མིག་ཆུ་ནི་མར་མི་ལྷུང་བར་ཡར་ལྡིང་བའི་སྐབས་ཤིག་ལ།

གཅིག

ཁྱོད་ཀྱིས་ལྷ་སའི་བར་སྐོར་གྱི་ཚོང་རའི་ཁྲོད་ནས་ང་རང་རྙེད་པའི་ཞོགས་པ་དེར།དཔྱིད་ཀ་ཏག་ཏག་ལྷ་སའི་ལུང་གཞུང་འདི་བརྒྱུད་ནས་སླེབས་མ་ཐག་ཡིན།ཡང་གཅིག་བཤད་ན།ཁྱོད་རང་མཐོ་སྒང་གི་གྲོང་ཁྱེར་འདིར་འབྱོར་ནས་ཏག་ཏག་གཟའ་འཁོར་གཅིག་འགོར་བ་ཡིན།ཞོགས་པ་དེར།ཁྱོད་ཀྱིས་ངའི་གུད་ནས་དབུགས་ངལ་ཞིག་གསོས་ཏེ།ཨམ་ཕྲག་ཏུ་གློངས་གློངས་མཐར།ངའི་རིན་ཐང་དེ་སྒོར་མོ་ཆིག་སྟོང་ལྔ་བརྒྱས་མངོན་བྱུང་།ཏག་ཏག་སྐབས་དེར།བར་སྐོར་གྱི་གྲུ་ཟུར་གང་རུང་ནས་མཆེད་ཡོང་བའི་ངའི་མི་ཚེའི་གླུ་དབྱངས་དེ་ཁྱོད་ཀྱི་རུས་རྐང་དུ་སྨིན་སོང་།རེད་དེ།དྲང་མོར་བཤད་ན།ངའི་མི་ཚེའི་གླུ་དབྱངས་དེ་ནི་ཁྱོད་ཀྱི་མི་ཚེའི་རྒྱབ་ལྗོངས་རོལ་དབྱངས་ཤིག་ཏུ་གྱུར་སོང་།

གཉིས།

ཁྱོད་ཀྱིས་འབོལ་ཁྲི་རྙིང་པ་དེའི་གུད་ནས་རྐང་པ་གཅིག་ཐོག་གཅིག་ལ་བཞག་སྟེ་ཡུད་ཙམ་བསྡད་པའི་གླགས་དེར།ལྷ་སའི་བར་སྐོར་ནས་ཉོས་ཡོང་བའི་མ་སྐྱེས་ཨ་མའི་འདྲ་པར་དེ་ཁྱོད་ཀྱི་མིག་ལམ་དུ་ཐོགས་བྱུང་།ཏག་ཏག་སྐབས་དེར།ཁྱོད་ཀྱིས་གྱང་ངོས་ཀྱི་འདྲ་པར་དེར་ལྟ་ཞོར་ཟིན་བྲིས་བར་དུ་གཅུད་པའི་ཨ་མ་ཁྱེད་གཉིས་ཀྱི་མཉམ་པར་ཐོག་མ་དེའང་དྲན་འོང་།དྲང་མོར་བཤད་ན།ཁྱོད་ཀྱིས་འཇིག་རྟེན་དཀར་ངོགས་འདི་ནས་ཨ་མ་དང་ལྷན་དུ་སྡོད་པའི་པར་ཐོག་མ་དེ་དུས་ག་ཙམ་ལ་བསྐྱོན་པ་ཡེ་ནས་ཤེས་མི་སྲིད།དོན་དམ་དུ།དེ་དུས་ཁྱེད་ནི་ཁྱེའུ་ཞིག་ཡིན་པས་མ་ཡིན་ནམ།ཡང་གཅིག་བཤད་ན།པོ་ཏ་ལའི་ཐང་ཆེན་ནས་ཨ་ཕ་ཕུན་ནོར་གྱི་འགྲམ་ན་ཀེ་རེར་ལངས་པའི་ཨ་མའི་ཕྲུག་ལྭའི་རུམ་གྱི་ཁྱེའུ་ཁྱོད་རང་འཇིག་རྟེན་དཀར་ངོགས་འདིར་སླེབས་ནས་ཟླ་ངོ་དྲུག་ལས་འགོར་མེད་པས་ཡིན།ཡིན་ཏེ།མཚམས་འདིར་དཔེ་སྒྲོམ་སྟེང་གི་ཟིན་བྲིས་གློ་སྐྱ་དེའི་ཤོག་ངོས་རེ་རེར་ཕབ་པའི་ཨ་མའི་རབ་བྱེད་ཀྱི་སྙན་རྩོམ་དེ་དག་ཁྱོད་ཀྱི་དྲན་པར་སྨུག་སྤྲིན་བཞིན་འཁོར་ཡོང་ཞིང་།དེའི་མུར།ཐོལ་ཐོལ་ཏུ་སྐྱེས་འོངས་པའི་བསམ་གཞིག་སྐྱུར་མོ་ཞིག་གིས་ཁྱོད་ཀྱི་མིག་མཐའ་དྲོད་ལམ་ལམ་དུ་བཏང་ལ།དེ་དུས།ཁྱོད་ཀྱི་མིག་གི་འབྱེད་འཛུམ་ཁྲོད་རློན་ཤིག་ཤིག་གི་ཚོར་བ་ཞིག་གིས་བསྟབས་འོངས།ཁྱོད་ཀྱིས་དབུགས་ངལ་ཞིག་གསོས་ཏེ།འབོལ་ཁྲིའི་ལག་སྐྱོར་སྟེང་གི་ལག་རས་དེས་མིག་མཐར་འཁྱིལ་བའི་མཆི་མ་འབྱིད་བཞིན་ཁ་གཏད་ཀྱི་གྱང་ངོར་སྦྱར་བའི་མ་སྐྱེས་ཨ་མའི་འདྲ་པར་ལ་བལྟས་ཏེ་བསྡད།ཡིན་ཏེ།ད་ནི་འདྲ་པར་དེར་ལྟ་བཞིན་ཁྱིམ་འདི་གར་བྱུང་བའི་ཨ་མ་དག་གི་གཏམ་རྒྱུད་མང་པོ་ཞིག་གི་མགོ་ཁུངས་འགྲིམ་རྒྱུ་དེའང་སྤྱི་འགྲོས་ལྟ་བུར་གྱུར་འདུག་ཨང་།

ཉིན་འདི་གར་ཁྱོད་ཀྱི་མིག་ཆུའི་གཏིང་རིམ་ན་རྦབ་རྡོ་བཞིན་འགྲིལ་གྱིན་པ་དེའང་ཨ་མ་མཐོ་རིས་མ་མ་ཡིན་ནམ།དེ་མིན།སྡུག་བསྔལ་གྱི་རབ་ཁ་ནས“ཨ་མ”ཞེས་བོས་པའང་ཉུང་ཉུང་མིན།འོན་ཏེ།ཨ་ཕ་ཕུན་ནོར་ཁྱེད་གཉིས་དཔུང་མེད་རྒྱབ་ཆད་དུ་གྱུར་ནའང་།ཁྱོད་ཀྱིས་ད་དུང་རང་ཉིད་འཇིག་རྟེན་དཀར་ངོགས་འདི་ནས་མུ་མཐུད་དུ་གསོན་དགོས་པའང་གསལ་པོར་ཤེས་ཡོད།

