ཀྲུང་གོ་བོད་ཀྱི་དྲ་བ།

གྲིབ་གཟུགས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : མགོན་པོ་སྐྱབས།   སྤེལ་དུས། : 2021-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྐབས་དེར། རྟ་ལོ་ལོ་ཉེར་གཅིག་ལ་བུད་ཚོད་ཙམ་ཡིན། ཁོ་བོས་དང་ལེན་བྱས་མ་མྱོང་བའི་མཚང་མིང་དེའང་གྲིབ་གཟུགས་ཆེན་པོ་ཞིག་དང་འདྲ་བར། རྟ་ལོའི་ནང་སེམས་ནག་ཡོ་རེར་བཀབ་སྟེ་ལོ་ངོ་མང་པོ་ཞིག་འགོར་སོང་།

ལོ་དེའི་དགུན་སྨད་དུ། རྟ་ལོའི་སྔོན་ཆད་ཀྱི་སློབ་གྲོགས་མང་པོ་ཞིག་གིས་གཅིག་འཕྲོར་གཅིག་གིས་ཡང་བསྐྱར་སློབ་གྲོགས་རྟ་ལོ་ཡི་ངོ་གདོང་མཐོང་སོང་། དེ་ནི་སློབ་གྲྭའི་སློབ་ཁང་དང་མལ་ཁང་གང་ཡང་མིན་པར། ཁ་པར་གྱི་འཆར་ཤེལ་ངོས་ཀྱི་ཐད་གཏོང་ཡུལ་དངོས་རེད། དེ་དུས་རྟ་ལོའི་དམའ་འབྲིང་གི་སློབ་གྲོགས་དེ་དག་ཧ་ལམ་སློབ་ཆེན་དུ་ཞུགས་ཡོད་ཚོད་ཡིན། ལོ་ངོ་འདི་དག་གི་ནང་དུ་བརྡ་འཕྲིན་ལག་ཆ་ཆེས་ཆེར་དར་བ་དང་། བོད་ཀྱི་ན་གཞོན་ཕོ་མོ་མང་པོ་ཡང་འཚང་ཁ་ཤིག་ཤིག་གིས་ཐད་གཏོང་བྱེད་པར་བྲེལ་གྱིན་ཡོད། གནས་ཚུལ་དེ། རྟ་ལོ་རང་དང་ཁོའི་སློབ་གྲོགས་ཚོས་ཀྱང་མང་པོ་མཐོང་ཡོད་པ་རེད། འོན་ཀྱང་། གློ་རྡེག་ཏུ་སློབ་གྲོགས་རྟ་ལོས་ཐད་གཏོང་བྱས་སོང་བ་དེས། རྟ་ལོའི་སློབ་གྲོགས་དེ་དག་ལ་སྐད་འཕྲིན་གྱི་གླེང་ཚོམས་གསར་པ་ཞིག་གཟུག་པར་དྲན་སྐུལ་བྱས་པ་དང་། སྔུན་བརྩད་དེ་གླེང་ཚོམས་སུ་སྐད་ཆ་ལབ་ཡོང་མཁན་ནི། ཐེངས་དང་པོར་རྟ་ལོ“ར་ལོའི་རྣམ་ཤེས་རེད”ཅེས་འུར་མཁན་གྱི་སློབ་གྲོགས་ཉི་འབུམ་རེད། ཉིན་འདི་དག་གི་རིང་ལ་སྐད་འཕྲིན་གྱི་ཚོམས་དེ། དུས་ཚོད་ཀྱིས་མི་འདང་བར་སྐྲག་པ་བཞིན་སྐད་ཆ་རིང་ཐུང་མང་པོ་བར་མ་ཆད་པར་དིར་དིར་དུ་གྲག་ཡོང་། ཡིན་ནའང་། བར་མ་ཆད་པར་བརྡ་བརྒྱབ་ཡོང་བའི་སྐད་ཆ་དེ་དག་ལ་ནང་དོན་དང་རྩོད་གླེང་གི་ཆ་གསུམ་བཞི་ཙམ་ལས་མི་འདུག