ཀྲུང་གོ་བོད་ཀྱི་དྲ་བ།

བོད། སྦས་སྐུང་གི་ལོ་ཟླ།(ལྔ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བཀྲ་ཤིས་ཟླ་བས་བརྩམས།འབྲོང་བུ་རྡོ་རྗེ་རིན་ཆེན་གྱིས་བསྒྱུར།   སྤེལ་དུས། : 2021-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1953—1985

ཕ་རོལ་བོར་མི་མང་བ་དང་དྲག་ཆས་ཀྱང་བཟང་པོ་ཤ་སྟག་ཏུ་འདུག་པས། ཟླ་བཟང་གིས་བུ་གཉིས་ལ་མེ་མདའ་མར་འབེབས་པའི་བརྡ་བསྟན་པ་དང་། རང་གིས་ཀྱང་མདའ་ཁ་ཐུར་དུ་དཔྱངས། འོན་ཀྱང་། མགྲིན་པར་བ་སྤུའི་མེ་ཏོག་བསྒྲོན་པའི་བཏགས་ཁྱི་གཏུམ་པོ་གཉིས་ཀ་ལྕགས་ཐག་གིས་བཏགས་འདུག་ནའང་མི་ཆ་མེད་དག་ལ་མཆེ་བ་གཙིགས་ཏེ་སྨྱོ་བ་ལྟར་འབ་སྐད་འབྱིན་ཞིང་། ཁྲོ་ངར་གྱིས་གནམ་ལྡིང་ས་མཆོང་བྱེད་ཅིང་ས་ཐོག་ཏུ་རྗེས་ཤུར་ཟབ་མོ་གཉིས་ཕབ་འདུག

རི་འདབས་ཀྱི་ཞིང་པ་ཞིག་གིས་གོན་པ་སེར་པོ་གྱོན་ཞིང་དཀྲུམ་མདའ་ཁུར་བའི་དམག་མི་ཞིག་གི་ལོགས་སུ་འགྲེང་སྟེ་ལོ་ཙཱ་བྱེད་ཀྱིན་འདུག ལོ་ཙཱ་པས་ཅི་ནུས་ཀྱིས་ཟླ་བཟང་ཚང་གི་བཟའ་མི་ཚོས་ཁོ་ཚོ་དགྲ་རུ་འཛིན་པའི་ལྟ་ཕྱོགས་དང་འཚུབ་སྣང་གཏོར་ཏེ་ན་རེ། ང་ཚོ་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཡིན་ཞིང་། སྡུག་བསྔལ་མྱོང་བའི་མི་ལ་རོགས་རམ་དང་མགོན་སྐྱབས་བྱེད་དུ་ཡོང་བ་ཡིན་ཟེར་ནས་སྐད་ཆ་མང་པོ་ཞིག་བཤད་རྗེས། མཇུག་མཐར་ཟླ་བཟང་ལ་ཡིག་ཤུབས་ཤིག་སྤྲད། དེའི་ནང་དུ་བཀྲ་ཤིས་ཉི་མའི་འདྲ་པར་ཞིག་བཅུག་འདུག་ལ་ཁོའི་ལུས་ལ་མིག་མདུན་གྱི་མི་འདི་དག་གི་ལྭ་བ་དང་གཉིས་སུ་མེད་པའི་གྱོན་པ་ཤ་སྟག་ཅིག་བཀླུབས་ཤིང་། དཔའ་ངར་ཆེ་ཞིང་བརྗིད་ཉམས་ལྡན་པའི་བཟོ་ལྟ་ལྷང་ངེར་མངོན་འདུག འདྲ་པར་དེས་དེ་མ་ཉིད་དུ་ཁོ་ཚོའི་མིག་མདུན་གྱི་མི་དེ་དག་དགྲར་འཛིན་གྱི་བློ་ཁ་ཞི་རུ་བཅུག་པས། ཟླ་བཟང་གིས་ཁོ་ཚོ་སྦྲ་ནང་དུ་བསུས་ཏེ་བརྩི་བཀུར་དང་སྣེ་ལེན་མཛད། བཀྲ་ཤིས་ཟླ་བ་དང་ནོར་བུ་ཚེ་བརྟན་སྤུན་གཉིས་ཀྱིས་འདྲ་པར་ལ་འཕྲོག་རེས་ཀྱིས་ལྟ་བ་དང་། སྤུན་མཆེད་བཀྲ་ཤིས་ཉི་མའི་གདོང་རིས་བཀྲག་མདངས་བཀྲ་བའི་ཤོག་ངོས་སུ་འདི་ལྟར་ཤར་འདུག་པ་ལ་སྤྲོ་སྣང་ཆེས་ཆེར་བརྟས་འདུག ཁོ་ཚོས་ཚེ་རིང་རྒྱལ་མོ་བོས་འོངས་ཏེ་ན་རེ། ཁྱོད་ཀྱིས་མི་གཞན་པ་ཞིག་གཏན་ནས་མི་ཤེས་ཞེས་གླེང་ན། འོ་ན་ཁྱོད་ཀྱིས་བཀྲ་ཤིས་ཉི་མ་བརྗེད་སོང་བ་ཡིན་ནམ། ཁྱོད་རང་ཁོ་དང་མཉམ་དུ་རི་ལས་བབས་པ་མ་ཡིན་ནམ་ཟེར། ཚེ་རིང་རྒྱལ་མོར་འཚུབ་ཆ་ལངས་ཤིང་མིག་ཆུ་བཞུར་ཏེ། ངས་འདྲ་པར་ཐོག་གི་མི་འདི་དངོས་གནས་ངོ་མི་ཤེས། དཀོན་མཆོག་གསུམ་པོ་དཔང་དུ་བཙུགས་ཏེ་མནའ་བསྐྱལ་བ་ཡིན། དེ་འདྲ་ག་ལ་དཔེ་ཞེས་ཟེར། འོ་འོ། སྐྱོན་མི་འདུག ངོ་མི་ཤེས་ན་ཡང་སྐྱོན་མི་འདུག གང་ལྟར་ང་ཚོར་ད་དུང་སྤུན་ཞིག་ཡོད་དེ། ངེད་སྤུན་མཆེད་གསུམ་པོ་ནི་ཨ་མ་གཅིག་གི་པང་ནས་ནར་སོན་པ་ཡིན། འདྲ་པར་འདི་མཐོང་ན་འདས་དུས་ཀྱི་དོན་དག་མང་པོ་ཕྱིར་དྲན་བྱེད་ཐུབ། ཚེ་རིང་རྒྱལ་མོས་མི་འདི་ངོ་མི་ཤེས་ཟེར་ན་སྐྱོན་མི་འདུག འོན་ཀྱང་། ཁྱོད་ཀྱིས་ངོ་མི་ཤེས་པ་དཔེ་ག་ལ་སྲིད། སྐྱུར་ཞོག ཁྱོད་རང་མྱུར་དུ་སོང་ནས་མགྲོན་པོ་ཚོར་ཇ་གསོལ་ཅིག