གསུམ།

ལོ་ངོ་ཉི་ཤུའི་སྔོན་ལ།ཨ་ཕ་ཕུན་ནོར་གྱིས་མོ་རྩིས་དང་རིམ་གྲོ་གང་མང་བསྒྲུབས་ཏེ་ཆུང་མ་བདེ་སྐྱིད་བླངས་མོད།བདེ་སྐྱིད་ཁྱིམ་འདིར་ཐོན་ཉིན་ནས་བཟུང་ནོར་ལ་གྱོང་གུད་མང་པོ་བྱུང་སྟེ།ནོར་གྱི་ཁ་གྲངས་མངོན་གསལ་གྱིས་ཇེ་ཉུང་དུ་གྱུར་པར་མ་ཟད།“སྣ་ནག་མ”ཞེས་པའི་མིང་བྱང་ཞིག་ཀྱང་རིན་མེད་ཀྱིས་ཉོས།དེ་ལྟར།བདེ་སྐྱིད་ཀྱིས་ཨ་ནེ་དཔལ་འཛོམས་ཀྱི་མངགས་བཀོད་ལྟར་ཁྱིམ་ལས་ཙག་ཙིག་ལ་ཤི་འཐམ་རོ་འཐམ་བྱས་མོད།འོན་ཏེ།ཁྱིམ་ཚང་གི་དབང་ཐང་ནི་དོང་ནང་དུ་ལྷུང་བ་ལྟ་བུར་གྱུར།དུས་དེ་ནས་བཟུང་།རུ་སྡེ་འདིར་བདེ་སྐྱིད་ཅེས་འབོད་མཁན་མེད་པར་མ་ཟད།དེ་བས།“སྣ་ནག་མ”དང“ཨོང་ལྟིག་མ།” “ཐན་ནག་མ” སོགས་ཀྱི་འབོད་མིང་ལོ་གྲངས་ལས་བརྒལ་ཙམ་བྱུང་།དེ་བས།ཆུང་མ་བདེ་སྐྱིད་ཀྱིས་བྱིས་པ་གཉིས་བཙས་མོད།གཉིས་ཀ་བུད་མེད་ཡིན་པས་ཨ་ནེ་དཔལ་འཛོམས་ཀྱི་གདོང་གི་རྣམ་འགྱུར་ནི་གནམ་གཤིས་ཀྱི་འགྱུར་བ་ལྟར་རྒོད་པར་གྱུར་ལ།ལན་རེར།ནོར་ལྷས་སུ་ལྕི་བ་འཐུ་བར་བྲེལ་ཞིང་།ལན་རེར།ཁྱིམ་ལས་ལ་བྲེལ་བའི་བདེ་སྐྱིད་ཀྱི་ཟ་ཟུར་ནས“ང་ལ་ཁྱིམ་རྒྱུད་འཛིན་པའི་བུ་ཆུང་ཞིག་བཙའ་དགོས།”ཟེར།དེ་ལྟར།ནོར་ལ་གྱོང་གུད་རེག་པ་དང་བསྟུན་ནས་སྒོ་ཁྱིམ་གྱི་བར་ནས“ཁྱི་མོ་བདེ་སྐྱིད”ཅེས་པའི་འབོད་མིང་ཞིག་ཀྱང་ཇེ་མང་དུ་གྱུར།དེ་ལྟར།བདེ་སྐྱིད་ཀྱིས་མིང་བྱང་འདི་ཁུར་ནས་ལོ་ངོ་ཁ་ཤས་འགོར་བའི་ནམ་སྨད་ཅིག་ལ་རས་ལྭ་ཐར་རྐྱང་ཞིག་གྱོན་ནས་རུ་ཁྱིམ་འདི་ནས་བདེ་ལྡན་ཆོས་འཁོར་གླིང་དུ་བྲོས་པར་སྐད། ད་ལྟ། བདེ་སྐྱིད་ཀྱི་བུ་མོ་ཆུང་ཆུང་དེ་གཉིས་ཁྱོད་ཀྱི་ཨ་ཅེ་རུ་གྱུར་ཡོད་ལ།ཨ་ཅེ་དཔལ་ལྷས་ཁྱོད་ལ“འཇིགས་མེད་ནོར་བུ”ཞེས་མི་འབོད་པའི་རྒྱུ་མཚན་ཡང་ཁྱོད་ཀྱིས་ཤེས་ཡོད་དམ།ཐེངས་སྔོན་མར།ཨ་ཅེ་དཔལ་ལྷས་ཁྱོད་ལ“ངེད་གཉིས་ཀྱི་ཨ་མ་མི་གཅིག་པས།ངས་ཁྱོད་ལ་ནུ་བོ་འཇིགས་མེད་ནོར་བུ་ཞེས་བོས་ན་མི་འདོད།”ཅེས་པའི་སྐད་ཆ་ཅིག་ཁྱོད་ཀྱི་རྣ་བར་བྲག་ཅ་ལྟར་འཁོར་བ་དེ་དྲན་ནམ།དེ་དུས།ཁྱོད་ཀྱིས་མིག་ཆུ་ཞིག་བཏོན་ཡོད་པ་ཁོ་ཐག་ཡིན།བདེན་ཏེ།དང་ཐོག་བདེ་སྐྱིད་ཀྱིས་ཉིན་དེའི་ནམ་སྨད་དུ་བུ་མོ་གཉིས་གཉིད་ལོག་པའི་སྐབས་དང་བསྟུན་ནས་བདེ་ལྡན་ཆོས་འཁོར་གླིང་དུ་བྲོས་པ་ཡིན་ལ།གལ་ཏེ།དེ་དུས་ཨ་ཅེ་གཉིས་སད་ཡོད་ཚེ།བདེ་སྐྱིད་ཀྱི་རྐང་པར་འཐམ་ནས་ངུ་འབོད་བྱེད་སྲིད་པ་བསྙོན་དུ་མེད།ད་ལྟ།ཨ་ཅེ་གཉིས་ཀྱིས་བདེ་སྐྱིད་མོ་གཉིས་དང་ཇི་ལྟར་ཁ་བྲལ་བ་ཡེ་ནས་ཤེས་ཀྱིན་མེད་མོད།འོན་ཏེ།ཁྱོད་ཀྱི་ཨ་ཕྱི་དཔལ་འཛོམས་ཀྱིས་ཤེས་ཀྱང་མོ་གཉིས་ཀར་བཤད་མི་སྲིད་ལ།དེ་ནི་ཁྱོད་ཚང་གི་ཁྲེལ་ལམ་གསང་བ་ཞིག་ཡིན་ཡང་སྲིད།ཝེ།ཁྱོད་ཀྱིས་ཤེས་སམ།ཁྱོད་འཇིག་རྟེན་འདིར་ཐོན་པའི་རྐྱེན་གྱིས་ཨ་ཅེ་དཔལ་ལྷ་ཡར་ནང་སྡེ་བར་གནས་སུ་ཕྱིན་ཏེ།ད་ལྟ་བྱིས་པ་གསུམ་གྱི་ཨ་མར་གྱུར་ཡོད་ལ།ཨ་ཅེ་ཆུང་བ་ཟླ་སྒྲོན་རྫོང་གི་ཁེ་ལས་ཆུང་གྲས་ཤིག་ཏུ་གླ་ཆ་འགའ་རེ་ལོན་པར་ཤ་འབད་རུས་འབད་བྱེད་ཀྱིན་ཡོད་པ་མ་ཡིན་ནམ།ཡང་ཅིག་བཤད་ན།ཨ་ཅེ་གཉིས་ཁྱོད་ལ་གཟུར་ནས་སོང་བ་མིན་ཏེ།དེ་ནི།ཨ་ཕྱི་དཔལ་འཛོམས་དང་ཨ་ཕ་ཕུན་ནོར་གྱི་བཀོད་སྒྲིག་ཡིན་པ་ཁྱོད་ཀྱིས་ཤེས་ཡོད་དམ།ད་ལྟ།ཁྱོད་ཀྱིས་གྱང་ངོས་སུ་སྦྱར་བའི་མ་སྐྱེས་ཨ་མའི་འདྲ་པར་དེར་ལྟ་བཞིན་བདེ་སྐྱིད་དང་ཨ་ཅེ་གཉིས་ཀྱི་ཕྱོགས་སུ་མནོ་བསམ་གཏོང་བཞིན་ཡོད་ནའང་།ཨ་ཅེ་གཉིས་ཀྱིས་ཀ་ངོ་ཙམ་ཡང་མི་ཆོད་པར་ཁྱིམ་འདི་ག་ནས་གཞན་ཡུལ་འགྲིམ་པའི་རྒྱུ་མཚན་ལ་ཁྱོད་ཀྱིས་བསམ་བློ་གཏོང་མི་སྲིད།རེད་དེ།སྐབས་འདིར།ཨ་ཅེ་དཔལ་ལྷས་གནས་སུ་འགྲོ་ཁར་ཚ་རུའི་ཕུ་རུང་གིས་ངོ་གདོང་སྦས་ཤིང་།མིག་ཆུའི་ཐིགས་པ་མཐོང་རྒྱུ་མེད་ནའང་ངུ་ཤུམ་བྱེད་པའི་རྣམ་པར་བལྟས་ན།ཕུ་རུང་རློན་ཤིག་ཤིག་ཏུ་བཏང་ཡོད་པའི་སྣང་བརྙན་དེས་ཁྱོད་ཀྱི་བསམ་གཞིག་གི་ནམ་མཁའ་ཧྲིལ་གྱིས་ཁེབས་ཡོང་བ་ཡིན།