སློབ་གྲོགས་རེ་འགས “ཨ་རོག་ཚོ། ར་ལོས་ཐད་གཏོང་བྱེད་ཀྱིན་འདུག དགོད་བྲོ་བ་ལ། འཆར་ཤེལ་གྱི་གཤམ་དུ་ཀུ་རེ་དང་རྩེད་མཚར་སློངས་དང་སེམས་ངལ་སངས་ངེས་ཡིན”ཞེས་ཁོས་འཛུམ་དང་བཅས་ལབ་ཀྱིན་ཡོད་པ་དང་། ཡང་སློབ་གྲོགས་རེ་འགས“རྟ་ལོ་སྣབས་ཁར་ལྟ་རྒྱུ་ཅི་ཞིག་ཡོད། ཁོ་མཐོང་དུས་ངས་ར་ལོའི་སྣང་བརྙན་ལས་ཅི་ཡང་དྲན་རྒྱུ་མི་འདུག ད་རང་རང་ས་ནས་སློབ་སྦྱོང་ལ་འབད་པ་བྱོས་དང་གྲུབ་འབྲས་ཡོད་པ་དེ་ཡིན”ཞེས་སྒམ་ཚུགས་ཀྱིས་བཤད་པར་བྱེད། སློབ་གྲོགས་ཉུང་ཤས་ཤིག་གིས“ད་ང་ཚོ་ཡང་བྱིས་པ་མིན། གཞན་ལ་མཐོང་ཆུང་དང་དམའ་འབེབས་བྱེད་པའི་བསམ་བློ་ཡོད་མི་འོས། རྟ་ལོས་ཅི་བྱེད་ཀྱིས་ང་ཚོ་ལ་བར་ཆད་ཅི་ཡང་མི་བྱེད”ཅེས་བསམ་ཤེས་ཀྱི་སྐད་ཆ་བཤད་ནས་ཡོང་། གང་ལྟར། རྟ་ལོའི་དམའ་འབྲིང་གི་སློབ་གྲོགས་ཚོས་ཁོས་ཐད་གཏོང་བྱས་པའི་གནས་ཚུལ་ལ་དགག་རྒྱག་དང་མཐོང་ཆུང་གི་སྐད་ཆ་འདྲ་མིན་སྣ་ཚོགས་ལབ་ཡོང་ན་ཡང་། རྟ་ལོས་ཐད་གཏོང་བྱེད་དུས། ཁ་པར་གྱི་འཆར་ཤེལ་ངོས་ནས་ཁོས་ཅི་བཤད་དང་ཅི་ལས་ལ་ལྟ་རྒྱུ་དེ་ཚོད་འཛིན་བྱེད་མི་ཐུབ་པའི་ལས་ཀ་ཞིག་ཏུ་གྱུར་ཡོད། ཡང་གཅིག་བཤད་ན། དེ་ནི་ཐད་གཏོང་ནང་གི་རྟ་ལོར་འགུག་ཤུགས་ཁྱད་མཚར་ཞིག་ཡོད་པའི་མཚོན་རྟགས་ཀྱང་ཡིན་སྲིད། བརྙན་མིག་གི་མདུན་དུ་ཙོག་པའི་རྟ་ལོར་རྣམ་རིག་ཐུན་མོང་མ་ཡིན་པ་ཞིག་ཡོད། དེ་ནི་ཁོ་རང་སློབ་གྲྭ་འགྲིམས་དུས་སློབ་ཁང་གི་རྐུབ་སྟེགས་སུ་ཙོག་པ་དང་གཏན་ནས་མི་འདྲ། བརྙན་ཤེལ་དུ་གསལ་བའི་རྟ་ལོ་ནི་སྔོན་ཆད་དང་མི་འདྲ་བར་གཙང་ཞིང་མིག་ལ་རན་པ་ཞིག་རེད། བལྟས་ཀྱིན་བལྟས་ཀྱིན་དུ་རྟ་ལོ་དང་ར་ལོ་གཉིས་ལ་འདྲ་བའི་ཆ་ཅི་ཡང་མེད་