཁེར་འགྲོ་ཞིག་ནམ་མཁའ་སྟོང་པར་བཀལ་ནས་ཡོད་པ་ལས་གཞན་ཅི་ཡང་མེད་པས། ང་ནི་ཏག་ཏག་མཚེར་ཤུལ་ལ་འབྱོར་བའི་བྱིས་པ་བཞིན་དེ་ཁོ་ནར་ལྟ་བ་ལས་ཐབས་གཞན་མ་མཆིས། ཡིན་ནའང་། ཟླ་བ་དེ་མཐོང་ཐེངས་རེར་ངས་ཡང་བསྐྱར་ངའི་དྲན་པའི་ངོས་ཀྱི་གྲིབ་མ་དེ་དང་གསང་བའི་ཁྱིམ་མཚེས་གང་ཡང་མཐོང་འོངས་པས། ང་མཚམས་རེར་ཁོ་ལ་མཚར་སྣང་སྐྱེས་ཤིང་ཡང་ལན་རེར་འཚིག་པ་ཟ་འོངས། ཁོ་ནི་ཅིའི་ཕྱིར་སྐད་ཆ་ལབ་རྒྱུར་མི་དགའ་བ་ཡིན་ནམ། གལ་སྲིད། ཞོགས་པ་དེར་ཁོས་ང་ལ་སྐད་ཆ་གང་རུང་ཞིག་བཤད་ཡོད་ཚེ། ངེད་གཉིས་ཀྱི་འབྲེལ་བ་ཡང་གནས་བབ་འདི་ལྟ་བུ་ཞིག་ཡེ་ནས་ཡིན་མི་སྲིད་སྙམ།

གང་ལྟར། ང་སློབ་མཐར་ཕྱིན་ལ་ཉེ། མཚན་མོ་དེར་ང་ཚོའི་འཛིན་གྲྭ་མཉམ་དུ་ཆང་ཁང་ལ་ཆས། དེ་ཡང་སྔོན་ཆད་མཐོ་འབྲིང་མཐར་ཕྱིན་ཁར་སློབ་གྲོགས་ཚོ་དང་འགྲོགས་ཏེ་ཆང་ཁང་དུ་ཆས་པ་དང་ཨ་ན་མ་ན་ཡིན་མོད། འོན་ཀྱང་ང་ལ་མཚོན་ན། གནས་འདི་ཡང་སྙིང་ཇི་ལྟར་ལོངས་སུ་སྤྱོད་པར་ད་དུང་ཡེ་ནས་གསལ་པོ་མེད།

ཁྲ་ཆིལ་དགུ་ཆིལ་གྱི་གློག་འོད་འོག་ཏུ་ང་ལ་རང་ཡང་རང་མིན་པ་ལྟ་བུ་ཞིག་ཡོད་ཅིང་། ཏག་ཏག་སྣང་བ་དེ་འདྲ་ཞིག་གིས་ཚེ་རིང་ལ་རྦད་དེ་སྤོབས་པ་རྒྱས། ཁོར་རྒྱུ་མཚན་ཅི་ཡང་མེད་པར་ངའི་གམ་དུ་བཅར་བཞིན་གང་དྲན་དྲན་ཞིག་ལབ་ཅིང་། རྣམ་པ་དེ་ཏག་ཏག་སློབ་གྲོགས་ཤིག་གིས་པར་དུ་བཏབ་པ་མ་ཟད། པར་དེ་ཅིས་ཀྱང་ཁོས་དྲན་རྟེན་དུ་ཉར་དགོས་གསུངས་པས་འགོག་ཐབས་རང་མ་བྱུང་། ང་གཞི་ནས་འུར་ཟིང་གི་ཀློང་དུ་འདུག་མ་བཟོད་པར་གཅིག་པུར་ཁང་མིག་དེ་ནས་ཕྱིར་ཐོན། བར་ཁྱམས་ཀྱི་སྒེའུ་ཁུང་གམ་དུ་རང་དགར་ལངས་ཏེ་བསྡད། ཕྱི་རུ་ཡང་ངའི་མཐོང་ལམ་གང་བོ་གློག་གིས་ཆོད་ཅིང་། ཏག་ཏག་གནམ་གྱི་སྐར་མ་ས་ལ་བབས་པ་ལྟ་བུ་ཞིག་འདུག ཡིན་ནའང་། གནས་འདིར་ངས་ནམ་མཁའི་ཟླ་བ་མཐོང་ཡང་ཟླ་འོད་ས་སྟེང་དུ་འཕྲོས་པ་ཡེ་ནས་རྙེད་མ་བྱུང་ལ། ཟླ་འོད་འོག་གི་གྲིབ་གཟུགས་ནི་དེ་བས་ཀྱང་། ཡང་གཅིག་བཤད་ན། དེ་ནི་ང་ལ་ཟླ་འོད་འོག་གི་གྲིབ་མ་གང་དེར་གསལ་འདེབས་གནང་བ་དང་ཡང་འདྲ་བྱུང་།