འཕྲིན་ཡིག་གི་ནང་དུ། ཁོ་རི་ལས་བབས་ཏེ་ཅང་མ་འགོར་བར་གསར་བརྗེ་ལ་ཞུགས་པ་དང་། ད་དུང་བྱས་རྗེས་ཀྱང་བཞག་ཡོད་ལ། མི་འགྱངས་པར་ཆུང་མ་ཚེ་རིང་རྒྱལ་མོ་དང་མཉམ་དུ་ནང་ལོགས་སུ་སློབ་སྦྱོང་བྱེད་དུ་འགྲོ་རྒྱུ་དང་། ཤེས་བྱ་མང་པོ་རྟོགས་ན་ཕྱིས་སུ་འཚོ་བ་སྐྱིད་པོ་ཡོང་ཐུབ་པ་བཤད་ཡོད་པར་མ་ཟད། འཕྲིན་ཡིག་གི་མཇུག་ཏུ་ད་དུང་ཁོས་ཉིན་མཚན་མེད་པར་ཕ་མ་དང་སྤུན་ཟླ་དག་དྲན་པའི་གདུང་བ་ཡང་བརྗོད་ཡོད། 

བཅིངས་འགྲོལ་དམག་ཡོང་ནས་ཞིང་པ་རྣམས་ལ་དངུལ་བུན་བཏང་བ་དང་། འབྲོག་པར་དངུལ་སྒོར་འགའ་རེ་སྦྱིན་པར་མ་ཟད། ད་དུང་ཚང་མར་མཛེས་སྡུག་ལྡན་པའི་ཚེམ་དྲུབས་ཀྱི་སྐུ་འདྲ་ཞིག་གནང་། སྐུ་འདྲའི་སྟེང་གི་མིའི་མིང་ལ་མའོ་ཙེ་ཏུང་ཟེར། ཁོ་ཚོས་ཟླ་བཟང་ལ་སྐུ་འདྲ་དེ་བསྟན་ནས་དེ་ལྟར་མཚམས་སྦྱོར་མཛད། 

ཟླ་བཟང་གིས་སྐུ་འདྲ་དེར་བལྟས་ཏེ་ཕྱི་དྲོ་ཞིག་གི་ཡུན་ལ་བསམ་བློ་ཞིབ་མོ་བཏང་། སྐབས་དེར། བཀྲ་ཤིས་ཟླ་བ་ཚུར་རྒྱུགས་ཡོང་ནས་ཁོ་ལ་ཕྱི་རོལ་ན་འབྲི་མོ་གཉིས་ཀྱིས་དུས་མཉམ་དུ་བེའུ་བཙའ་བཞིན་འདུག་ཟེར། ཟླ་བཟང་དགའ་ཀྲོག་ཀྲོག་གིས་སྒོར་རྒྱུགས་པ་དང་། བེའུ་དེ་གཉིས་བདེ་བླག་གི་ངང་ནས་བཙའ་རུ་བཅུག འདི་ནི་ལྟས་བཟང་པོ་ཞིག་ཡིན་པས། ཁོ་རང་ཕྱིར་སྦྲ་ནང་དུ་ལོག་སྟེ་སླར་ཡང་སྐུ་འདྲ་དེ་ལ་ཡང་ཡང་བལྟས་པ་དང་། དེས་འབྲོག་པར་བསོད་ནམས་གང་ཞིག་བསྩལ་པར་དགོངས་ཏེ། སྐུ་འདྲ་དེ་མ་ཡོ་མ་གཟུར་བར་དྲང་མོར་མཆོད་སྟེགས་སྟེང་དུ་བཀལ། དེ་ནས་ཟླ་བཟང་གིས་དམག་འདི་དག་གི་མིང་ལ་བྱང་སེམས་དམག་ཅེས་བཏགས་པ་ན། ཁོ་ཚོ་ཚང་མ་ཧ་ཅང་ཡ་མཚན་པར་གྱུར་ཏེ་བོད་པ་མང་པོ་ཞིག་གིས་ཀྱང་མ་བགྲོས་ངག་མཐུན་གྱིས་འདི་ལྟར་འབོད་ཀྱིན་འདུག་ཟེར།

བུ་ཆེ་བ་བཀྲ་ཤིས་ཟླ་བ་ཡང་སེམས་གཏིང་ནས་ཁོ་ཚོར་འགྲོགས་ཏེ་རི་འདབས་སུ་བསྐྱོད་འདོད་པས། ཁོ་ཚོས་ཟླ་བཟང་ལ་བསམ་འཆར་ཞུས་པར། ཟླ་བཟང་གི་ཁ་ནས་ཚིག་གཅིག་ཀྱང་མ་ལོན། བཀྲ་ཤིས་ཟླ་བས་རི་འདབས་ན་བུ་མོ་ཡོད་དམ་ཞེས་དྲིས། ཡོད། ཁོ་ཚོས་ཡུད་ཙམ་ལ་བཤད་རྒྱུ་མ་རྙེད་པར་བསྡད་ཅིང་། དེ་ནས་རི་འདབས་ན་ཡོད་པ་ནི་མཛེས་སྡུག་ཡིད་འོང་གི་ཞིང་པའི་བུ་མོ་ཡིན་ཟེར། བཀྲ་ཤིས་ཟླ་བས་ནུ་བོ་དང་ཚེ་རིང་རྒྱལ་མོ་གཉིས་རི་མགོར་བསྐྱུར་ཏེ་ལོ་ན་ཡོལ་བའི་ཕ་མ་གཉིས་དང་མཉམ་དུ་འཚོ་བ་རོལ་ཏུ་འཇུག་རྒྱུའི་སེམས་ཐག་བཅད་པ་དང་། ད་དུང་ཨ་ཕར་ཁོ་རང་ཐག་ཤིན་ཏུ་རིང་བའི་ཡུལ་དུ་མི་འགྲོ་བར་རི་འདབས་ཀྱི་འབྲོམ་སྟོད་སྡེ་བའི་ནང་དུ་བསྡད་དེ་རྒྱུན་པར་ཡུལ་མི་རྣམས་ལ་བལྟ་རུ་ཡོང་རྒྱུ་ཟེར། ཟླ་བཟང་གིས་སྨྲ་བ་ཅི་ཡང་མེད་པར་འཐད་བརྡ་བསྟན། འཚོ་བ་ནི་མ་གཞི་ནས་འདི་འདྲ་ཞིག …… སྦྲུལ་ལྷ་རི་རྩེ་ནི་ལོ་ངོ་བཅུའི་སྔོན་ལྟར་མི་མེད་ཐང་སྟོང་ཞིག་མ་ཡིན་པར། ད་ལྟ་ནི་ཚ་བོ་རྣམས་ཀྱིས་སྦྲ་གུར་ཕྱི་རོལ་གྱི་སྤང་ཐང་ན་ཁོ་ཚོ་རང་ཉིད་ལས་ཀྱང་གཟུགས་བོངས་ཆེ་བའི་འབྲོག་ཁྱིར་ཁ་རྩེ་བཞིན་འདུག