བཞི།

ད་ནི།གྱང་ངོས་སུ་སྦྱར་བའི་མ་སྐྱེས་ཨ་མའི་འདྲ་པར་དེར་ལྟ་རྒྱུ་དེའང་ཁྱོད་ཀྱི་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་ཟིན།དེ་རིང་ཡང་།ཁྱོད་ཀྱིས་འདྲ་པར་དེར་ལྟ་བཞིན་བདེ་སྐྱིད་ཡིད་ལ་འཁོར་བྱུང་བ་མ་ཡིན་ནམ།

ད་ལྟ།ཁྱོད་ཀྱི་རྐང་པ་འོག་མ་དེ་ལྗིད་ཏིག་ཏིག་གི་ཤིང་དུམ་ཇི་བཞིན་ཚོར་བའི་དབང་པོ་ཉམས་ཤིང་།རྐང་མཐིལ་ནས་ལངས་པའི་ཟུག་གཟེར་གྱིས་ཁྱོད་ཀྱི་རྣམ་རིག་ཇེ་གསལ་དུ་བཏང་ལ།དེ་དུས།ཁྱོད་ཀྱིས་རྐང་པའི་གཏིང་འོག་བརྗེས་ཏེ་ལག་ཟུང་གིས་རྐང་པར་ཕུར་མཉེད་འགའ་བྱས་རྗེས།མདུན་གྱི་ཆུ་ཁོལ་འཁྱགས་པ་དེ་ཧུབ་གང་འཐུང་ནས་ཡང་བསྐྱར་འདྲ་པར་དེར་ལྟ་མགོ་བརྩམས།ཏག་ཏག་སྐབས་དེར།ཁྱོད་ཀྱི་སྐེད་སྐབས་སུ་ཟ་འཕྲུག་མི་བཟོད་པ་ཞིག་ལངས་ཏེ་ཁྱོད་ཀྱི་བསམ་གཞིག་ལ་བར་ཆད་ཨེན་ཙམ་བཟོས་མོད།དེའི་མུར།ཁྱོད་ཀྱིས་གཡས་ལག་སྟོད་གོས་ནང་མ་དེའི་འོག་ཏུ་བསྲིངས་ནས་སྒལ་གཞུང་ཡིད་ཚིམ་པ་ཞིག་འཕྲུགས་རྗེས།ཡང་བསྐྱར་གྱང་ངོས་སུ་བཀལ་བའི་མ་སྐྱེས་ཨ་མའི་འདྲ་པར་དེར་བལྟས།

བདེན་ཏེ།བདེ་སྐྱིད་བདེ་ལྡན་ཆོས་འཁོར་གླིང་དུ་ཕྱིན་པའི་ཉིན་དེ་ནས་བཟུང་།ཁྱོད་ཀྱི་ཨ་ཕ་ཕུན་ནོར་ཁེར་རྐྱང་དུ་ལུས་ཏེ་ལོ་ངོ་གསུམ་འགོར་བའི་ས་སྲོད་ཅིག་ལ་ཆུང་མ་སྒྲོལ་མ་བླངས་མོད།སྒྲོལ་མ་ནི་ཨ་ཕ་ཕུན་ནོར་ལས་ལོ་དྲུག་གིས་ཆུང་བར་མ་ཟད།ཁྱིམ་ལས་ཙག་ཙིག་ལ་དེ་འདྲའི་འཇོན་པོ་མེད་པས།ནམ་རྒྱུན་ཨ་ཕྱི་དཔལ་འཛོམས་ཀྱི་མངགས་བཀོད་ལྟར་ཁྱིམ་ལས་མཐའ་དག་ལ་ཤི་འཐམ་རོ་འཐམ་བྱས་ནས་ལོ་ངོ་གཅིག་ཙམ་འགོར།སྒྲོལ་མ་ནི་འབྲོག་ལས་ལ་དེ་འདྲའི་འཇོན་པོ་མེད་ནའང་ཕུན་ནོར་གྱི་བུ་མོ་དཔལ་ལྷ་དང་ཟླ་སྒྲོན་གཉིས་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱེད་པ་དེ་ནི་ཅི་འདྲའི་ཡིད་དུ་འོང་བ་ཞིག་ཡིན་ཨང་།དེ་ལྟར།ལོ་གཅིག་གཉིས་ཙམ་གྱི་བུ་མོ་གཉིས་ཀྱིས་སྒྲོལ་མ་ནི་རང་ཉིད་ཀྱི་ཨ་མ་ངོ་མ་ཡིན་པར་བསྒོམས་པ་མ་ཟད།སྒྲོལ་མར“ཨ་མ”ཞེས་བོས་ནས་ཀྱང་ལོ་ངོ་བཞི་ལྔ་ཙམ་ཕྱིན།འོན་ཏེ།སྒྲོལ་མ་ཁྱིམ་འདི་གར་ཐོན་ནས་ཏག་ཏག་ལོ་ངོ་ལྔ་ཙམ་འགོར་བའི་དུས་དེར།ཡུལ་ཚོའི་སྲིད་གཞུང་གི་གསང་བདག་གསེར་གཞུང་སྡེ་བར་དབུལ་ཐར་འགག་སྒྲོལ་གྱི་བྱ་གཞག་རླབས་པོ་ཆེ་དེ་སྒྲུབ་ཏུ་ཡོང་བ་དང་བསྟུན་ནས་ཕུན་ནོར་གྱི་ཆུང་མ་སྒྲོལ་མ་བློར་བབས་ཤིང་།དུས་དེ་ནས་བཟུང་།གསང་བདག་གིས་ཡུལ་ཚོའི་གྲོས་ཚོགས་གང་རུང་ཞིག་གི་སྟེང་ནས་གཡུལ་སའི་དཔའ་བོ་བཞིན་གསེར་གཞུང་སྡེ་བའི་དབུལ་སྐྱོར་བྱ་བའི་གཙོ་འགན་དང་དུ་བླངས།དེ་ལྟར།གསང་བདག་གསེར་གཞུང་སྡེ་བར་ཐེངས་མང་ཡོང་བ་དང་བསྟུན་ནས་སྒྲོལ་མར་རྒྱུས་ལོན་ཨེན་ཙམ་བྱུང་། ཁོས་ལན་རེར།ཕུན་ནོར་མེད་པའི་གོ་སྐབས་དང་བསྟུན་ནས་སྒྲོལ་མར“ཁྱོད་ལ་ད་དུང་བུ་ཕྲུག་མེད་པས།ཁྱིམ་འདི་ག་ནས་འཚོ་བར་ཤི་འཐམ་རོ་འཐམ་བྱས་ཀྱང་ཁྱོད་ལ་ལག་ཡོང་ཅི་ཡང་མེད་པ་མ་ཡིན་ནམ།”ཞེས་གནས་ལུགས་མང་པོ་བཤད།དེ་དུས།སྒྲོལ་མ་ནི་ལྐུགས་པ་ལྟར་ངག་ནས་ཅི་ཡང་མི་འཁྲོལ་བར་གྱུར་ལ།ལན་རེར།གཡེར་ཚ་བའི་ངོ་གདོང་སྙིམ་པས་བཀབ་སྟེ་ལྷས་འོག་ནས་ཁྱིམ་དུ་འབྲོ་བར་རྩོམ།གང་ལྟར།གསང་བདག་གིས་སྒྲོལ་མར་བཅངས་པའི་རེ་བ་ནི་གནམ་འདེགས་ཀྱི་ཀ་བ་བཞིན་བརྟན་པོར་བཞུགས་ནས་ཡུན་རིང་འགོར།དེ་ལྟར།གསང་བདག་གསེར་གཞུང་སྡེ་བར་ཐེངས་མང་ཡོང་བའི་གོ་སྐབས་དང་བསྟུན་ནས་སྒྲོལ་མའི་བློ་ཁ་ནི་རླུང་འཚུབ་ཀྱིས་ཁུར་པའི་ཆུ་ཤོག་ལྟར་གཡོ་འགུལ་ཐེབས་ཤིང་།གསང་བདག་ཁོ་གཉིས་བར་ལ་བརྩེ་དུངས་ཀྱི་མྱུ་གུ་འབུ་མགོ་བརྩམས།