པའི་ཚོར་བ་ཞིག་སྐྱེས་ཡོང་། སྔོན་ཆད་དང་འདྲ་ས་གཅིག་ཡོད་པ་ནི། ཁོའི་སྐད་ཆ་རེ་དང་མནའ་ཆེན་རེ་ཐོ་གཏུགས་ནས་བཤད་པའི་སྤྱོད་པ་དང་རྣམ་འགྱུར་དེ་རེད། གང་ལྟར། ཁོའི་གདངས་མཐོ་བའི་མནའ་ཆེན་དང་དགོད་ཁ་སློང་བའི་རྩེད་མཚར། རྣམ་འགྱུར་ཐུན་མོང་མིན་པའི་དཀྲོལ་ལེན། འུད་བསྟོད་ཛ་དྲག་བྱེད་པའི་ཚོང་རྫས་སོགས་ཀྱིས་ལྟད་མོ་པ་ཁ་གྲངས་མེད་པ་ཞིག་རྟ་ལོའི་ཐད་གཏོང་ནང་དུ་འཚང་ཡོང་བར་བྱས། ལོ་དེའི་དཔྱིད་ཀ་ནས་བཟུང་། རྟ་ལོས་དྲ་ལམ་བརྒྱུད་ནས་ཡོང་སྒོ་མང་པོ་ཞིག་རག་པའི་མགོ་བརྩམས་པ་རེད།

“ར་ལོ་སྣབས་ཁ།”

འདི་ནི་རྟ་ལོས་རང་གི་མགྱོགས་འཕྲིན་ལ་བཏགས་པའི་མཚན་བྱང་ཡིན་ལ། རྟ་ལོའི་ནང་སེམས་ནས་མཚང་མིང་དེ་དང་ལེན་བྱས་པའི་མཚོན་རྟགས་ཀྱང་ཡིན་སྲིད། སྔོན་ཆད་ཁོའི་སློབ་གྲོགས་ཚོས་ཁོ་ལ་ར་ལོ་ཞེས་བཏགས་པ་ལས། ཁོ་རང་ཉིད་ཀྱིས་མཚང་མིང་དེ་ལ་བདེན་ཁ་སྟེར་མ་མྱོང་། ལྷག་པར་དུ་གྲིབ་གཟུགས་ཆེན་པོ་ཞིག་དང་འདྲ་བར་ནང་སེམས་ནག་ཡོ་རེར་བཀབ་ཡོང་བའི་མཚང་མིང་དེས། མ་འོངས་པར་རང་གི་འཚོ་བར་འགྱུར་ལྡོག་ངེས་ཅན་ཞིག་བཏང་འགྲོ་བར་དེ་ལས་ཀྱང་ཡིད་ཆེས་བྱས་མ་མྱོང་། འོན་ཀྱང་ད་སྐབས་ར་ལོ་ཞེས་པའི་མཚང་མིང་དེར་རྟ་ལོ་སེམས་གཏིང་ནས་ཧ་ཅང་དགའ་བོ་ཡོད། ཁོའི་ཐད་གཏོང་ནང་དུ་མི་མང་པོ་འཚང་ཡོང་བ་དང་། ཡོང་སྒོ་མི་དམན་པ་ཞིག་རག་གིན་པ་ནི་རྟ་ལོའི་ཁ་ལྕེ་དང་རྩེད་མཚར་གྱི་ནུས་པ་ལས་གཞན། མཚང་མིང་འདི་ལ་ཡང་འབྲེལ་བ་ངེས་ཅན་ཞིག་ཡོད་སྲིད་ངེས། རྟ་ལོ་རང་གིས་ཀྱང་ཧ་ལམ་དེ་ལྟར་སེམས་ཀྱིན་ཡོད། ཁ་པར་གྱི་བརྙན་མིག་མདུན་དུ་རྟ་ལོས་དུས་རྒྱུན“ང་ར་ལོར་མཚོན་ན”ཞེས་རང་གི་སྔོན་ཆད་ཀྱི་ལོ་རྒྱུས་གླེང་བར་བྱེད། མི་མང་པོ་ཞིག་རྟ་ལོའི་ལོ་རྒྱུས་ལ་ཉན་རྒྱུར་ཞེ་དྲག་དགའ་