ཏག་ཏག་ཉིན་གཉིས་པའི་ཕྱི་དྲོ་ཞིག་ལ། “འུག་པ”ཡི་སྐད་འཕྲིན་དུ་དམར་ཐིགས་ཤིག་བབས་འདུག མ་ཟད་དེ་གར་རྒྱ་ཡིག་གི“པར”ཞེས་པའི་ཡིག་འབྲུ་གཉིས་ཀྱང་གསལ་ལེར་ཡོད་པས། ངའི་ལག་པ་ཡང་འདར་ཙམ་གྱིས་ལམ་སང་དེ་གའི་སྟེང་ནས་མནན། དེའི་མུར། ངའི་མགོ་ནང་དུ་གར་འོངས་མི་ཤེས་པའི་ཙག་ཤད་ཅིག་བརྒྱུགས་ཤིང་། རང་དབང་མེད་པར“གནམ་རྒན་མ། པར་འདི་ཁོས་ཇི་ལྟར་རྙེད་པ་ཡིན་ནམ”ཞེས་ངག་ནས་ཐལ། འདི་ཏག་ཏག་མཚན་མོ་དེར་བསྒྲོན་པའི་ཚེ་རིང་ངེད་གཉིས་ཀྱི་མཉམ་པར་མ་རེད་དམ། ཁོས་པར་འདི་ཇི་ལྟར་རྙེད་པ་ཡིན་ནམ། ང་ནི་དེའི་མུར་ནོར་འཁྲུལ་བཟོས་པའི་བྱིས་པ་ཞིག་ཏག་ཏག་དགེ་རྒན་གྱི་དྲུང་དུ་ལངས་ནས་ཡོད་པ་ལྟར་གདོང་ཡང་ཚ་ལམ་ལམ་བྱེད།

ངས་ཅིས་ཀྱང་ཁོ་ལ་གསལ་བཤད་ཅིག་གནང་ན་ལེགས། ངའི་ལུས་སེམས་ཀྱི་ཚ་རླབས་ཀྱང་འཇགས་ཙམ་བྱུང་། གཞི་ནས་ཁོས་ད་དུང“མ་གཞི་འདི་འདྲ་རེད་དམ”ཞེས་ཡིག་འབྲུ་འགའ་བསྐུར་ཡོད་པ་ཡང་མཐོང་། ངས་འཕྲལ་མར་ཁོ་ལ“མ་མཇལ་ཡུན་རིང་འགོར། ཁྱོད་ཀྱིས་པར་དེ་གང་ནས་རྙེད་པ་ཡིན”ཞེས་པའི་ཚིག་གཅིག་དྲིས་མོད། ཁོས་ཡང་བསྐྱར་མི་སྨྲ་བའི་བརྟུལ་ཞུགས་བཟུང་།

5

དགུན་ཁ་དེ་ལ། ང་ཡང་བསྐྱར་རི་ཁྲོད་ཨ་ཁུའི་དྲུང་དུ་དཔེ་ཁྲིད་ལ་ཕྱིན། ཡིན་ནའང་། ངའི་སྡོད་ཁང་ནི་ལོ་གཅིག་སྔོན་གྱི་སྡོད་ཁང་དེ་མིན་ལ། ཁྱིམ་མཚེས་ཀྱང་ཆ་མེད་རྒྱུས་མེད་ཅིག་རེད།