ཁྱོད་ཀྱིས་ཤེས་སམ།ཁྱོད་རང་འཇིག་རྟེན་འདིར་མ་སླེབས་པའི་སྟོན་ཟླ་བར་མའི་སྨག་ནག་པའི་མཚན་གཞུང་ཞིག་ལ།ཨ་ཕ་ཕུན་ནོར་གྱི་ཆུང་མ་སྒྲོལ་མ་ཡུལ་ཚོའི་ལས་བྱེད་པ་གསང་བདག་གི་རྗེས་འབྲངས་ནས་སྡེ་འདབས་སུ་བཞག་པའི་སང་ཐ་ན་རྟགས་ཅན་གྱི་རླངས་འཁོར་ཞིག་ཏུ་བསྡད་ནས་རུ་ཁྱིམ་འདི་དང་གྱེས་ཕྱག་ཕུལ།མཚན་གཞུང་དེར།གསང་བདག་གིས་རླངས་འཁོར་གྱི་གློག་འོད་མི་འགེར་བར་སྒྲོལ་མའི་ལག་གི་ཁ་པར་གྱི་གློག་འོད་ལ་བརྟེན་ནས་རླངས་འཁོར་གྱི་དཀྱོག་འཁོར་ཕར་གཅུ་ཚུར་གཅུ་བྱེད་བཞིན་གྲོང་རྡལ་དུ་འབྱོར།ལམ་བར་དུ།གསང་བདག་གིས་དུ་རྐང་ཞིག་ལ་མེ་ཁ་བསྒོས་ཏེ་རྔམ་འཐེན་བྱེད་ལ།དམར་ཟིམ་ཟིམ་གྱི་དུ་རྐང་དེས་སྒྲོལ་མའི་མིག་རྩ་ཚ་བེར་བེར་དུ་བཏང་མོད།འོན་ཏེ།སྒྲོལ་མས་དེར་ཁ་ཡ་མི་བྱེད་པར།མོའི་བྲང་གཞུང་དུ་ལུ་གུ་ལྟར་ལྡིང་བའི་སེམས་ཀྱི་ལྟིག་སྒྲ་དེ་མར་གནོན་ཐབས་བྱས།གསང་བདག་གིས་དུ་རྐང་བརྔུབས་ཏེ་བར་མཚམས་ཤིག་ལ་སྒེའུ་ཁུང་གི་ཤེལ་སྒོ་མར་ཕབ་ཅིང་། གཡོན་ལག་ཕྱིར་བསྲིངས་ནས་གོང་མཛུབ་བར་གྱི་དུ་རྐང་དེ་ལམ་འགྲམ་གྱི་ལྕགས་དྲའི་གསེང་དུ་འཕངས་བྱུང་།དུས་དེར། དེ་དུས་ཕྱི་རོལ་ཏུ་ཤུར་ཤུར་ལྡང་བའི་རླུང་གིས་སྒྲོལ་མའི་སེམས་པ་འཁྱགས་སིབ་སིབ་ཏུ་བཏང་།

བདེན་ཏེ།སྒྲོལ་མས་ཕུན་ནོར་འཕོངས་ཕྱིས་ཀྱི་རྡོ་བཞིན་དོར་ནས་ཆས་འགྲོ་བ་ཨ་ཕ་ཕུན་ནོར་གྱི་ཀླད་པར་ཡང་འཁོར་མ་མྱོང་།འོན་ཏེ།སྒྲོལ་མའི་ཁྲེལ་མེད་ཀྱི་བྱ་བ་དེ་ཁྱིམ་ཚང་འདིར་གློ་རྡེག་ཏུ་བྱུང་བས།ཨ་ཅེ་གཉིས་ཀྱིས་རང་ཉིད་ཀྱི་ཨ་མ་གར་སོང་ཆ་མེད་དུ་གྱུར་སོང་སྙམ་སྟེ།ཉིན་ཞག་གསུམ་བཞི་ཙམ་ལ་ངུ་ཤུམ་བྱས་ཏེ།མིག་འབྲས་ནི་མེ་ཕུང་ལས་བཏོན་པའི་དམར་བོང་བོང་གི་སོ་ཐལ་ལྟ་བུར་གྱུར།དུས་དེ་ནས་བཟུང་།ཁྱོད་ཀྱི་ཨ་ཕ་ཕུན་ནོར་ཁེར་རྐྱང་དུ་ལུས།ཡིན་ཏེ།ཁེར་རྐྱང་ནི་མི་ཚེའི་སྐྱིད་སྡུག་གླུ་རུ་སྒྲོན་བྱེད་ཀྱི་རྒྱུད་སྐུད་ཅིག་ཡིན་ནའང་།གསེར་ལུང་སྡེ་བའི་གསར་བུ་ཚོས“ཕུན་ནོར།ཁྱོད་ཀྱིས་ཆུང་མའང་བདག་མི་ཐུབ་བམ།འདྲ་མེད།ཆུང་མ་གཉིས་པས་ཀྱང་ཁྱིམ་ཚང་གང་བོ་ཁྱི་ལུད་བཞིན་དོར་ནས་བྲོས་སོང་བས།ཡོད་ཚད་ཁྱོད་ལན་པ་མ་ཡིན་ནམ།”ཞེས་སྐད་ཆ་འདྲ་མིན་སྣ་ཚོགས་ཤིག་སྐྱག་འབུ་བཞིན་ཁྱོད་ཀྱི་ཨ་ཕ་ཕུན་ནོར་གྱི་སྟེང་དུ་འཁོར་བྱུང་།དེ་བས།སྡེ་བའི་མ་ཎི་ཁང་དུ་སྐོར་བ་རྒྱག་བཞིན་པའི་རྒན་པོ་ཁ་ཅིག་གིས“ཕུན་ནོར་འདྲ་མེད།ཕུན་ནོར་ཀླད་མེད”སོགས་ཀྱི་ཁ་བརྡ་སྣ་ཚོགས་གློད་པས།དེ་དུས།ཨ་ཕྱི་དཔལ་འཛོམས་ཀྱིས་སྡེ་བའི་མ་ཎི་ཁང་གི་རབ་གསལ་དུ་ཡོད་པའི་རྐུབ་སྟེགས་ཤིག་ལ་ཨོང་ཚུགས་བྱས་ཏེ།“ཁྱི་ཁ་ཚུམས།ཁ་ནང་གི་རྩལ་ལག་ནང་དུ་ཞོག་དང་།”ཟེར་བཞིན་ཕྲེང་རྡོག་བཅུ་ལྷག་ཕར་དེད་བྱུང་།དེ་དུས།ཚང་མ་མ་རངས་པའི་ཚུལ་གྱིས་ཨ་ཕྱི་དཔལ་འཛོམས་ལ་གཟུར་ཏེ་བུད་འགྲོ།