སྒོར་ཁང་དུ་ལོ་འདི་དག་གི་རིང་ལ་རྒྱུན་དུ་འགྲུལ་བ་ཡོང་གིན་འདུག ཁོ་ཚོས་འདི་གར་གྱོན་ཆས་ཡ་མཚན་བཀླུབས་པའི་བགྲེས་མོ་ཁེར་རྐྱང་མ་ཞིག་བསྡད་ཡོད་པ་མཐོང་བར་མ་ཟད། ད་དུང་རྡོ་བའི་ཕུང་བོ་དང་ཤིང་ཆའི་ཕུང་བོ་དག་གྲལ་འགྲིག་ཅིང་གྲ་དག་པོས་བརྩིགས་འདུག་པ་རྟོགས་ཏེ་ཧ་ཅང་བློས་མ་ཐོངས་པར་ཐེངས་དུ་མར་མོ་ལ་རི་འདབས་སུ་ཁྱིམ་གཞིས་སྤོ་བའི་ཁ་ཏ་བྱས། ཁོ་ཚོས་བཤད་ན། ད་ལྟ། རི་འདབས་ཀྱི་མིས་འུ་ལག་རྒྱུགས་མི་དགོས་པ་དང་། ཁྲལ་སྤྲོད་མི་དགོས་པས་འཚོ་བ་སྐྱེལ་སྟངས་ཤིན་ཏུ་བཟང་བ་དང་། རི་ལས་བབས་ན་ཞང་སྲིད་གཞུང་གི་རོགས་སྐྱོར་ཐོབ་པ་ཡིན་ཟེར། ཡིན་ན་ཡང་། ཚེ་རིང་རྒྱལ་མོས་ཡིད་འགུལ་ཐེབས་པའི་ངང་ནས་ཁོ་ཚོས་གནང་བའི་ནོམ་པ་ལེན་པ་ལས་ཁོ་ཚོའི་སེམས་བཟང་གི་ཁ་ཏ་ལ་ཁ་ཡ་བྱས་མ་བྱུང་།

བཀྲ་ཤིས་ཟླ་བས་འབྲོམ་སྟོད་སྡེ་བའི་རོགས་སྐྱོར་ཚོགས་པའི་གཙོ་འགན་པའི་འགན་ཁུར་འདུག   ཁོ་རང་སྒོར་ཁང་དུ་འགྲོ་ཐེངས་ཤིན་ཏུ་མང་ལ། ཐེངས་རེར་ཡང་ཁོས་སྒོར་ཁང་བརྒྱུད་དེ་རི་འདབས་སུ་འབབ་པའི་ཆུ་ཕྲན་ལ་ཧུར་རེར་ལྟ་བཞིན་འདུག ཆུ་ཕྲན་འདི་ནི་རི་སྟེང་ནས་འགྲིལ་བའི་རྡོ་ཕུང་རབས་དང་རིམ་པས་དུམ་ཁག་འགར་བགོས་འདུག་ལ། ཆུ་ཕྲན་གྱིས་རྡོ་ཕུང་དག་ལ་དཀྲི་ཡ་མཚན་དག་བརྒྱབ་རྗེས་སླར་ཡང་གཞི་གཅིག་ཏུ་འདྲེས་པ་དང་། ཆུ་བོའི་དབུས་སུ་འཕྲེད་དུ་ཉལ་བའི་བྲག་རྡོ་དག་ནི་སྐབས་འགར་སྙི་ཞིང་འབོལ་བའི་ཆུ་བལ་གྱི་སྟེང་དུ་མཉེན་ཞིང་འཇམ་པོས་ལུས་པོ་འཁོབས་ཀྱིས་བརྐྱངས་ཏེ་འདུག་ལ། རེས་འགར་བྲག་ངོས་ནས་འགྲེད་ཅིང་འཕུར་ཏེ་གྲོག་རོང་ཟབ་མོར་ལྟུང་བར་མ་ཟད། རྡོ་གསེབ་ལ་ཕོག་སྟེ་གངས་ཀྱི་འདབ་མ་ལྟ་བུའི་ཝུ་བ་དཀར་པོ་འཕྱོ་བར་བྱེད། སྙན་ཞིང་འཇེབས་པའི་གླུ་དབྱངས་གཏོང་བའི་དྲག་བཞུར་ཆུ་བོ་དེས་ཀྱང་ཟབ་ཅིང་ནག་པའི་གཅོང་ཞབས་སུ་ཞུགས་ཚེ་ལྷུང་སྒྲ་དམའ་མོ་ཞིག་འབྱིན་ཞིང་། སྒོར་ཁང་གི་བདེ་ཞིང་སྙོམས་པའི་སྤང་གཞོང་སྟེང་དུ་བཞུར་སྐབས་འཆམ་འཆམ་དུ་འགྲོ་བ་ལྟ་བུའི་སྐོར་རྒྱུགས་བྱེད་ལ་ཤང་སྒྲ་སྒྲོག་བཞིན་དལ་བུར་སྐྱོད་པ་དང་། རླབས་གཉེར་ཆལ་ཆིལ་དུ་སྐྱོམ་ཞིང་སྤང་གཞོང་བརྒྱུད་རྗེས་སླར་ཡང་དྲང་ཤད་ལེར་གནས་མཐོན་པོ་ནས་ཆུ་རྫིང་ཟབ་མོ་གཞན་ཞིག་གི་ནང་དུ་ལྷུང་། 

བཀྲ་ཤིས་ཟླ་བས་ཅི་ཞིག་ལ་བསམ་བློ་གཏོང་གིན་པ་མི་ཤེས། 

“མ་གཞིར། རི་རྩེ་ནས་སྒོར་ཁང་མཐོང་ཐུབ་པ་རེད་ཨང” ཁོས་ཁེར་ལབ་རྒྱག་ཞོར“ཁོ་རང་ཉིན་རེར་རི་རྩེར་རྒྱུགས་ནས་ཡུད་ཙམ་ལ་ཙོག་ནས་འདུག་པར་ཁག་མི་འདུག”ཟེར། 

“སུ་ཞིག་རི་རྩེ་ན་འདུག” ཚེ་རིང་རྒྱལ་མོས་དྲིས། 

“ངའི་ཨ་ཕ་ཟླ་བཟང”

“ཁྱོད་ནི་ཟླ་བཟང་གི་བུ་ཡིན་ནམ”

“རེད་ཡ”

“འོ ……”

“ཨ་མ་ལགས། ཁྱོད ……”

“ཁོ་རྒས་སོང་། ང་ཡང་རྒས་འདུག” ཚེ་རིང་རྒྱལ་མོས་མིག་ཟུམ་ཙམ་མཛད་དེ“ཡིན་ན་ཡང་། ཆུ་འདི་སུས་ཀྱང་ལོ་ཟླ་ག་ཚོད་ལ་བཞུར་བ་མི་ཤེས། སྔོན་ཆད་ཀྱི་དུས་ཚོད་མཐའ་དག་ཆུ་འདིའི་རྗེས་འབྲངས་ཏེ་བཞུར་ཚར་སོང”ཟེར། 

“ཨ་མ་ལགས། ཁྱོད་ཀྱིས་ངས་ཅི་ཞིག་བསམ་བཞིན་པ་མི་ཤེས་ཏེ། ཆུ་འདི་ནི ……”