ཕྱི་དྲོ་རེ་རེར། དཔེ་ཁྲིད་གྲོལ་བ་དང་ང་སྔར་བཞིན་མཆོད་རྟེན་དཀར་པོར་སྐོར་བར་ཆས། མཆོད་རྟེན་མཐའ་འཁོར་གྱི་མི་ཚོགས་ནི་སྔར་བཞིན་བྲེལ་བྲེལ་འཚུབ་འཚུབ་ཅིག་ཡིན་པས། ངས་མིག་ཐོགས་ཏེ་ལ་ལུང་འཆར་ཡན་དུ་རུང་བའི་ཡུལ་ཞིག་ནི་ཅིས་ཀྱང་མ་རྙེད་མོད། ངའི་བསམ་བློ་ནང་དུ་འཁོར་ཙ་ན། ཏག་ཏག་མཚམས་ལན་རེར་ཅི་ཞིག་མི་འདོད་པ་དེ་ཅིས་ཀྱང་ཡིད་ལ་འཁོར་བ་ལྟར། ཁོས་བསྐུར་པའི་པར་དེ་དྲན་པ་དང་། ཏག་ཏག་ང་གནས་པའི་ཁོར་ཡུག་དེ་ཤིན་ཏུ་འཇགས་པ་ནི་མི་ཞིག་གིས་ཧད་ཀྱིས་དབུགས་བསྡམས་ཡོད་པ་དང་འདྲ་མོད། སྐོར་མཐའི་མི་ཚོགས་ནི་དེ་འདྲ་འགན་ཁུར་ཅི་ཞིག་གི་ཆེད་དུ་རྒྱུག་འདུར་བྱེད་བཞིན་པ་དང་འདྲ་བས། ཡོད་ཚད་ནི་དེ་འདྲ་འགྲོས་ཀྱི་འགལ་བ་ངེས་ཅན་ཞིག་ལ་འཚངས་ནས་ཡོད་པ་ལྟར་འདུག ང་ལ་རྒྱུ་མཚན་མེད་པར་སུན་སྣང་ཞིག་གིས་བརྟས་ཤིང་། གཞི་ནས་ཕྱིར་རང་གི་ཁང་མིག་ཏུ་ལོག

ངས་ཁུ་སིམ་མེར་ཅི་ཞིག་ལ་བསྒུགས་ནས་བསྡད་མོད། འོན་ཀྱང་ཅི་ཡང་མ་བྱུང་བས་རྒྱུ་མཚན་མེད་པར“where are you”(ཁྱོད་གང་ན་ཡོད)ཅེས་པའི་དབྱིན་གླུ་ཞིག་ངའི་སྐད་འཕྲིན་གྱི་དྲ་ངོས་སུ་སྤེལ། ཏག་ཏག་ངའི་སློབ་གྲོགས་ཚེ་རིང་གིས་དེའི་གཤམ་དུ“ང་སའི་གོ་ལའི་སྟེང་དུ་ཡོད”ཅེས་པའི་ལན་ལྟ་བུ་ཞིག་བྲིས་འདུག་ལ། གཞན་ཡང་ཁ་མཚར་ཀུ་རེ་རྩེད་མཁན་མང་དུ་མཆིས་མོད། ཡང་སྙིང“ཁྱོད”གང་དུ་ཡོད་པ་སུ་ཡིས་ཤེས། བརྒྱ་ལ་ཟླ་བ་ནང་བཞིན“ཁྱོད”ཀྱི་མཚན་མོ་མཐོང་མཁན་ཞིག་ཡིན་ན་མ་གཏོགས། གང་ལྟར་ངས་ད་དུང“ཁྱོད”ལ་གསལ་བཤད་ཅིག་ཆད་ཡོད། དེར་བརྟེན་ང་ལ་ནམ་རྒྱུན་ཅི་ཞིག་འགྲུབ་མེད་པའི་སེམས་ཁུར་ལྷག་མ་ཞིག་ཀྱང་བདོག་མོད། འོན་ཀྱང“ཁྱོད”ཀྱིས་མཁྱེན་ནམ།