རེད་དེ།གསང་བདག་དབུལ་སྐྱོར་བྱ་བའི་དཔེ་བཟང་མི་སྣར་བདམས་པའི་ཕྱི་ལོར།གསེར་གཞུང་གྲོང་རྡལ་གྱི་མགོ་གཙོ་རུ་བསྐོས་ཤིང་།དུས་དེ་ནས་བཟུང་།གསང་བདག་དང་རྫོང་དཔོན་པདྨ་གཉིས་ཀྱི་བར་ལ་འབྲེལ་བ་བྱུང་བར་མ་ཟད།རྫོང་ཐོག་ཏུ་འགྲོ་བའི་ཐེངས་གྲངས་ཀྱང་ཇེ་མང་དུ་གྱུར།དེ་ལྟར།ཁོས་སྒྲོལ་མ་མ་བུ་གསུམ་པོ་རྫོང་ཐོག་ཏུ་བསྐྱལ་ཏེ་ཁྱིམ་གཞི་བཙུགས།དུས་དེ་ནས་བཟུང་།སྒྲོལ་མས་བྱིས་པ་གཉིས་བྱིས་སྙོར་ཁང་དུ་ཕར་སྐྱེལ་ཚུར་ལེན་བྱེད་པར་མ་ཟད།ཁྱིམ་མཚེས་ཙིན་ཙིན་ཚང་དུ་སོང་ནས་སྔོ་ཚལ་གཡོས་སྦྱོར་དང་ཚེམ་བཟོ་སོགས་སྦྱངས་ནས་ཉི་མ་གཏོང་བར་བྱེད།ལན་རེར།ཙིན་ཙིན་མེད་དུས།སྡོད་ཁུལ་གྱི་ར་སྐོར་ནང་ཉི་མར་ལྡེ་བཞིན་པའི་རྒན་པོ་དག་གི་གམ་དུ་བཏུད་ནས་ཁ་བརྡ་སྣ་ཚོགས་གློད་པར་སྤྲོ།རེད་དེ།ཚང་མས་མོའི་བུ་ཆུང“བན་དེ་བཀྲ་ཤིས”དང་བུ་མོ“ནོར་འཛོམས་ལྷ་མོ”གཉིས་ཀྱི་དངོས་མིང་མི་འབོད་པར།“བན་བན”དང“ནོ་ནོ”ཞེས་འབོད་ལ།ལན་རེར།མོས་ཀྱང་དེ་ལྟར་འབོད་པར་བྱེད།བདེན་ཏེ།དེ་དག་ཀྱང་།ཁྱོད་དང་སྒྲོལ་མ་གཉིས་སྡོད་ཁུལ་གཅིག་ཏུ་གནས་པས་ཡུན་གྱིས་ཤེས་རྟོགས་བྱུང་བ་ཡིན།

ཉིན་དེའི་ཞོགས་པར།སྒྲོལ་མས་བྱིས་པ་གཉིས་སློབ་གྲྭར་བསྐྱལ་བའི་ལམ་བར་དུ་ཟླ་སྒྲོན་དང་འཕྲད་བྱུང་།སྒྲོལ་མས་ཟླ་སྒྲོན་ལ་འཚམས་འདྲི་ཞིག་བྱེད་པའི་ཟོལ་བསྟན་མོད།དེ་དུས།ནོར་འཛོམས་ལྷ་མོས“ 妈妈,她是谁呢?” ཟེར་བཞིན་སྒྲོལ་མའི་ལག་པར་འཐམ་ནས་གསིག་འཐེན་ལན་འགའ་བྱས། ཏག་ཏག་སྐབས་དེར།སྒྲོལ་མས་ཟླ་སྒྲོན་ལ་ཅི་ཞིག་བཤད་རྩིས་བྱས་མོད།ཡིན་ནའང་།ཟླ་སྒྲོན་གྱིས་སྒྲོལ་མར་མཆིལ་ཞག་ཅིག་འཕངས་ཏེ་རུས་ལ་ཟུག་པའི་རླུང་བུའི་ཁྲོད་ནས་མདུན་དུ་སྐྱོད་མགོ་བརྩམས།སྒྲོལ་མས་ལམ་འགྲམ་གྱི་རྒྱ་ལྕང་དེའི་འོག་ནས་ཟླ་སྒྲོན་གྱི་ཕྲག་སྟེང་དུ་རླུང་གིས་སྒུལ་གྱིན་པའི་སྐྲ་ལོར་ལྟ་བཞིན་ཧད་དེ་ལུས།དེ་དུས།མོས་བྱིས་པ་གཉིས་ཀྱིས་མོའི་ལག་པའི་གཡས་གཡོན་གཉིས་ནས་གསིག་འཐེན་བྱེད་བཞིན་པ་བརྗེད་ཡོད་པ་འདྲ་ལ།དེ་བས།སེམས་སུ་ཕུན་ནོར་ཚང་གི་འདས་པའི་དོན་དག་གང་མང་ཞིག་འཚང་ཁ་རྒྱག་བཞིན་པ་སུས་ཤེས་ཨང་།

སྔོན་ཏག་ཏག་ལ།ཟླ་སྒྲོན་གྱིས་སྒྲོལ་མ་ནི་ཨ་མ་ཁྲེལ་མེད་སེམས་མེད་ཅིག་ཡིན་པ་ཤེས་ཡོད་པ་འདྲ་སྟེ།སྒྲོལ་མ་རྒྱབ་ལོགས་སུ་བསྐྱུར་ནས་ཨུ་ཚུགས་ཀྱིས་གོམ་པ་འགའ་སྤོས་རྗེས།མིག་མཐའ་ན་སྲ་འཐས་སུ་འགྱུར་རན་པའི་ཆུ་ཐིགས་དེ་འབྱིད་བཞིན་ལས་ཚོགས་སུ་ཕྱིན།