བོ་ཡོད། ངོ་མ་བཤད་ན། རྟ་ལོ་སློབ་གྲྭར་འགྲིམས་དུས་ཀྱི་ལོ་རྒྱུས་ལ་ཉན་རྒྱུ་ངེས་ཅན་ཞིག་ཡོད། ད་སྐབས་རྟ་ལོས་རང་གིས་རང་ལ་ར་ལོ་ཞེས་འབོད་ཀྱིན་ཡོད་པ་ལས། ཁོའི་དམའ་འབྲིང་སློབ་གྲོགས་ཚོ་སྔོན་ཆད་དང་འདྲ་བར། ཁོའི་གདོང་ལ་ཅེར་ནས་ར་ལོ་ཞེས་འབོད་པའི་སྤོབས་པ་ཡེ་ནས་མེད། ད་ནི་ར་ལོ་ཞེས་པའི་མཚང་མིང་དེ་རྟ་ལོའི་སློབ་གྲོགས་དག་གི་ནང་སེམས་ནས་གྲིབ་གཟུགས་ཆེན་པོ་ཞིག་ཏུ་གྱུར་འདུག གང་ལྟར། ད་ལྟ་རྟ་ལོའི་ནང་སེམས་ནས་ར་ལོ་ཞེས་པའི་མཚང་མིང་དེར་གྲིབ་གཟུགས་ཅི་ཡང་མེད། རིམ་བཞིན། རྟ་ལོས་ཐད་གཏོང་ནང་དུ་རྒྱ་སྐད་རགས་རིམ་ཙམ་ཞིག་ཀྱང་བཤད་ཐུབ་ལ། ལག་རོགས་རེ་འགའ་ཁྲིད་དེ་གྲོང་ཁྱེར་རེ་ཟུང་ནས་ཚོང་ལས་ཙག་ཙིག་རེ་གཉེར་བའི་ལས་ཀ་དེ་ཡང་རྟ་ལོའི་དགའ་ཕྱོགས་ཤིག་ཏུ་འགྱུར་བཞིན་ཡོད། ད་ནི་རྟ་ལོས་འབྲོག་ལས་ཀྱི་བྱ་བ་གཞི་ནས་བསྐྱུར་ཏེ། ནུས་ཤུགས་གང་ཡོད་ཀྱིས་ཐད་གཏོང་གི་ལམ་ནས་ཡོང་སྒོ་འཚོལ་བར་འབད་ཀྱིན་ཡོད།

རྟ་ལོའི་ཐད་གཏོང་མགོ་བརྩམས་པ་ནས་བཟུང་སྟེ། རྟ་ལོའི་ཐད་གཏོང་གི་མགོ་མཇུག་བར་གསུམ་གྱི་དུས་ཚོད་གང་ལ་ཡང་། འཆར་ཤེལ་གྱི་གཤམ་དུ་ཡིན་མིན་གྱི་ཡིག་འབྲུ་མང་པོ་ཆུ་བཞུར་བཞུར་བྱེད་ཀྱིན་ཡོད། བརྙན་ཤེལ་བཀབ་ཡོང་བའི་ཡིག་འབྲུ་དེ་དག་གི་བརྗོད་བྱ་ནི། ཁོའི་སློབ་གྲོགས་ཚོས་ལབ་པའི་རྩོད་གླེང་ཐན་ཐུན་དང་མི་འདྲ་བར་འཁྲུགས་ཤིང་ཉོག་ནས་ཡོད། “ཧ་ཧ། འདི་མི་ཀློའུ་ཟིག་རེད། ར་ལོའི་བཙོག་རེད། ཚོང་རྫས་ཀྱང་རྫུན་མ་རེད།” ལྟ་བུ་དང་། “རྒྱབ་སྐྱོར་ཡོད། གསར་བུ་ཁ་བདེ་ནུས་པ་ཅན་ཞིག་རེད། ཚོང་རྫས་ལག་ཏུ་འབྱོར་སོང་། དཔེ་མེད་བཟང་གི”ལྟ་བུ། གཞན་ཡང་། “ཨ་རོག་རྫུན་རྐྱལ། ཚོང་རྫས་ད་དུང་བསྐུར་མི་འདུག ......