ཏག་ཏག་ཚེས་པ་བཅོ་ལྔ་ཡིན་པ་འདྲ་སྟེ། ཐོགས་རེག་མེད་པའི་ཟླ་ཟེར་གྱིས་ཡང་བསྐྱར་སྒེའུ་ཁུང་ནས་ང་ལ་འཇབ་རྒོལ་བྱས་པས། ངས་ཅིས་ཀྱང་གཉིད་ཁུགས་མ་ཐུབ་པར་སྨྲ་བ་མེད་པའི་མཚན་མོ་ཞིག་བསྲུངས་ཏེ་བསྡད། ཡིན་ནའང་། གློ་བུར“འུག་པ”ཡིས་ང་ལ་ཡང་བསྐྱར་པར་ཞིག་བསྐུར་ཅིང་། པར་དེ་ནི་ཁོ་རང་གིས་བྲིས་པའི་རི་མོ་ཞིག་རེད། དེ་རུ་ཟླ་བ་ཉ་གང་བ་ཞིག་ཡོད་པ་མ་ཟད། ཟླ་འོད་དེ་ཏག་ཏག་སྒེའུ་ཁུང་ཆུང་ཆུང་ཞིག་ལ་འཕྲོས་ཤིང་། སྒེའུ་ཁུང་དེའི་ནང་རོལ་ཏུ་ཟླ་ཟེར་གྱིས་གསལ་བའི་བུ་མོ་ཞིག་གི་གཟུགས་བརྙན་བཞེངས་འདུག ངས་ཏག་ཏག་ལོ་སྔོན་མའི་ཟླ་འོད་འོག་གི་གྲིབ་གཟུགས་དེ་རྙེད་བྱུང་། ངའི་གསང་བའི་ཁྱིམ་མཚེས་དེ་ཡང་ཡིད་ལ་ཡང་ཡང་འཁོར།

ངས་གཞི་ནས“འུག་པ”ཡི་འབྲེལ་ལམ་བཙལ། སྒེའུ་ཁུང་གི་ཟླ་འོད་འོག་ནས་ངས་ཁོ་ལ་སྐད་འཕྲིན་ཁ་པར་ཞིག་བཏང་མོད་ལེན་མཁན་མ་བྱུང་། ང་རང་ཞེད་སྣང་སྐྱེས་མོད། ཅིས་ཀྱང་ཉན་དགོས་སྙམ་པས་བསྐྱར་དུ་བཏང་། ངས་ཕ་རོལ་པོའི་ཐོག་མའི་སྐད་དེར་བསྒུགས་ནས་བསྡད། ཡིན་ནའང་ངས་གྱང་ངོས་ཀྱི་རང་གི་གྲིབ་གཟུགས་གཅིག་པུ་གསལ་ལེར་མཐོང་བ་ལས་གཞན་ཅི་ཡང་ཐོས་མ་བྱུང་། གཏོང་ཐེངས་གསུམ་པ་ནི་ངས་རང་ལ་སེམས་གསོ་བགྱི་བའི་ཆེད་དུ་ཡིན་ལ། རེ་བ་ཉག་ཙམ་གྱི་ཆེད་དུའང་ཡིན། ཏག་ཏག་སྐར་ཆ་བཅུ་ཙམ་འདས་རྗེས་སུ་ཕ་རོལ་པོས་ངའི་ཁ་པར་དང་ལེན་བྱས། ངས་གློ་བུར་སྔོན་ཏག་ཏག་གི་སྐད་ཆ་ཚང་མ་བརྗེད་ཟིན་པས་ངག་ཀྱང་མ་འཁྲོལ་པར་མཉན་ནས་བསྡད། འོན་ཀྱང་ཁོའི་དབུགས་འབྱིན་རྔུབ་ཙམ་གྱི་སྒྲ་ལས་གཞན་ཅི་ཡང་གོ་རྒྱུ་མི་འདུག ངས་སྐྲག་མ་འདར་གྱིས“ཁྱོད་བདེ་མོ། ཁྱོད་ཀྱིས་སྐད་ཆ་མི་བཤད་པ་ཅི་ཡིན་ནམ”ཞེས་དྲིས། ཡིན་ནའང་། ཕ་རོལ་པོས་ང་ལ་སྐད་ལན་ཅི་ཡང་མ་བྱིན། ངས་ཡང་བསྐྱར“དགོངས་དག ཁྱོད་རང་སྐད་ཆ་བཤད་པར་སྟབས་མི་བདེའམ”ཞེས་དྲིས་མོད། ངའི་སྐད་ཆ་ཚང་མ་ཆུ་ནང་དུ་རྡོ་གཡུགས་པ་ལྟར་ཕྱིར་ལན་ཅི་ཡང་མེད་པས། ངས་གཞི་ནས་ཁོ་ལ་ཡི་གེ་བསྐུར། དེའི་ཚེ་ན་ཁོས་ངའི་སྐད་ཆ་རེ་རེར་ལན་བཏབ་ཡོང་བ་མ་ཟད། ང་ལས་ཀྱང་འགྲོས་མགྱོགས་པོ་ཡོད་པས། བཤད་ཀྱིན་བཤད་ཀྱིན་ངས་ཁོ་ལ་ཕར་སྐད་ཆ་བཤད་ཅིང་ཁོས་ང་ལ་ཚུར་ཡི་གེ་བསྐུར་བྱུང་། ཏག་ཏག་དུས་ཚོད་གཅིག་དང་ཕྱེད་ཙམ་འགོར། ངེད་གཉིས་ཀ་རྒྱུས་ཡོད་ཡོད་ལྟ་བུ་ཞིག་ཆགས། འོན་ཀྱང་ཁོས་ཅིས་ཀྱང་ང་ལ་སྐད་ཆ་ཚིག་གཅིག་ཀྱང་མ་གསུངས་པས། སྔར་བཞིན་མཚན་དེའི་གྲིབ་མ་ནང་བཞིན་སྣང་ལ་རེག་ཏུ་མེད་པ་ཞིག་རེད།