བདེན་ཏེ།དེ་དག་ཀྱང་ན་ནིང་དཔྱིད་ཟླ་བར་མའི་ཕྱི་དྲོ་ཞིག་ལ“མ་སྐྱེས་ཨ་མ”ཞེས་པའི་ཇ་ཁང་ཞིག་གི་གྲུ་ཟུར་ནས་ཨ་ཅེ་ཟླ་སྒྲོན་གྱི་ཁ་བརྡའི་ཁྲོད་ནས་རྒྱུས་ལོན་བྱུང་བ་ཡིན།ཡིན་ཏེ།ཨ་ཅེ་ཟླ་སྒྲོན་གྱིས་ནུ་བོ་ཁྱོད་རང་གྲོང་ཁྱེར་འདིའི་གྲུ་ལོགས་གང་ནས་མིག་གིས་འཚོས་ནས་སྙིང་གིས་བསྒོམས་ནས་དུས་ག་ཙམ་འགོར་ཡོད་པ་ཁྱོད་ཀྱིས་ཤེས་སམ།ལན་རེར།ཁོམ་ལོང་རེ་བཙལ་ཏེ་སིལ་ཏོག་དང་ཇ་ལོ་སོགས་ཉོས་ཏེ་ཁྱོད་ལ་ལྟ་རུ་ཡོང་བ་དང་།ལན་རེར།ཇ་ཁང་ཞིག་བཙལ་ཏེ་དུས་བཅད་ལྟར་ཁྱོད་དང་འཛོམས་ཏེ་སྐད་ཆ་དང་མིག་ཆུ་བསྲེས་ནས་ཁ་བརྡ་སྣ་ཚོགས་གློད་པ་མ་ཡིན་ནམ།དུས་དེ་ནས་བཟུང་། འབོལ་ཁྲི་རྙིང་པ་དེའི་ཁ་གཏད་ཀྱི་གྱང་ངོས་སུ་སྦྱར་བའི་མ་སྐྱེས་ཨ་མའི་འདྲ་པར་དེ་ཁྱོད་ཀྱི་མིག་ལམ་དུ་མངོན་ཐེངས་རེར།ཁྱོད་ཀྱི་རུས་གསེང་གང་ཞིག་སྦྲིད་པར་བྱེད་པ་མ་ཡིན་ནམ།

སྐབས་ཐོག་འདིར།ཁྱོད་ཀྱི་དོན་ལྔ་སྣོད་དྲུག་སྦྲིད་བྱེད་ཀྱི་ཕྲ་ཕུང་སྟེ།ཨ་ཕ་ཕུན་ནོར་གྱི་ཆུང་མ་གསུམ་པ་སྟེ།ཁྱོད་ཀྱི་ཨ་མ་མཐོ་རིས་མའི་མི་ཚེའི་གཏམ་རྒྱུད་དེ་ཡིན་ཨང་།

ལྔ།

ཁྱོད་ཀྱིས་མདུན་གྱི་ཆུ་ཁོལ་འཁྱགས་པ་དེ་ཧུབ་གང་འཐུང་ཞོར་གཡོན་ལག་གི་སྤར་མོས་མ་ནེའི་མགོ་ན་མར་ལྷུང་ལ་རན་པའི་ཆུ་ཐིགས་དེ་ཕྱིས་རྗེས།ཡང་བསྐྱར།ཨ་མ་མཐོ་རིས་མ་དང་འབྲེལ་བའི་གཏམ་རྒྱུད་ཅིག་དྲན་པའི་མཐིལ་ན་འགྲེ་ལོག་རྒྱག་གིན་ཁ་གཏད་ཀྱི་མ་སྐྱེས་ཨ་མ་དང་ཁ་བརྡ་བྱས་བྱུང་།

ངའི་ཨ་མའི་མིང་ལ་བཀྲ་ཤིས་སྐྱིད་ཟེར།མིང་འདི་ནི་ཅི་འདྲའི་རྣ་བར་སྙན་པ་ཞིག་རེད་ཨང་།མིང་འདི་ནི་ཅི་འདྲའི་དོན་དང་མཚུངས་པ་ཞིག་རེད་ཨང་།ཁྱོད་ཀྱིས་ཤེས་སམ།བཀྲ་ཤིས་སྐྱིད་ཟེར་བའི་བུ་མོ་རྣལ་མ་ཞིག་ངེད་ཚང་དུ་ཐོན་པ་ནས་བཟུང་།ཨ་ཕྱི་དཔལ་འཛོམས་དང་ཨ་ཕ་ཕུན་ནོར་གྱི་འདོད་ཐོག་ཏུ་རྟ་བརྒྱུགས་པ་ཐག་གིས་ཆོད།དྲང་མོར་བཤད་ན།དེ་ནི་བུ་ཆུང་ང་རང་སྐྱེས་པས་མ་ཡིན་ནམ།དུས་དེ་ནས་བཟུང་།ཁྱིམ་མི་ཚང་མས་ངའི་ཨ་མར་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱེད་པར་མ་ཟད།“མནའ་མ”དང“ཆུང་མ”ཞེས་མི་འབོད་པར“བཀྲ་ལོ”ཞེས་འབོད་པ་རེད།ཨ་མ་ཁྱིམ་འདིར་ཐོན་ནས་ལོ་གཅིག་དང་ཟླ་ལྔ་ལྷག་འགོར་བའི་རྗེས་སུ་ངས་ཨ་མའི་མངལ་དུ་གནས་ཚང་བཅོས།དེ་ནས།ཕྱི་ལོའི་དབྱར་ཟླ་མགོ་མའི་ས་སྲོད་ཅིག་ལ།ཨ་ཕྱི་དཔལ་འཛོམས་ཀྱིས་ཁྱིམ་ལས་ཙག་ཙིག་བསྐྱུར་ཏེ་མཆོད་སྟེགས་ལས་མཆོད་མེ་རྐང་གཅིག་བསྒྲོན་རྗེས།འགྱིག་གཞུང་དང་ཆུ་ཚན།སྲིང་བལ་དང་ལག་རས།ཁེ་གྲི།སྐུད་པ་སོགས་གྲ་སྒྲིག་བྱས་ཏེ་ཚ་ཐབ་སྟེང་འཕག་འཚག་རྒྱག་བཞིན་པའི་ཨ་མའི་གམ་དུ་བཅར་ནས་མིག་གིས་ཧྲིག་གེར་མོར་བལྟས། རེད་དེ། ཆུ་ཚོད་གཉིས་ཙམ་འགོར་རྗེས།ངའི་རང་ལུས་ཁྲེ་ཙེ་གང་བོ་ཨ་མའི་སྐམ་ཞིང་རིད་པའི་བརླ་བར་བརྒྱུད་དེ་ཨ་ཕྱི་དཔལ་འཛོམས་ཀྱི་ལག་ནང་དུ་ལྷུང་།ཡིན་ཏེ།སྐབས་ཐོག་དེའི་ཨ་མའི་ན་ཟུག་དང་ཁུན་སྒྲ་ནི་ཅི་འདྲའི་བཟོད་གླགས་བྲལ་བ་ཞིག་ཡིན་ཨང་།ཨ་ཨ།དེ་ནི།འཇིག་རྟེན་དཀར་ངོགས་འདི་ནས་ངས་ཨ་མར་བཟོས་པའི་སྡུག་བསྔལ་ཞིག་ཅི་ལ་མིན་ཨང་། ཤུ——