“ད་མ་བཤད། བྱིས་པ། མ་བཤད། ཆུ་འདིས་སྒོར་ཁང་དུ་སྔོན་ཆད་མི་བསྡད་མྱོང་བ་བདེན་དཔང་བྱས་འདུག ཁྱོད་ཀྱིས་མི་ཤེས། ཀྱི་ཧུད” ཚེ་རིང་རྒྱལ་མོས་མོ་ཚེ་གང་བོར་འདི་རུ་འཚོ་བ་རོལ་ནས་སྡོད་དགོས་པ་ཤེས་འདུག མོ་དངོས་གནས་འཆི་རག་བར་འདི་རུ་སྡོད་དགོས། རྒྱུ་མཚན་ནི་ལོ་ངོ་དེ་འདྲའི་མང་པོ་ཞིག་གི་རིང་ལ་མོས་སྒྲུབ་ཕུག་ལས་བཏོན་པའི་ཟངས་རྐྱན་དང་རྩམ་ཁུག་གཉིས་ནི་ནམ་ཡང་སྟོང་བ་སྟོང་རྐྱང་མ་ཡིན་ནམ། ལས་དབང་གི་ཐོད་པའི་ཁ་ཡིག་གིས་མོས་ཚེ་འདིར་ཅི་ནུས་ཀྱིས་མི་མངོན་པའི་གནས་ན་བཞུགས་པའི་རྣལ་འབྱོར་པར་མཆོད་གཡོག་བསྒྲུབ་དགོས་པ་ཐག་ཆོད་གནང་ཡོད། ལོ་ངོ་སུམ་ཅུའི་སྔོན་ཏེ། ནམ་མཁར་ལྟས་ཡ་མཚན་ཅན་གྱི་སྤྲིན་ནག་འཐིབས་པའི་མཚན་མོ་དེར། སྒྲུབ་ཕུག་ཏུ་བཞུགས་སུ་གསོལ་བའི་རྣལ་འབྱོར་པས་གསང་བའི་མཛད་པ་རྣམས་མཇུག་བསྡུས་རྗེས་གསུང་རྒྱུར། “ད་ནས་བཟུང་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བ་དང་དབེན་གནས་ཀྱི་སུན་སྣང་ལས་ཐར་བ་ཞིག་ཡོང་དགོས་ན། ཁྱོད་ཀྱིས་སེམས་རྩེ་གཅིག་ཏུ་དགེ་བ་བསྒྲུབ་དགོས་པ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཚེ་བཀྲ་ཤིས་ཤིང་དོན་འགྲུབ་པར་འགྱུར་རོ།།” སྐབས་དེར། སྒྲུབ་ཕུག་ལས་ལྕགས་རིགས་ཤིག་ས་ལ་ཟགས་པ་ལྟ་བུའི་སྒྲ་སྙན་ཞིང་ཡང་བ་ཙམ་མཆེད་ཡོང་། དེ་ནས་བཟུང་སྒྲུབ་ཕུག་ལས་སྒྲ་གང་ཡང་གྲག་རྒྱུ་མ་བྱུང་། 

ཉིན་ཞིག་ལ། རི་འདབས་ནས་རྔམ་ཞིང་བརྗིད་པའི་དམངས་དམག་རུ་ཁག་ཅིག་སྒོར་ཁང་དུ་ཡོང་། ཀུང་ཧྲེ་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་ཟླ་བས་ལག་ཏུ་དར་དམར་སྒྲེང་བཞིན་མདུན་དུ་འགྲོ་བཞིན་འདུག་ལ། ཁོའི་སེམས་ནང་གི་ལོ་དུ་མར་ཉར་བའི་སྤོབས་སེམས་མཐོན་པོ་དེ་ད་ལྟ་མངོན་འགྱུར་གྱི་སྐལ་བ་བྱུང་བ་སྟེ། ཁོས་ཀུང་ཧྲེའི་འབངས་རྣམས་ཀྱི་མགོ་ཁྲིད་དེ་སྒོར་ཁང་དུ་ཆུ་མཛོད་ཅིག་བསྐྲུན་རྩིས་ཡོད་པ་དང་། གངས་ཆུ་དེ་ཡར་ལངས་ཞིང་བྲན་གྱི་ལག་ནས་ད་གཟོད་དུས་རབས་ཀྱི་བདེ་སྐྱིད་སྐྲུན་བྱེད་དུ་སྤྱོད་ཅིང་མིའི་རིགས་ཀྱིས་རང་བྱུང་ཁམས་འདུལ་བའི་དན་རྟགས་སུ་སྤེལ་བར་གཞོལ། སྐད་ཅིག་ཉིད་ལ། ལོ་མང་པོར་སྒོར་ཁང་དུ་གནས་བཅས་པའི་འདབ་ཆགས་དང་རི་དྭགས་ཐམས་ཅད་རྒྱང་རིང་དུ་འཕུར་ཞིང་བྱེར་ཏེ་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་པར་གྱུར། ཉིན་བརྒྱ་ལྷག་གི་ཉིན་ཞག་རེ་རེར་ཐོ་བའི་ཁྲོག་སྒྲ་དང་ཤོག་སྦག་གི་འགད་སྒྲ། ད་དུང་ལྕགས་འཇའ་དང་ལྕགས་ཁེམ། དར་དམར་གྱི་བསྒྲགས་ཡིག དཔལ་འབར། མི་ཚོགས། ཟང་ཟིང་གི་འུར་སྒྲ། སྤྲོ་སེམས་རྒྱས་པའི་གླུ་སྐད། དེ་དང་དེ་ལ་སོགས་པས་སྒོར་ཁང་གི་ལོ་ངོ་བརྒྱ་སྟོང་གི་དབེན་འཇགས་མཐའ་དག་གཉིད་ལས་དཀྲོགས། ཚེ་རིང་རྒྱལ་མོ་ལ་ནད་ལྕི་མོ་ཞིག་བྱུང་ནས་ཉལ་སར་ལྷུང་བ་དང་། ཉིན་ཞག་གཉིས་ལ་རྨི་འདྲེ་སྣ་ཚོགས་ཀྱིས་མནར་གཅོད་ཚད་མེད་གཏོང་གི་འདུག འོན་ཀྱང་། བཟོ་སྐྲུན་གྱི་ལས་རིམ་གོམ་པ་གང་རེ་བཞིན་མཐོ་ཞིང་ཀེག་གེར་འགྲེང་བའི་བྲག་རྡོའི་འགྲམ་ལོགས་སུ་ཞུགས་ཏེ། ལྕགས་འཇས་བྲག་སྟེང་ལ་རྡེབ་པའི་ཆོམ་སྒྲ་དེ་ཐོས་པ་བྱུང་ན། མོའི་སེམས་པ་རང་བཞིན་གྱིས་བདེ་ལ་འབབ་ཀྱིན་འདུག ཡིན་ན་ཡང་། མི་རྣམས་ཀྱིས་ཤེས་མེད་ཚོར་མེད་དུ་བྲག་རྡོ་དང་གཡོལ་ནས་ཆུ་མཛོད་ཀྱི་ཞབས་དོང་དེ་བྲག་རྡོའི་མདུན་རོལ་དུ་བརྐོས་པ་དང་། ཚེ་རིང་རྒྱལ་མོས་ལོ་ངོ་བཅུ་ལྷག་གི་སྔོན་ལ་ལེགས་པར་བརྩིགས་པའི་རྡོ་ཕུང་དེ་ཡང་ཆུ་མཛོད་ཀྱི་ཞབས་རའི་ནང་དུ་བཀོལ་སྤྱོད་བྱས་སོང་། དེ་ལྟ་བུའི་ལས་ཡུལ་སྟེང་གི་རྡོ་འགྱོག་དོང་རྐོ་དང་།  རགས་བརྩིགས་ས་འདེད་ཀྱི་ལས་ཀའི་རྣམ་པ་ནི་ཚ་ཚ་འུར་འུར་དུ་སྣང་ལ། གསར་དུ་བཏོད་པའི་ཀྱག་ཀྱོག་གི་ཆུ་རྐ་ནི་སྦྲུལ་གདུག་པ་ཆེན་པོ་ཞིག་གིས་རི་རྐེད་ལ་དཀྲི་བརྒྱབ་པ་དང་ཀུན་ནས་མཚུངས། བྲག་ཕུག་ལ་སྔར་ལྟར་བར་ཆད་ཀྱིས་མ་རེག་པར་བདེ་ཞིང་འཇགས་ལ། ཆུ་རགས་ནི་ཉིན་རེ་བཞིན་གྱེན་དུ་བརྩེགས་ཤིང་ཆུ་ཕྲན་ཡང་མུ་ནས་མུར་བྲུག་བཞིན་གཙང་བོ་ཆུང་ཆུང་ཞིག་ཏུ་གྱུར་པ་དང་། གཙང་ཆུ་དེས་གནས་སྤོས་ཤུལ་དུ་ཡུན་རིང་འགྱངས་པའི་ཁང་བའི་གྱང་རྟིང་ཡོད་ཚད་བསྣུབས་པར་བྱས་ལ། ཚེ་རིང་རྒྱལ་མོའི་ཁང་བ་ནི་ཆུ་མཛོད་དང་གོམ་པ་བཅུ་ལྷག་གིས་གྱེས་པའི་སའི་གཉའ་ན་ཆགས་འདུག 