6

ཨ་ཕས་ང་ལ་ང་རང་ཕྱིར་ཕ་ཡུལ་དུ་མ་ལོག་སྔོན་དུ། ངེས་པར་རི་བོང་དགོན་གྱི་རྩེ་སྐོར་ལ་ཐེངས་ཤིག་ཆས་དགོས་གསུངས།

ཞོགས་པ་དེར་དཔེ་ཁྲིད་མེད་པས་ང་ཏག་ཏག་རི་བོང་དགོན་གྱི་རྩེ་སྐོར་ལ་ཆས་གྲབས་བྱས། ཉིན་གསུམ་ཙམ་གྱི་རྗེས་སུ་ང་ཡང་རང་ཡུལ་དུ་ཕྱིར་ལོག་དགོས་མོད། “འུག་པ”ཁོ་རང་གིས་དོན་འདི་ཤེས་ཀྱིན་ཡོད་དམ་སྙམ། ང་ལམ་ལ་ཆས་དུས་ཞོགས་པའི་ཆུ་ཚོད་དྲུག་དང་ཕྱེད་ཙམ་ཡིན་ལ། དགོན་པའི་ཉེ་འགྲམ་ཞིག་ཏུ་ཏག་ཏག་སྨུག་པ་སྟུག་པོ་ཞིག་དལ་བ་དལ་བུར་མཐའ་ནས་མཐའ་རུ་བཀྱེད་ཀྱིན་འདུག

ངས་ཉི་འགོག་ཞྭ་མོ་ཞིག་གྱོན་ཏེ་གཅིག་པུར་ལམ་ལ་ཆས་ཤིང་། སྨུག་པ་ཡོངས་སུ་དྭངས་ཚེ་ངས་ཀྱང་ཡུལ་འདིའི་བཀོད་པ་མཐའ་དག་ལག་མཐིལ་གྱི་རི་མོ་ལྟར་གསལ་པོར་མཐོང་ངེས་སྙམ། ངས་ད་དུང་ཁ་བཏགས་ཤིག་ཀྱང་ཉོ་དགོས་པས་རི་ཞོལ་གྱི་ཚོང་ཁང་ཞིག་ལ་ཆས། དེ་རུ་ཁ་བཏགས་དང་བདུག་སྤོས་ཡོད་པ་མ་ཟད། ཁོ་ཚང་གི་ཁང་པའི་མདུན་ངོས་ཀྱི་ཡ་ཐོག་ཏུ་སྒྲོལ་ལྗང་གི་ཐང་ག་ཞིག་ཀྱང་བཤམས་ཡོད་པ་དེ་ནི་མིའི་དད་པ་འདྲེན་ནུས་པ་ཞིག་སྟེ། ལྷོད་ཀྱིས་ཕར་ལ་བལྟས་ཚེ་ཏག་ཏག་ཁྱོད་ལ་སྤྱན་གྱིས་ཚུར་གཟིགས་ཡོད་སྙམ་པ་ཞིག་ལྡན། ད་དུང་སྐུ་དེའི་ཞལ་ལ་ཞིབ་ཏུ་གཟིགས་ཚེ། སྨིན་མ་ཟུང་གི་དབུས་སུ་རྨེ་བ་ཆུང་ཆུང་གསེར་ལ་ཕྲ་བཏབ་པ་ལྟ་བུ་ཞིག་བརྐོས་ཡོད་པ་མ་ཟད། དེ་ནི་ཏག་ཏག་མིག་གཡས་པ་དང་ཅུང་ཙམ་ཉེ་བར་གནས། ངས་དེའུ་མུར་མདུན་གྱི་མེ་ལོང་ནང་དུ་རང་གི་དཔྲལ་བའི་ངོས་ལ་ཞིབ་ལྟ་ཐེངས་ཤིག་བྱས། ཏག་ཏག་ངའི་རྨེ་བ་འདི་ཡང་གནས་དེ་ཙམ་ཞིག་ཏུ་གནས་པར་རང་ཡང་ཆ་མ་འཚལ། ང་ཅུང་ཙམ་ཡ་མཚན་སྐྱེས་ཏེ་ཁོ་ལ“ཁྱེད་ཚང་གི་ཐང་ག་འདི་གང་ནས་ཉོས་པ་ཡིན་ནམ། ངས་ད་སྔ་ཐང་ག་འདི་འདྲ་གསོན་ཉམས་ལྡན་པ་ཞིག་ཡེ་ནས་མཐོང་མ་མྱོང”ཞེས་དྲིས་པར། ཁོའི་ལག་གཡས་ཐལ་མོ་དང་བཅས་ཐང་གའི་ཕྱོགས་སུ་བསྟན་ཏེ“ཐང་ག་འདི་ངས་ཉོས་པ་ཡང་མིན། ལོ་གསུམ་ཙམ་གྱི་སྔོན་དུ་ཐང་ག་བཟོ་མཁན་ཞིག་གིས་ངེད་ཚང་གི་ཁང་སྟོན་ལ་སྐྱེས་སུ་ཕུལ་བ་ཡིན”ཞེས་ངག་འཇམ་པོས་ལན་བཏབ་པ་དང་། ངས་ད་དུང“ཐང་ག་བཟོ་མཁན་དེས་ད་ལྟ་ཐང་ག་བཞེང་གིན་ཡོད་དམ། ཁོ་རང་ག་པར་བཞུགས་སམ”ཞེས་དྲིས་པར། ཁོས་ཁ་བཏགས་དཀར་པོ་ཞིག་སྣོད་དུ་འཇུག་ཞོར“འོ་རེད། ཁོ་ཏག་ཏག་གནས་འདིར་བཞུགས། མ་ཟད་ཁོ་ད་དུང་ཤིན་ཏུ་ན་ཆུང་ཡིན། ཧ་ལམ་ཁྱོད་དང་ན་མཉམ་ཡོད་པ་འདྲ”ཞེས་བཤད་མཚམས་སུ་ཁོའི་གདོང་ལ་ཅུང་ཟད་སེམས་འཚེར་ཆེ་བའི་ཉམས་ཤིག་ཤར་ཏེ་མུ་མཐུད་དུ“ཁོ་ལ་དངོས་འབྲེལ་ཐང་ག་འབྲི་བའི་ལྷན་སྐྱེས་ཀྱི་ཤེས་རབ་ལྡན། འོན་ཀྱང་ཡིད་ཕངས་པ་ཞིག་ལ། ཁོས་ཏག་ཏག་རི་མོའམ་ཡི་གེ་ཁོ་ནར་བརྟེན་ནས་ཁོ་རང་གི་བསམ་བློ་ཡོད་ཚད་མཚོན་པར་མི་བྱེད་ག་མེད་ཡིན”ཞེས་ལག་ཟུང་གིས་ང་ལ་ཁ་བཏགས་བྱིན་བྱུང་། ང་དེའི་མུར་ཅུང་ཙམ་སྨྲ་བ་མེད་པར་ལུས་མོད། ཁོས་ཅི་ཞིག་ཁ་གསབ་ཀྱི་ཚུལ་དུ“གལ་སྲིད་ཁྱོད་ཀྱིས་ཐང་ག་ཉོ་འདོད་ཚེ་ངས་ཁྱོད་ལ་ཁོའི་འབྲེལ་ལམ་བྱིན་ཆོག”ཅེས་ང་ལ་ཨང་གྲངས་ཤིག་ཀྱང་སྤྲད།