ཉོག་རེད། 666 རྡུང་ལེན་ཟིག་ལོངས་ར། རྐང་རེད། 7744 ...... ”མཚམས་མ་ཆད་པའི་ཡིག་འབྲུ་ཉག་ཉོག་འདི་དག རྟ་ལོར་སྙད་རྐོ་བ་བཞིན་བརྙན་ཤེལ་ལས་ཡང་དང་བསྐྱར་དུ་མངོན་པར་བྱེད། གང་ལྟར། རྟ་ལོའི་ཡིག་འབྲུ་དེ་དག་ལས་རེ་འགར་མ་གཏོགས་དོ་སྣང་བྱས་མ་མྱོང་། ལོ་འདི་འགར་རྟ་ལོའི་ཡོང་སྒོ་ཇེ་བཟང་ནས་ཇེ་བཟང་དང་། ཁོའི་ཉམས་མྱོང་དང་ནུས་པ་ཡང་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད། རྟ་ལོའི་དམའ་འབྲིང་སློབ་གྲོགས་མང་པོ་ཞིག་སློབ་ཆེན་ནས་མཐར་ཕྱིན་པའི་ཕྱི་ལོར། རྟ་ལོས་རྒྱ་ནང་དུ། མཐོ་དབུས་མཐོ་སྒང་གི་གནམ་གཤིས་དང་འཚམ་པའི་གྱོན་པ་ཆེད་འཚོང་བྱེད་སའི་ཀུང་སི་ཚད་ལྡན་ཞིག་བཙུགས་བྱུང་། ད་སྐབས་རྟ་ལོར་མཁོ་བ་ནི་ཡོན་ཏན་ཅན་གྱི་ལག་གཡོག་པ་མང་པོ་ཞིག་དགོས་པ་དེ་རེད། རྟ་ལོའི་དམའ་འབྲིང་སློབ་གྲོགས་མང་པོ་ཞིག་སློབ་ཆེན་ནས་མཐར་ཕྱིན་ཏེ་ཅུང་ཙམ་འགོར་ཡོད་ནའང་། བྱ་བ་ལག་ཏུ་རག་ཟིན་པའི་སློབ་གྲོགས་རེ་གཉིས་ཙམ་ལས། གཞན་ཚང་མ་ལས་ཀ་ཅི་ཡང་མེད་པའི་ཐབས་ཆག་གི་གནས་སུ་ལྷུང་ཡོད། སློབ་གྲོགས་ཕལ་མོ་ཆེར་རྟ་ལོའི་ལག་གཡོག་ཏུ་སོང་ནས་ཟླ་ཕོག་ལེན་རྒྱུར་མོས་པ་ཆེན་པོ་ཡོད་ན་ཡང་། སྔོན་ཆད་ཀྱི་དོན་དག་དག་དྲན་ན་ངོ་གནོང་སྟེ། རྟ་ལོར་འབྲེལ་གཏུག་བྱེད་པའི་སྤོབས་པའང་སྤ་བཀོང་བར་གྱུར་འགྲོ། མཐའ་མར་ཁོ་ཚོར་ཐབས་ཟད་དེ་རྟ་ལོར་འབྲེལ་བ་བྱེད་དགོས་བྱུང་། ད་སྐབས་རྟ་ལོའི་དམའ་འབྲིང་སློབ་གྲོགས་མང་པོ་ཞིག་རྟ་ལོའི་ལག་གཡོག་ཏུ་སོང་འདུག་ལ། རྟ་ལོས་ཀྱང་ཁོ་ཚོར་ཡོང་སྒོ་འོས་འཚམ་རེ་སྟེར་བཞིན་ཡོད།

རྟ་ལོའི་ཡོང་སྒོ་དང་ཁོའི་ཚོང་ལས་ཀྱི་བྱ་བས། རྩེ་གཞུང་རྩྭ་ཐང་འུར་ཟིང་དུ་བཏང་བྱུང་། སློབ་མ་ཡིན་མིན་དང་། ཡོན་ཏན་ཡོད་མེད། ཕོ་མོ་མེད་པར་ཐད་གཏོང་གི་ལས་ཀར་འཇུས་ཏེ་ཚོང་གཉེར་དང་ཁ་རྩོད། འགྲན་སྡུར། བྱ་འགུལ་སོགས་སྤེལ་ཏེ་འདུ་འཛི་ལང་ལོང་བྱེད་བཞིན་ཡོད། ཐ་ན་སློབ་ཆེན་ནས་མཐར་ཕྱིན་པའི་རྟ་ལོའི་སློབ་གྲོགས་རེ་འགས་ཀྱང་རྟ་ལོའི་སྐད་ཆ་དང་བྱ་བྱེད་ལ་ལད་ཟློས་བྱས་ཏེ། ཐད་གཏོང་བརྒྱུད་དེ་ཚོང་ལས་གཉེར་གྱིན་ཡོད་ནའང་། ཁོ་ཚོ་རྟ་ལོ་དང་འགྲན་སྡུར་བྱེད་རྒྱུ་དེ། རྟ་ལོ་སློབ་གྲྭ་འགྲིམས་དུས་རྒྱུགས་འབྲས་ཁོ་ཚོ་དང་འགྲན་པ་བཞིན་སྟོང་བསམ་ཞིག་ཏུ་གྱུར་འདུག

རྟ་ལོ་དང་ར་ལོ་གཉིས་ཀྱི་ཚེ་མཇུག་ལ་ཁྱད་པར་ཆེན་པོ་ཞིག་ཡོད་ངེས། མ་མཐའ་ཡང་ད་ལྟ་དེ་འདྲ་ཞིག་རེད། ལོ་ངོ་འདི་དག་ལ་རྟ་ལོས་ཕ་ཡུལ་གྱི་དབུལ་ཁྱིམ་མང་པོ་དང་། སློབ་ཆེན་ལ་རྒྱུགས་འཕྲོད་པའི་སློབ་མ། ན་ཚོད་རྒས་པའི་རྒན་པ་མང་པོ་ཞིག་ལ་མ་དངུལ་གྱི་རོགས་སྐྱོར་བྱེད་ཀྱིན་ཡོད།

མི་མང་པོ་ཞིག་གིས་ཁ་པར་འཆར་ཤེལ་ལས། ཐད་གཏོང་བྱེད་ཀྱིན་པའི་རྟ་ལོ་མཐོང་ཡོང་དུས། ཁོ་ནི་སྒོར་མོ་མང་པོ་ཡོད་པའི་སྦྱིན་བདག་བྱམས་སེམས་ཅན་ཞིག་དང་། འཇོན་ཐང་ཅན་གྱི་ན་གཞོན་ཞིག་ཏུ་རྩི་བཞིན་ཡོད།

ཐད་གཏོང་བརྙན་མིག་ལས་མཐོང་བའི་རྟ་ལོ་ནི་ཁ་ལྕེ་བདེ་མོ་དང་། རྩེད་མཚར་གྱི་སྐད་ཆ་ཡོད་པའི་གསར་བུ་རྣམ་རིག་ཅན་ཞིག་ཡིན་པས། ཁོ་སྔོན་ཆད་སློབ་གྲྭ་འགྲིམས་དུས་ཡི་གེ་རྩ་བ་ནས་མི་ཤེས་མཁན་ཞིག་ཡིན་ཟེར་ན། ཡིད་ཆེས་བྱེད་ཐབས་མེད་པ་ཞིག་རེད།

སྐབས་འདིར། རྟ་ལོ་རྩེ་གཞུང་རྩྭ་ཐང་གི་ཀུན་གྱིས་ཡིད་སྨོན་བྱེད་དགོས་པའི་མི་སྣ་རྩིས་ཐང་ཅན་ཞིག་ཏུ་གྱུར་ཡོད། ལོ་ངོ་མང་པོ་ཞིག་གི་སྔོན་དུའང་། ཁོ་རང་འདི་ལྟར། སློབ་གྲྭའི་ཕྱི་ནང་དང་རྩེ་གཞུང་རྩྭ་ཐང་ནས་ས་གྲགས་རྡོ་གྲགས་སུ་གྱུར་མྱོང་།

“འདི་ར་ལོ་ཁོ་ཐག་རེད། ”