ཁོ་ཚོ་ཅི་བྱ་གཏོལ་མེད་ཀྱི་ལས་ཤིག་དང་ཕྲད་བྱུང་། ཆུ་མཛོད་ནང་དུ་ཉིན་མོ་ཆུ་བཀང་བར་བསྐྱིལ་ཏེ་ཆུ་སྒོ་དམ་པོར་བརྒྱབ་ན་ཡང་ཕྱི་ཉིན་ཆུ་ཐམས་ཅད་བྲི་ནས་གར་སོང་མི་ཤེས་པར་ཤུལ་དུ་རྙོག་མ་འཁྱིལ་བའི་ཆུ་གཤོང་འགའ་ལས་མི་འདུག ཆུ་དེ་རྐ་ལམ་དུ་མ་སོང་བ་དང་ཆུ་མཛོད་ཀྱི་ཞབས་སུ་ཐིམ་སྟེ་གྲོག་རོང་དུ་བཞུར་བ་མ་ཡིན་ན། འདི་ན་ཡ་མཚན་ཅན་གྱི་གསང་བ་ཞིག་གནས་པ་སྨོས་ཅི་འཚལ། བཀྲ་ཤིས་ཟླ་བས་རྐང་བའི་བོལ་ཙམ་ནུབ་པའི་ཆུ་ཆུང་ཆུང་དེ་ལ་ལྟ་བཞིན་ཡིད་ལ་རྣམ་རྟོག་གིས་ཁེངས་ཏེ་རེ་ཞིག་ཅི་ཞིག་བྱ་རྒྱུ་ཡང་མ་ཤེས། སུ་ཞིག་གིས་རི་འདབས་ཀྱི་སྡེ་བའི་ནང་གི་སྒྲིག་ལམ་དཀྲུག་པའི་མི་ངན་རེ་གཉིས་ཀྱི་འཆལ་གཏམ་ཡོངས་སུ་བརྟོལ་བྱུང་བ་སྟེ། དེ་ཚོས་སྦྲུལ་ལྷ་རི་བོ་ནི་ལྷ་རི་ཡིན་ལ་གངས་ཆུ་གཙང་པོར་འདྲེས་པ་ནི་མ་གཞི་ནས་ལྷ་ཡི་བཀོད་པ་ཡིན་ན། ཨུ་ཚུགས་ཀྱིས་དེའི་བཞུར་རྒྱུན་ཟློག་པ་ནི་སྡུག་ཐང་ནས་བླངས་ཏེ་ཐོད་ལ་ཁྱེར་བའི་དཔེ་ལས་མ་འདས། དེ་ལྟར་མིན་ན་ཆུ་ནི་ས་འོག་ཏུ་བྱེར་འགྲོ་བ་དང་སྣེ་གཅིག་གཙང་པོར་འདྲེས་ཏེ་སུས་ཀྱང་མཐོང་མི་ཐུབ་ཟེར། བཀྲ་ཤིས་ཟླ་བས་རུ་དམག་ཕྱིར་ལྡོག་སྟེ་ཀུང་ཧྲེའི་ནང་དུ་ཐོག་མར་གཞི་ཁྱོན་ཤིན་ཏུ་ཆེ་བའི་འཐབ་རྩོད་ཚོགས་འདུ་ཞིག་ཚོགས་པ་དང་། སྐབས་དེ་ཤེད་ཀྱི་ཞིང་བདག་འགོ་པ་དང་འཐུས་ཚབ་པ་རྣམས་ལ་འཐབ་རྩོད་དྲག་པོ་ཐོག་འཕེན་འཕེན་བྱས། ཁོ་ཚོས་སྡུག་བསྔལ་མ་བཟོད་པར་ཁ་ཆུ་དང་མིག་ཆུ་ལྷན་དུ་བཞུར་བར་མ་ཟད། སྐེད་པ་བསྒུར་བར་གྱུར་ཅིང་མཐའ་མར་འཆི་རག་བར་དུ་ཁོག་སྟོད་བསྲང་རྒྱུ་མ་བྱུང་། དེ་ནས་ཚང་མས་ཐབས་བཀོད་འཐེན་ཞིང་བསམ་ཚུལ་བཏོན་པ་དང་། ས་རྒོད་གཤིན་སར་བསྒྱུར་ནས“ཚོགས་ཆེན་དགུ་བར”བྱས་རྗེས་འདོན་པའི་དམ་བཅའ་ཕུལ། མི་ཞིག་གིས་ཇ་འཐུང་སྐབས་དཀར་ཡོལ་ཁྱེར་མ་ཡོང་བར་འགྱིག་ཤོག་སྲབ་བུ་ཕྱི་གསལ་ནང་གསལ་ཅན་ཞིག་ཏུ་ཇ་ཆུ་བླུགས་པས། ཅང་མ་འགོར་བར་འགྱིག་ཤོག་དེ་ཧྲལ་སྒྲ་དང་བཅས་བརྡོལ་ནས་རལ་བར་གྱུར་ཞིང་ནང་གི་ཇ་ཆུ་མི་གཞན་པའི་ལུས་སྟེང་ལ་འཕོས་སོང་། བཀྲ་ཤིས་ཟླ་བར་དེ་མ་ཉིད་དུ་བློ་སྐྱེད་བྱུང་ནས། འགྱིག་ཤོག་རལ་བ་ནི་ནང་གི་ཇ་ཆུ་ཚ་དྲགས་པའི་སྟབས་ཡིན་ལ། གངས་ཆུ་ནི་ནམ་ཡང་བསིལ་ཞིང་འཁྱག་པའི་རང་བཞིན་ཅན་མ་ཡིན་ནམ། སྙིང་སྟོབས་ཀྱིས་ཕྱུག་པའི་བསམ་ཚུལ་དེར་ཀུང་ཧྲེའི་ཀྲི་པུའུ་ཨུ་ལྷན་གྱི་གྲོས་སུ་བཏབ་སྟེ་མྱུར་དུ་ལག་བསྟར་བྱེད་རྩིས་བྱས། དེ་ནས། འདྲུད་འཐེན་འཁོར་ལོ་འགའ་རྫོང་ཐོག་ཏུ་སོང་ནས་འགྱིག་ཤོག་སྲབ་བུ་ཤོག་དྲིལ་བཅུ་ལྷག་དྲུད་ཡོང་བ་དང་ཚང་མས་དེ་དག་ཕྲག་ཏུ་ཁུར་ཏེ་སླར་ཡང་སྒོར་ཁང་དུ་བསྐྱོད། ལག་ཤེས་པ་རྣམས་ཀྱིས་དམར་པོར་ལོག་པའི་ལྕགས་ཆས་སྤྱད་ཅིང་འགྱིག་ཤོག་རྣམས་ཕན་ཚུན་མཐུད་ཅིང་སྦྱར་ནས་ཆུ་མཛོད་ཀྱི་ཞབས་ངོས་ཀྱི་ཐོག་འོག་དང་གཡས་གཡོན་ཐམས་ཅད་ལ་བསྡོམས་པས་ཚད་རིམ་བཅུ་གསུམ་ཙམ་བཏིངས་ནས་སྲུབས་ཀ་ཅི་ཡང་མི་ཐོན་པར་བྱས་ཤིང་མཐའ་འདབས་ལ་ཨར་འདམ་