ངོ་གནོངས་པ་ཞིག་ལ། ངས་མི་དེར་བཀའ་དྲིན་ཞུ་རྒྱུའང་བརྗེད་སོང་། གཅིག་བྱས་ན་ང་ཡང་རྒྱུས་མེད་ཀྱི་ལྷ་བཟོ་པ་དེར་ཕངས་སེམས་སྐྱེས་པས་ཡིན་སྲིད། གང་ལྟར་ང་རི་མགོར་འགོས་ནས་དུས་ཚོད་ཕྱེད་ཙམ་ཟིན། ཡིན་ནའང་ངའི་སེམས་སུ་ད་དུང་རྨེ་བ་ཡོད་པའི་སྒྲོལ་ལྗང་གི་ཐང་ག་དེ་ལས་ཅི་ཡང་མེད་པས། ངས་ཐང་ག་དེ་ཉིད་ཇི་མ་ཇི་བཞིན་པར་ཞིག་བཏབ་རྗེས། ཁོས་བཤད་པའི་གཏམ་རྒྱུད་དང་སྦྲགས་ཏེ་ཁ་པར་གྱི་དྲ་ངོས་སུ་སྤེལ། ཡུད་ཙམ་རྗེས་ནས“འུག་པ”ཡིས་ང་ལ“ཁྱོད་རང་རྩེ་སྐོར་ལ་འགྲོ་བཞིན་ཡོད་དམ། དེ་རིང་སྨུག་པ་ཆེ་ཙམ་འདུག་ཨང”ཞེས་བསྐུར་བ་དྲ་ལམ་ནས་འབྱོར་བས། ངས་དེ་མ་ཐག་ཁོ་ལ“ཁྱོད་ཀྱིས་ང་རྩེ་སྐོར་དུ་ཆས་པ་ཇི་ལྟར་ཤེས་པ་ཡིན་ནམ”ཞེས་དྲིས་པར། ཁོས་ང་ལ་དེའི་ལན་ཅི་ཡང་མ་སྤྲད་པར“ཡང་སྙིང་སྒྲོལ་ལྗང་གི་ཐང་ག་ཡག་གམ་ཟླ་འོད་འོག་གི་རི་མོ་དེ་ཡག”ཅེས་ཚིག་གཅིག་ལས་ཅི་ཡང་ལབ་མ་བྱུང་། ཁོས་ཀྱང་སྒྲོལ་ལྗང་གི་ཐང་ག་འདི་གཞན་དང་མི་འདྲ་བ་ཞིག་ཡོད་པ་མཁྱེན་ནམ། ཡང་ན་རང་དགར་ང་ལ་དྲིས་པ་ཡིན། གང་ལྟར་ངའི་སེམས་སུ་ཁོས་ད་དུང་ང་ལ་ཅི་ཞིག་བཤད་ཚར་མེད་པར་སྙམ།

གནམ་གཤིས་གྱིས་ང་ལ་ཀུ་རེ་རྩེད་འདོད་མ་ཡིན་ནམ། ང་ཏག་ཏག་རི་དེའི་རྩེ་མོར་སླེབས་ལ་ཉེ་སྐབས་སྨུག་པས་ཡང་བསྐྱར་ཕྱི་སྐོར་བརྒྱབ་ཅིང་། རི་ཞོལ་གྱི་ཚོང་ཁང་དེ་ཡང་ནག་རོག་རོག་ཅིག་ལས་ཅི་ཡང་མཐོང་རྒྱུ་མི་འདུག མ་ཟད་དཀར་བོང་བོང་གི་སྨུག་པ་དེ་ད་དུང་ང་དང་ཉེ་ནས་ཉེ་རུ་བཅར་བཞིན་ཡོད་པས། ངའི་སེམས་སུ་ད་ནི་ང་རང་སྨུག་པའི་ནང་དུ་མགོ་འཁོར་ངེས་སྙམ་བྱུང་། ལམ་སང་ཕྱིར་ལྡོག་པའི་རྐང་ལམ་བཙལ་མོད་དེ་ཡང་སྨུག་པས་ཟིན་ཚར་བས། ང་མུ་མཐུད་དུ་རི་མགོར་འགོས། ཡིན་ནའང་ང་རི་རྩེར་སླེབས་དུས་རི་དེ་ཡོངས་རྫོགས་སྨུག་པས་བཏུམས་ཤིང་། ང་ནི་ཏག་ཏག་སྨུག་ལོང་ནང་གི་ཤྭེའུ་ཕྲུག་བཞིན་གར་འགྲོ་ལ་ཅི་ཆ་མེད་པར་མདུན་ནས་མདུན་དུ་བསྐྱོད། ངས་ཕྱིར་ལྡོག་པའི་ལམ་སྣེ་མ་ཟིན་པར་ལུས་སྐབས། “འུག་པ”ཡིས“ཁྱོད་རང་ཕྱིར་ལོག་གམ”ཞེས་བྲིས་པ་མཐོང་བས་ང་ངུ་བྲོ་ཞིང་། གཅིག་པུར་སེམས་སུ“ཁྱོད”ནི་ཡོད་ཡོད་པ་ལྟར་སྣང་མོད་ཅིའི་ཕྱིར་ངའི་མཐོང་ལམ་དུ་མི་མངོན་པ་ཡིན་ཞེས་དོན་མེད་དུ་ལེ་བདའ་བྱེད་བཞིན། “ང་ད་དུང་རི་མགོར་ཡོད”ཅེས་མི་ལབ་ཐབས་མེད་བྱུང་། ཁོས་དེའི་མུར་ང་ལ“ད་ལྟ་རི་མགོ་སྨུག་པས་བཟུང་ཡོད་པས་ཁྱོད་རང་རྦད་དེ་གང་འདོད་དུ་འགྲོ་མི་རུང”ཞེས་ཁ་ཏ་གནང་། ང་རེ་ཞིག་སྨུག་པ་སྟུག་པོ་དེའི་ནང་དུ་ཙོག་པུར་བསྒོངས་ནས་བསྡད།