ཡང་གཅིག་བཤད་ན།ང་རང་སློབ་ཆུང་འགྲིམ་པའི་དུས་ཏེ་ཆར་བ་ཤག་ཤག་ཏུ་འབབ་པའི་དབྱར་གཞུང་གི་ཞོགས་པ་ཞིག་ལ།ངས་ཨ་མས་བརྫིས་པའི་མར་རྩམ་སྣུམ་པོ་དེ་སྔས་འགྲམ་ནས་བརྗེད་སོང་བས།ངེད་ཅག་སློབ་ཁྲིད་ཚོགས་པའི་བར་གླགས་དེར།ཨ་མས་སློབ་ཁང་ཕྱིའི་སྒེའུ་ཁུང་ཁར་སྐེ་བསྲིངས་ནས་སློབ་གྲོགས་ཚོའི་གསེང་ནས་ང་འཚོལ་གྱིན་འདུག ཏག་ཏག་སྐབས་དེར།ངས་ཨ་མ་མཐོང་ཡང་སློབ་ཁང་ནང་དུ་དགེ་བསྐོས་ལྟར་གྲལ་བར་ན་ཡར་འགྲོ་མར་འགྲོ་བྱེད་བཞིན་པའི་དགེ་རྒན་དབང་གྲགས་ཀྱི་ཁ་སྤུ་དེ་མཐོང་མ་ཐག་མགོ་བོ་ཡང་བསྐྱར་རྩིས་གཞི་ཞིག་གི་སྟེང་དུ་བསྒྱུར་བ་ཡིན།དེ་ལྟར།སློབ་ཁྲིད་གྲོལ་རྗེས་ང་རང་འཕྲལ་མར་ཨ་མའི་གམ་དུ་བརྒྱུགས་པ་ཡིན།ཨ་མས་འགྱིག་ལྷམ་གྱོན་མེད་པར་རྐང་སྣམ་པུས་མོའི་འོག་ཏུ་ཡར་བརྫེས་ཡོད་ཅིང་།སྒྱིད་པའི་སྟེང་དུ་འདམ་བག་འགོས་ཡོད་པར་མ་ཟད།རྐང་མགོའི་ལྷམ་ནི་རློན་ཤིག་ཤིག་ཏུ་གྱུར་ཡོད།ཨ་མས་བྲོ་ཁུག་ངའི་རུམ་དུ་འཇུག་ཞོར“འཇིགས་ཁོ།དགེ་རྒན་གྱི་ཁར་ཉོན།སློབ་སྦྱོང་ལ་འབད་པ་བྱོས།ཨེ་གོ་ཐལ།”ཟེར་མོད།ཏག་ཏག་སྐབས་དེར།སློབ་གྲོགས་ཚང་མ་ངེད་གཉིས་ཀྱི་མཐའ་རུ་རུབ་སྟེ།མིག་ཟུང་རིག་རིག་ཏུ་འཇིམ་སྐུ་བཞིན་ཧད་འདུག དེ་ལྟར།ཨ་མ་ཕྱིར་སློབ་གྲྭའི་ལྕགས་སྒོ་བརྒྱུད་དེ་ངའི་མིག་ལམ་ནས་ཡལ་སོང་།

སྐབས་འདིར།ཁྱོད་ཀྱིས་གློ་ལུ་ཐེངས་འགའ་བརྒྱབ་རྗེས།གྲང་ཤུར་ཤུར་གྱི་ཁང་མིག་འདིའི་སྒེའུ་ཁུང་ཕྱོགས་སུ་མིག་ཉུལ་ཐེངས་གཅིག་བྱས་མོད།དོན་དམ་དུ།སྒེའུ་ཁུང་དམ་པོར་བརྒྱབ་འདུག་པ་གཟོད་ནས་ཡིད་འཇོག་བྱུང་།

“ཁྱོད་ཀྱིས་ཉན་གྱིན་ཡོད་དམ།”

“ངས་ཁྱོད་ཀྱི་ཁ་གཏད་དུ་ཁྱོད་ལ་ལྟ་བཞིན་ཚང་མ་ཉན་གྱིན་ཡོད།” 

དེ་ལྟར།ང་རང་སློབ་ཆེན་འགྲིམ་པའི་དགུན་གཞུང་ཞིག་ལ།ཨ་མས་ནགས་གསེང་ནས་ནོར་ཁྱུ་ཞིག་བཙལ་ཏེ་ཉིན་ཞག་གཉིས་ལ་ཁྱིམ་དུ་ལོག་རྒྱུ་མ་བྱུང་བས།དེའི་མུར།ཨ་ཕ་ཕུན་ནོར་དང་ཨ་ཁུ་རྣམ་རྒྱལ་སོགས་འཚོལ་དུ་ཕྱིན་མོད།གནམ་རྒན་མ།ཨ་མ་ལགས་ནགས་ཁྲོད་ཀྱི་དར་ཐོག་ཅིག་ནས་ཤུད་དེ་ང་ཚོ་དང་རིང་དུ་བྲལ་སོང་ལ།དུས་དེ་ནས་བཟུང་།ཨ་ཕ་ཕུན་ནོར་དཔུང་མེད་རྒྱབ་ཆད་དུ་ལུས་སོང་བ་སུས་ཤེས་སམ།ཨ་མ་ལགས།གནམ་གྱིས་སྲུངས།བར་མཚམས་འདིར་སླེབས་དུས།སྐབས་ཐོག་དེའི་སྣང་ཚུལ་དེས་ངའི་དོན་ལྔ་སྣོད་དྲུག་ཕྱིར་དེད་ཡོང་ལ།ཨ་ཕ་ཕུན་ནོར་གྱིས་མཐོང་བའི་ཨ་མའི་སྣང་ཚུལ་དག་བཤད་ན་ཚང་མ་མིག་ཆུ་ཡིན་པས།སྐབས་ཐོག་འདིར།ངས་སྐད་ཆ་གཅིག་ཀྱང་བཤད་མི་འདོད།དེ་དུས།མ་སྐྱེས་ཨ་མས་འཛུམ་དམུལ་དམུལ་གྱིས་ཁྱོད་ཀྱི་ཕྱོགས་ལ་ལག་པ་བསྲིངས་ནས“ཝེ།འཇིགས་མེད་ནོར་བུ།མིག་ཆུ་མ་འདོན།མགོ་ནག་མི་ཡི་སྐྱིད་སྡུག་གནམ་གྱི་ལག་ཡིན་ཟེར་བ་མ་ཡིན་ནམ།”ཞེས་སེམས་གསོ་བྱས།དེ་དུས།ཁྱོད་ཀྱིས་རང་སེམས་སྙི་མོ་ཞིག་ཡིན་པའང་གཟོད་ནས་ཡིད་འཇོག་བྱུང་།

དེ་ལྟར།ཁྱོད་ཀྱིས་འབོལ་ཁྲི་རྙིང་པ་དེའི་གུད་ནས་ཁ་གཏད་ཀྱི་གྱང་ངོར་སྦྱར་བའི་མ་སྐྱེས་ཨ་མ་དང་ལབ་གླེང་ཐན་ཐུན་ཅིག་བྱས་རྗེས།ཟ་འགྲམ་དུ་འཁྱུད་འོང་བའི་མིག་ཆུའི་ཐིགས་པ་འབོལ་ཁྲིའི་ལག་སྐྱོར་སྟེང་དུ་བཀབ་པའི་ལག་རས་དེས་ཕྱིས་ཏེ།མགོ་བོ་འབོལ་ཁྲིའི་ལག་སྐྱོར་སྟེང་དུ་བསྙེས་ནས་གསེག་འདུག་བྱས་བྱུང་།རེད་དེ།ལག་རས་དེ་རློན་ཤིག་ཤིག་ཏུ་བཏང་ཡོད་པར་ཁྱོད་ཀྱིས་ཡིད་འཇོག་བྱེད་མི་སྲིད།ད་ལྟ།ཁྱོད་ཀྱི་སེམས་སུ་ཨ་མ་མཐོ་རིས་མའི་སྣང་བརྙན་རེ་རེ་བཞིན་སེམས་ཀྱི་གས་སྲུབས་གང་ནས་བཙངས་འོང་མོད།དེའི་མུར།ཁྱོད་ཀྱིས་ལག་པས་མགོ་བོ་བསྡམས་ནས་པང་ནང་དུ་གུག་འགྲོ།