བྱུགས་ཏེ་རྡོ་བ་དང་འཐས་སུ་བཅུག་ཅིང་དབུགས་ཀྱང་འཚོགས་པའི་ཚད་དུ་བྱས། འཇིག་རྟེན་ན་འདི་ལས་ངོ་མཚར་ཆེ་བའི་ལག་རྗེས་ཤིག་ག་ལ་ཡོད་དེ། འདི་ནི་ཆེད་མཁས་པ་མེད་པ་དང་ཇུས་འགོད་པ་མེད་པ། དཔེ་རིས་མེད་པ། ལག་རྩལ་པའི་མཛུབ་སྟོན་མེད་པ། འཕྲུལ་ཆས་ཀྱི་སྒྲིག་ཆས་ཆ་རྐྱེན་བྲལ་བའི་གནས་ཚུལ་འོག་ཏུ་སྟོབས་ཀྱིས་སྙེམས་པའི་ཞིང་པ་མང་ཚོགས་ཀྱིས་བཞེངས་བསྐྲུན་མཛད་པ་ཉིད་རེད། དེ་ནས་བཟུང་། ཆུ་ཟགས་པའི་འགག་སྒོ་ལས་ཡོངས་སུ་བརྒལ་བར་གྱུར་ཏེ། ཆུ་ཕྲན་ནི་མི་རྣམས་ཀྱིས་བརྐོས་པའི་རྐ་འོབས་བརྒྱུད་ཅིང་དཀྱོགས་ལམ་བཞི་བཅུ་ཞེ་དགུ་བརྒལ་ཏེ་མཐའ་མར་མཚོ་འཕགས་སྨི་བཞི་སྟོང་བརྒྱད་བརྒྱ་ཙམ་གྱི་སྦྲུལ་ལྷ་རི་བོའི་ཀླུང་ཐང་དུ་བཞུར་བ་རེད། མི་རྣམས་ཀྱིས་དེ་གར་སྔར་ནས་ས་རྒོད་མུའུ་སུམ་སྟོང་བསློགས་ཡོད་ཅིང་། དེའི་སྟེང་དུ་འཇམ་ཞིང་ནེམ་པའི་ས་གཤིས་གཤིན་པོའི་ལུད་རྫས་རིམ་པ་མཐུག་པོ་གཅོལ་འདུག་ལ། དེ་ནི་མི་རྣམས་ཀྱིས་སྙུང་དབྱིབས་ཅན་གྱི་སླེ་བོ་སྤྱད་དེ་རི་འདབས་ཀྱི་ཞིང་ས་གཤིན་པོའི་ཐོག་ནས་ཁུར་ཡོང་བ་ཡིན། མི་རེས་ཉིན་རེར་ཆ་སྙོམས་ཀྱིས་ཐེངས་གསུམ་རེ་བསྐྱལ་ཐུབ་ཅིང་། སླེ་བོ་རེའི་ནང་དུ་གཤིན་ས་ཁེམ་དོ་རེ་བཅུས་ན་ད་གཟོད་ཡོངས་སུ་དགང་ཐུབ་པ་ཡིན། དེ་ལྟར་གྲོག་མས་ཁ་ཟས་སྤོ་བའི་འཐབ་ཇུས་ལྟར། རི་འདབས་ཀྱི་གཤིན་ས་བརྒྱ་ཆའི་དགུ་བཅུའི་རིམ་པ་ཙམ་རི་བོའི་སྟེང་ལ་བསྐྱལ་སོང་བ་རེད། ཕྱི་ལོའི་སྟོན་སྡུད་ཀྱི་དུས་སུ་འཛམ་གླིང་གི་ཆེས་མཐོ་བའི་རི་ཞིང་སྟེང་དུ་མུའུ་རེ་ནས་གྲོ་རྒྱ་མ་དྲུག་བརྒྱ་ཐོན་པའི་ངོ་མཚར་གྱི་མཛད་རྗེས་གསར་སྐྲུན་གནང་། དེ་ནས་བཟུང་། འབྲོམ་སྟོད་ཀུང་ཧྲེ་ནི་སྐལ་བཟང་མེ་ཏོག་གི་དྲི་ཞིམ་ཕྱོགས་བཞིར་འཐུལ་བ་བཞིན་ཡུལ་གྲུ་ཀུན་ཏུ་སྙན་གྲགས་རྒྱས་པར་གྱུར། གྲོང་ཁྱེར་གྱི་ལས་བྱེད་པ་དང་གསར་འགོད་པ་དག་ནི་མེ་ཏོག་གི་དྲི་ཞིམ་ལ་ཆགས་པའི་བུང་བ་ཇི་བཞིན་འཚང་ག་ཤིག་ཤིག་གིས་གཟིགས་མོར་ཕེབས་ཏེ་འབྲོམ་སྟོད་ཀྱི་སྙན་གྲགས་ཚགས་པར་དུ་བསྒྲོན་པ་དང་འབྲོམ་སྟོད་ཀྱི་མི་རྣམས་བརྙན་འཕྲིན་དུ་བསྐྱོན་པའི་ལས་ལ་བྲེལ་བ་དང་། སྒོར་ཁང་གི་ཆུ་མཛོད་ནི་ངང་ངམ་ཤུགས་ཀྱིས་གཟིགས་མོའི་ལས་གཞི་ཡོད་ཚད་ལས་རྣམ་གྲངས་ཆེས་གཙོ་བོར་གྱུར། དེ་བས་ལྟད་མོར་ཕེབས་པའི་མི་རྣམས་ཀྱིས་ཀུང་ཧྲེའི་འགྲེལ་བརྗོད་པའི་སྣེ་སྟོན་འོག མགོ་ལ་རྩྭ་ཞྭ་གྱོན་ཞིང་རྒྱབ་ཏུ་ཆུ་དེམ་དང་ཅུང་པེང་བཅུག་པའི་ཁུར་ཁུག་བསྣམས་པ་དང་། ཟིན་བྲིས་དེབ་རུམ་དུ་བཟུང་སྟེ་སྤྱི་བོས་ཚ་གདུགས་ཀྱི་ཉི་འོད་བཏེགས་ཏེ་ཆུ་ཚོད་གཉིས་ཙམ་གྱི་རིང་ལ་ངལ་དུབ་ཀྱིས་མུའུ་སྟོང་ཚོ་གསུམ་ཡོད་པའི་ས་ཞིང་གི་ཐང་ཆེན་ལ་གཟིགས་མོ་གནང་རྗེས། སླར་ཡང་རྐ་འོབས་རིང་མོའི་འགྲམ་ངོགས་བརྒྱུད་དེ་དུས་ཚོད་གཉིས་ལ་སོང་རྗེས་ད་གཟོད་ཆུ་མཛོད་དུ་སླེབས། ཀུང་ཧྲེའི་འགྲེལ་བརྗོད་པ་ན་གཞོན་དེས་རགས་སྟེང་དུ་འགྲེང་ནས་དཔེ་ཆ་བློར་སྐྱོར་བ་བཞིན་ཁ་བྱང་ངག་བྱང་དུ་སོང་བའི་འགྲེལ་བརྗོད་ཀྱི་ཚིག་དེ་དག་ཡི་གེ་ན་གཅིག་ཀྱང་མ་ལུས་པར་བསྐྱར་ཟློས་ཡང་ཟློས་ཀྱིས་བཏོན་པ་དང་། དུས་ཚོད་སྐར་མ་ཉེར་བདུན་ཏག་ཏག་གི་རིང་ལ་ཡོངས་སུ་རྫོགས་པར་མཛད། གཟིགས་མོ་པ་དག་གིས་གཅིག་རྗེས་གཉིས་མཐུད་ཀྱིས་ཟིན་བྲིས་དེབ་ཁ་ཕྱེས་ཏེ་ཕལ་ཆེར་ཡིག་འབྲུ་གཅིག་ཀྱང་མ་ལུས་པར་བྱས་རྗེས་བླ་མེད་དེ་དག་ཟིན་ཐོར་བཀོད་ཅིང་ངག་ལས་བསྟོད་པའི་བསྔགས་བརྗོད་བར་མེད་དུ་ཕྱུང་། དེ་ནས་ཚང་མ་རྡོ་སྐས་ཀྱི་འགྲམ་དུ་ཙོག་ནས་ཡུད་ཙམ་ལ་ངལ་གསོ་ཞོར་དུ་བདུད་རྩི་ཇི་བཞིན་དྭངས་ཤིང་མངར་བའི་ཆུ་དེ་ཧུབ་འགའ་བཏུངས་ཤིང་རྒྱགས་བྲོ་ཟོས། དེའི་མུར་སེན་འབྲེག་གྲི་ཆུང་དང་ཁེ་གྲི་ཆུང་བ་ལྟ་བུའི་རྣོ་ཆས་རིགས་བཏོན་ནས་ཆུ་མཛོད་ཀྱི་བྲག་རྡོའི་སྟེང་དུ་ཡི་གེ་བརྐོས་ཏེ་དྲན་རྟེན་བསྐྱུར། ལ་ལས་པར་ཆས་སྤྱད་དེ་པར་སྐྱོན་བཞིན་འདུག་ཅིང་། འགྲོ་ཁར་ད་དུང་ཆུ་དེམ་ནང་དུ་ཆུ་གང་བཅུས་ཤིང་རིན་ཐང་བྲལ་བའི་ལེགས་སྐྱེས་ཀྱི་ཚུལ་དུ་ཁྱིམ་དུ་ཁྱེར། མི་ཞིག་གིས་དྲི་ཟ་ལྟ་བུའི་རྒན་མོ་ཞིག་ཁ་མི་གྲགས་པར་ཧོན་ཐོར་བ་ལྟར་རྡོ་ཁང་གོག་པོ་དེའི་སྒོ་མདུན་དུ་ཧད་ནས་ཙོག་འདུག་པ་མཐོང་ནས་བཟོད་བསྲན་མ་ཚུགས་པར་ཡ་མཚར་གྱི་ངང་ནས་འགྲེལ་བརྗོད་པར་གནས་ཚུལ་དྲིས། འདི་རྒན་མོ་སྨྱོན་མ་ཞིག་རེད། མོས་དེ་ལྟར་ལན་འདེབས་བཞིན་མོ་ནི་རླབས་ཆེན་དུས་རབས་ཀྱི་བཞུར་རྒྱུན་ཁྲོད་དུ་དོར་བའི་སྙིགས་རོ་རེད་ཟེར། པེ་ཅིང་གི་སློབ་གྲྭ་ཆེན་མོ་པ་གཉིས་ཨ་ཡེ་རྒན་མོའི་ལུས་ཀྱི་ཡ་མཚན་ཆེ་ཞིང་རལ་ཧྲུལ་དུ་གྱུར་བའི་གོན་པ་རྫོབ་པོ་དེས་མིག་དྲངས་སོང་། དེ་གཉིས་ཀྱིས་སྙིང་སྟོབས་བསྐྱེད་དེ་ཡུད་ཙམ་བལྟས་པར། ཨ་ཡེ་རྒན་མོའི་དཔུང་བ་གཡོན་མའི་ངོས་སུ་ཁྲབ་དབྱིབས་ལྟ་བུའི་ལྗང་མདོག་གི་རྟགས་མ་ཞིག་བཏགས་པ་མཐོང་ལ། མ་གཞིར་དེ་ནི་ཕྱི་གླིང་བའི་དམག་ལྭ་ཞིག་རེད་འདུག དམག་དོན་ལ་དགའ་བའི་མི་འདི་གཉིས་ཀྱིས་དེ་མ་ཉིད་དུ་རྒྱལ་ཁབ་གང་གི་དམག་ལྭ་ཡིན་པར་རྩོད་པ་མཚམས་མེད་ཅིག་བརྒྱབ་བྱུང་། ངས་བལྟས་ན་རྒྱ་གར་གྱི་དམག་ལྭ་རེད། ཁྱོད་ཀྱིས་རྒྱ་གར་གྱི་དམག་ལྭའི་དཔྱད་ཡིག་རྒྱུ་ཆའི་ངོས་ན་འདི་འདྲ་ཡོད་པ་མཐོང་མྱོང་ངམ། ཨ་རིའི་ཐན་ཁེ་དམག་གི་ལྭ་བ་རེད། ཆོག་གི ཨ་རིའི་དམག་ནམ་ཞིག་ལ་བོད་ལྗོངས་སུ་འཛུལ་མྱོང་། དེས་ན། དབྱིན་དམག་གི་དམག་ལྭ་ཡིན་ན་ཐང་། དེ་ལྟར་བཤད་ན་བདེན་ཤས་ཆེ། དམག་གང་ཞིག་གི་རིགས་ཡིན་ནམ། མ་མཐའ་ཡང་འཁྲུག་ཆེན་གཉིས་པའི་བར་འདི་འདྲའི་རྣམ་པ་མཐོང་རྒྱུ་མེད། ཁྱོད་ཀྱིས་བསམ་བློ་ཐོངས་དང་། དབྱིན་དམག་བོད་ལྗོངས་སུ་འཛུལ་བའི་དུས་ནི་ནམ་ཞིག་རེད། མི་ཤེས། འོ་ན་ང་ལ་བཤད་དུ་ཆུགས། ངས་ཀྱང་མི་ཤེས། ཡིན་ན་ཡང་དཔུང་རྟགས་སྟེང་གིAཡིག་འོག་གི5དེས་དོན་ཅི་ཞིག་སྟོན་པ་ཡིན་ནམ། ཨ་ཁ། འདི་ཙམ་ཡང་མི་ཤེས་སམ། Aདམག་ཐོན་གྱི་ཧྲི་ལྔ་པ་རེད་ཡ། Aདམག་ཐོན་ནི་དམག་དཔོན་སུ་ཡིས་མགོ་ཁྲིད་པ་རེད། ཁྱོད་ཀྱིས་ཤེས་འདོད་དམ། དོན་ངོ་མར་ངས་ཀྱང་མི་ཤེས། འོ་ན་གོན་པ་དེ་ཨ་ཡེ་རྒན་མོའི་ལུས་ལ་ཇི་ལྟར་བསྐོན་པ་ཡིན་ནམ། སློབ་གྲྭ་ཆེན་མོ་པ་གཉིས་ཀྱིས་འདང་ཇི་ལྟར་བརྒྱབ་ཀྱང་མ་དཔགས་པར་མཇུག་མཐར་མ་བགྲོས་རང་མཐུན་གྱིས་སྡོམ་ཚིག་ཅིག་བཀོད་པ་ནི། ཨ་ཡེ་རྒན་མོ་འདི་གཞོན་དུས་སུAདམག་ཐོན་གྱི་ཧྲི་ལྔ་བའི་དབྱིན་ཇི་གདོང་དཀར་པ་ཞིག་གི་མཛའ་ན་མོ་བྱས་མྱོང་བ་དེ་རེད། ཁོ་ཚོ་ཡིད་ཚིམ་པའི་ངང་བུད་སོང་། གོན་པ་དེ་བཙོག་པ་ལ། དངོས་གནས་སྐྱུག་མེར་ལངས་པ་ཞིག་རེད། དེ་ལྟར་མིན་ན་ཁྱེར་ཡོང་ནས་ཉར་ཚགས་བྱས་ཆོག ལམ་བར་དུ་མི་དེ་གཉིས་ཀྱིས་དེ་ལྟར་ལྡབ་ལྡིབ་ཏུ་ལབ་གླེང་བྱེད། སྒོར་ཁང་གི་རྣམ་པ་སྔར་གྱི་ཁུ་སིམ་ཁྲོད་དུ་ཞུགས་རྗེས། ཚེ་རིང་རྒྱལ་མོ་འཁར་བར་བརྟེན་ནས་གཟིགས་མོ་པ་སྟོང་ཕྲག་གིས་བྱུར་བུར་བརྐོས་པའི་དྲན་རྟེན་གྱི་ཕྱག་བྲིས་བཀོད་པའི་བྲག་ལྡེབས་ཀྱི་མདུན་དུ་སོང་། རྩྭ་ཉོག་གི་ཕོན་པོའི་འོག་ཏུ་སྦས་པའི་སྒྲུབ་ཕུག་ནག་པོ་དེ་ད་དུང་མི་རྣམས་ཀྱི་མིག་ལམ་དུ་སྣང་མ་བྱུང་། ལྟད་མོ་པ་དག་ཡོང་ཐེངས་རེར། མོ་རང་ཁ་རོག་གེར་སྒོ་ཐེམ་སྟེང་ཙོག་ཅིང་སྙིང་ཆུང་མིད་པར་འཚང་བཞིན་ཁོ་ཚོའི་བྱ་བྱེད་ལ་ཧྲིག་གེར་བལྟས་ནས་བསྡད། ཉིན་ཞིག་ལ། ཧོལ་རྒྱུག་བྱེད་པའི་བྱིས་པ་ཞིག་གིས་སྒྲུབ་ཕུག་དེ་མཐོང་སོང་། ཁོས་ཕལ་ཆེར་དེ་ནི་ཕུག་ཚང་ལྟ་བུ་ཞིག་རེད་སྙམ་སྟེ་ཡ་མཚན་སྐྱེ་བཞིན་ལག་པ་ནང་དུ་བསྲིངས་ནས་བྱིའུ་སྒོང་ཞིག་རེག་པར་འདོད་མོད། འོན་ཀྱང་། མཛུབ་རྩེ་ནང་དུ་བསྲིངས་པ་ཙམ་ནས་གློག་དང་ཕྲད་པ་བཞིན་དེ་མ་ཉིད་དུ་ཕྱིར་བསྐུམས་འོངས། ཁོས་བློ་མི་བདེ་བའི་ངང་ཕྱོགས་བཞིར་བལྟས་ཙམ་དང་ལག་པ་གཡུག་གཡུག་གིས་ཅི་བྱེད་འདི་བྱེད་མེད་པར་བུད་སོང་། ཚེ་རིང་རྒྱལ་མོས་རྣ་བ་བྲག་ཕུག་གི་འགྲམ་དུ་གླན་ཏེ་ཉན་པ་ན་ནང་དུ་སྒྲ་ཅི་ཡང་གྲག་རྒྱུ་མི་འདུག ཡིན་ན་ཡང་། མོས་རྣལ་འབྱོར་པ་འདི་གར་མཚམས་བཅད་དེ་བཞུགས་ཡོད་མེད་ལ་དོགས་པ་ཅུང་ཙམ་ཡང་མ་སྐྱེས་པར་སླར་ཡང་རང་གིས་རྟོགས་ཐབས་བྲལ་བའི་ཡི་གེ་དེ་དག་ལ་ལག་པས་རེག་རེག་མཛད། ཡི་གེ་དེ་དག་གི་ནང་དོན་ནི། “གཞིས་ཀ་རྩེ་ཁུལ་ཨུའི་ཞིང་ཕྱུགས་ཁའོ་ཡི་ཁྱུང་ཟླ་ནས་བརྐོས”ཞེས་དང་། “རང་སྐྱོང་ཁུལ་གཞུང་སྒྲུབ་ཐིན་གྱི་ཧོང་ཞའོ་དབྱིན་གྱིས1970ལོའི་ཟླ10པའི་ཚེས8ལ་བརྐོས” “དཔའ་བོའི་འབྲོམ་སྟོད་མི་དམངས་ལ་སློབ་སྦྱོང་བྱད་དགོས” “པེ་ཅིང་ཝོ་ཝེ་ཧོང་འདི་གར་འགྲིམས་པ” “སི་ཁྲོན་ཧན་ཅིན་ལི……” “ལྷ་ས……”ཞེས་པ་ལ་སོགས་སོ།། ཡི་གེ་དེ་དག་ཚེ་རིང་རྒྱལ་མོའི་མིག་ལམ་དུ་གསང་སྔགས་ཀྱི་ཕྲེང་བ་རེ་རེ་དང་འདྲ་ལ། མོས་ཟངས་སྐྱོགས་ཡུ་རིང་ཞིག་ཁྱེར་ཡོང་ནས་ཆུ་མཛོད་ནང་གི་ཆུ་གཙང་མ་བཅུས་ཏེ་བྲག་ལྡེབས་ངོས་སུ་སྐྱོགས་གང་རེ་གང་རེ་གཏོར། མོས་བསམ་པར་དེ་ལྟར་བྱས་ན་ལྡེབས་ངོས་ཀྱི་བཀྲ་མི་ཤིས་པའི་དྲི་མ་རྣམས་ཡེ་ནས་འདག་ཐུབ་པར་འདོད།(མུ་འགོད)

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།