གལ་སྲིད་ངས་ཐང་ག་དེའི་གཏམ་རྒྱུད་ལ་ཞིབ་ཏུ་མཉན་མེད་ཚེ། ང་རང་གཅིག་པུར་རི་མགོའི་སྨུག་པའི་ནང་དུ་སྐྲག་དངངས་དེ་འདྲ་མྱོང་དོན་མེད་ལ། མཆོད་རྟེན་དཀར་པོར་ཡང་སྐོར་བ་སུམ་བརྒྱ་སྔ་མོ་ནས་བརྒྱབ་ཚར་ཡོད་སྙམ་བཞིན། ཟླ་འོད་དེའི་འོག་ནས་ང་རང་གཅིག་པུར་མཆོད་རྟེན་དཀར་པོའི་མཐའ་རུ་ཆས། སྐོར་ཀྱིན་སྐོར་ཀྱིན་ངས་ཡང་བསྐྱར་སྒྲོལ་ལྗང་གི་ཐང་ག་དེ་ཡིད་ལ་དྲན་ཞིང་། སྐུ་དེའི་དཔྲལ་བའི་རྨེ་བ་ནི་ཏག་ཏག་རང་གི་གདོང་ན་ཡོད་པ་ལྟར་གསལ་བས། ངས་ཅིས་ཀྱང་ཐང་ག་དེ་འདྲ་ཞིག་བདག་གིར་བཞེས་ན་འདོད་ཅིང་། སྤོབས་པ་གློ་བུར་བ་ཞིག་གིས་ངས་གཞི་ནས་ཁོ་ལ་ཁ་པར་བཏང་།

ངས་ཁ་པར་རྣ་སྒོ་གཡས་པར་གཏད་ནས་ཉན། ང་དང་མཆོད་རྟེན་གྱི་ཟུར་གཅིག་གིས་ཆོད་པའི་ཕ་རོལ་དེ་རུ་ཏག་ཏག་ཁ་པར་སླེབས་པའི་སྒྲ་ཞིག་གྲག་བྱུང་། ངས་ཁ་པར་གཏོང་བའི་སྒྲ་དང་དུས་མཉམ་ཡོད་པས། ངས་གློ་བུར་རང་གི་དབུགས་ཀྱང་བཀག་སྟེ་ཡུད་ཙམ་ཉན། ཏག་ཏག་སྒྲ་དེ་ཁོ་ན་མ་གཏོགས་མི་ཚོའི་གོམ་སྒྲ་ཡང་ངའི་རྣ་ལ་མི་ཡོང་བས། ངས་ད་གཟོད་རང་གི་ལག་ཟུང་དམ་དུ་བཙིར་པ་ཚོར། ངས་བསྟུད་མར་སྐོར་བ་འགའ་བརྒྱབ།

ཡིན་ནའང་། ངའི་བསམ་པས་ད་དུང་ང་ལ་ཅི་ཞིག་བསྒྲུབ་པར་བསྐུལ་དང་སྐུལ་བཞིན་པས། ངས་ཡང་བསྐྱར་ཁ་པར་བླངས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།