དྲུག

རེད་དེ།ཁྱོད་རང་འབོལ་ཁྲི་རྙིང་པ་དེར་ཙིར་སྒྲ་དང་བཅས་བསྡད་པའི་གླགས་དེར།ཁ་གཏད་ཀྱི་མ་སྐྱེས་ཨ་མའི་འདྲ་པར་དེས་ཁྱེད་མིང་སྲིང་ཚོའི་ཨ་མའི་དྲན་པ་གསོས།བདེན་ཏེ།ཁྱོད་ཀྱིས་ཨ་ཕ་ཕུན་ནོར་གྱིས་ཉར་ཚགས་བྱས་པའི་ཨ་མའི་རུས་ཐལ་ལྷ་སར་བསྐྱལ་ནས་ཇོ་མདུན་ནས་བསྔོ་སྨོན་དང་སྐྱབས་འཇུག་ཞུས་ཏེ།ཕྱིར་ལོག་སྐབས།བར་སྐོར་ནས་ཉོས་འོངས་པའི་མ་སྐྱེས་ཨ་མའི་འདྲ་པར་དེ་འབོལ་ཁྲི་འདིའི་ཁ་གཏད་ཀྱི་གྱང་ངོར་སྦྱར།ནམ་རྒྱུན་ལས་ཚོགས་གྲོལ་ཏེ་རང་ཁྱིམ་དུ་ཐོན་རྗེས།འབོལ་ཁྲི་རྙིང་པ་དེར་ཙོག་ནས་ཁ་གཏད་ཀྱི་མ་སྐྱེས་ཨ་མ་དང་ཁ་བརྡ་སྣ་ཚོགས་གློད་པར་བྱེད།འོན་ཏེ།དེ་རིང་།ཁྱོད་ནམ་རྒྱུན་དང་མི་འདྲ་བར་བསམ་གཞིག་དང་དྲན་གདུང་གི་གཡང་དུ་ལྷུང་ཡོད་པ་ཁ་གཏད་ཀྱི་མ་སྐྱེས་ཨ་མ་མ་གཏོགས་ཤེས་མཁན་གཅིག་ཀྱང་མེད།དེ་ལྟ་མོད་ཀྱི།ད་ལྟ།ཁྱོད་ཀྱི་སྐེ་ཚིགས་དང་རྐུབ་མགོ་ན་ཟུག་གཟེར་ཅིག་ཡོད་ནའང་།ཁྱོད་རང་གྲག་མེད་འགུལ་མེད་དུ་ལུས་སོང་།ལན་རེར།ནུབ་འཚལ་འཐུང་ཚར་རྗེས་ར་སྐོར་དུ་ཡོང་དུས།རོལ་རྩེད་ལ་གཡེང་བའི་བྱིས་པ་ཁ་ཅིག་གི་འུར་སྐད་མཆེད་ཡོང་ལ།ལན་རེར།ར་སྐོར་ནས་མཆེད་འོང་བའི་ངུ་སྐད་ཅིག་གིས་གཞིས་ཁུལ་འདིར་གྲག་འགུལ་ཆུང་ཆུང་ཞིག་བཟོས་ཡོང་།དེའི་མུར།ཁྱོད་ཀྱིས་མིག་མཐའི་མཆི་མ་འབྱིད་བཞིན་རབ་གསལ་དུ་ཕྱིན་ཏེ་སྒེའུ་ཁུང་ག་ལེར་ཕྱེ།ཏག་ཏག་སྐབས་དེར།ར་སྐོར་དུ་མི་ཚོགས་ཀྱི་འདུ་ལོང་གཡོ་ཞིང་།མྱུར་སྐྱོབ་རླངས་འཁོར་ཨང་རྟགས 青M·UAI88ཅན་གྱི་མཐའ་ན་ངུ་སྐད་ཀྱིས་ཁྱབ་ཅིང་།རླངས་འཁོར་སྟེང་ན་སྔོ་འཚུབ་འཚུབ་ཏུ་འཕྲོ་བའི་གློག་འོད་དེ་ནི་ཁྱོད་ཀྱི་བྲང་གཞུང་གི་ཨ་འཐས་སུ་གྱུར་པའི་སྙིང་གི་འཕར་ལྡིང་གི་དབྱངས་འགྲོས་དང་ཅི་འདྲའི་མཚུངས་ཨང་།དེ་ལྟར།ཁྱོད་སྒེའུ་ཁུང་ཁར་ཁེན་ནས་མྱུར་སྐྱོབ་རླངས་འཁོར་དེར་ལྟ་བའི་མོད་ལ།རྒྱ་མོ་ལོ་ཡར་གསེག་ཅན་ཞིག་གིས“ཨ་མ”ཞེས་འབོད་ཞོར།རླངས་འཁོར་སྟེང་དུ་རྐང་ཀྲབ་ལག་ཀྲབ་བྱེད་ཀྱིན་ཡོད་ལ།གཉེན་ཉེ་ཚོས་མོ་ཕྱིར་འཐེན་གྱིན་པའི་རྣམ་པ་ཞིག་ཁྱོད་ཀྱི་མིག་རྩར་འཁྱུད་སོང་།དེ་དུས།ཁྱོད་ཀྱིས“ཨ་ཨ།གནམ་གྱིས་སྲུངས”ཟེར་ཞོར་སྒེའུ་ཁུང་ག་ལེར་གཏན་རྗེས།འདར་མ་འདུར་གྱིས་མལ་ཤག་ཏུ་ལོག་སྟེ།འཁྱགས་སིབ་སིབ་ཀྱི་ཁང་མིག་དེའི་མལ་ཁྲིའི་སྟེང་ཁ་སྦུབ་ཏུ་འགྱེལ་སོང་།

དགོང་དྲོ་དེར།ཁྱོད་ཀྱིས་སྔར་ནས་ཁང་མིག་རེ་རེའི་གློག་གཟིམས་ཡོད་ནའང་།མྱུར་སྐྱོབ་རླངས་འཁོར་གྱི་གློག་འོད་རྣོན་པོས་སྒེའུ་ཁུང་བརྟོལ་ཏེ་གྱང་ངོའི་མ་སྐྱེས་ཨ་མའི་སྟེང་དུ་འཕྲོས་ཤིང་།དེས་ཀྱང་།ཁྱོད་ཀྱིས་ནམ་ཡང་ཚོར་མི་སྲིད་པའི་ཁང་མིག་ག་ལ་བ་འདིའི་ཐེག་དཀའ་བའི་ལྷིང་འཇགས་དང་ཁེར་རྐྱང་གི་སྡུག་ཡུས།ད་དུང་སྐྱོ་གདུང་དང་མིག་ཆུའི་ཐིགས་པ་རེ་རེ་སེམས་ཀྱིས་མྱོང་གིན་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།