སློབ་ཆུང་བོད་ཡིག་དགེ་རྒན་གྱིས་ཁོང་ཁྲོ་དང་ཡིད་ཆད་ཀྱི་ངང་ནས་སྐད་ཆ་འདི་འཆད་ཡོང་ཐེངས་རེར། སྣབས་ཁུ་དང་ས་རྡུལ་མཉམ་བསྲེས་ཀྱིས་རི་མོ་ཕབ་པའི་རྟ་ལོའི་ངོ་གདོང་ནས་འཚུབ་ཆ་དང་དངངས་སྐྲག་གི་རྣམ་འགྱུར་སྐྱི་གཡའ་བ་ཞིག་མངོན་ནས་ཡོང་། དེ་དང་ལྷན་དུ་ཁོས་མིག་ཟུང་བཙུམས་ཤིང་སྐེ་ཁོང་ལ་འཐེན་ཏེ། ཁ་གཉེར་སྣ་གཉེར་གྱིས་ཐལ་ལྕག་ཚ་ཐག་ཆོད་པ་ཞིག་རྡེག་ཡོང་རྒྱུར་བསྒུག་པར་བྱེད། རིམ་བཞིན་ཁོའི་ཟ་འགྲམ་གཉིས་དང་ལྟག་ཁུང་ནང་དུ་དྲོད་ལམ་ལམ་གྱི་ན་ཟུག་རེ་བསླངས་ཡོང་། ན་ཟུག་བྲེང་བྲེང་བོ་དེས། ཁོའི་སེམས་ཀྱི་ག་ཤེད་ཅིག་ནས་ར་ལོ་ཟེར་བའི་རྒྱུས་མེད་ཀྱི་མི་ཞིག་ལ་འཚིག་པ་གཏིང་ནས་ཟོས་ཡོང་། རྟ་ལོའི་སེམས་སུ་དགེ་རྒན་གྱིས་རང་ལ་ཐལ་ལྕག་གིས་གཞུས་པ་དེ་ནི་རང་ཉིད་ལན་པ་མ་ཡིན་པར། ར་ལོ་ཟེར་བའི་མི་གང་རུང་ཞིག་ལན་སོང་བ་རེད་སྙམ་པའི་འདུ་ཤེས་སྐྱེ་བཞིན་ཡོད། དེ་ནས་བཟུང་ར་ལོ་ཞེས་པའི་མིང་དེ་རྟ་ལོའི་ནང་སེམས་ནས་གྲིབ་གཟུགས་ཤིག་ཏུ་གྱུར་སོང་། གང་ལྟར། དགེ་རྒན་རྡོར་ལོ་ཡིས“འདི་ར་ལོ་ཁོ་ཐག་རེད ”ཅེས་པའི་སྐད་ཆ་དེ་ལབ་ཞོར་དུ་རྟ་ལོའི་མགོ་ལ་ཐལ་ལྕག་གིས་རྡེག་དུས། རྟ་ལོ་སློབ་ཁྲིད་ཀྱི་སྐབས་སུ་གཉིད་ལོག་ཡོད་པའམ། བོད་ཡིག་གི་སློབ་ཚན་གང་དེ་ཀློག་མ་ཤེས་པའམ། ཡང་ན། སློབ་ཁང་དུ་ཡར་རྒྱུག་མར་རྒྱུག་བྱས་ཏེ་སློབ་གྲོགས་བུ་མོ་ཚོར་སྙད་བརྐོ་བའི་དུས་གང་རུང་ཞིག་དང་ཁེལ་ཡོད། དགེ་རྒན་གྱིས་རྡུང་རྡེག་དང་གཤེ་གཤེ་གང་རུང་རེ་བཏང་བའི་རྗེས་ནས། རྟ་ལོ་སྔར་བཞིན་རྩེད་མོ་དང་རྣམ་གཡེང་གི་ངང་དུ་འདུག་པ་ལས། བརྩོན་སེམས་དང་བཅོས་བསྒྱུར་གྱི་རྣམ་པ་ཅི་ཡང་མཐོང་རྒྱུ་མི་འདུག རྟ་ལོར་མཚོན་ན། འགྲམ་ལྕག་དང་གཤེ་གཤེ་གང་རུང་རེ་མྱོང་བ་ནི། གཟི་བརྗིད་དཔང་ཡིག་ཅིག་བླངས་པ་ལས་ཀྱང་ང་རྒྱལ་སྐྱེ་འོས་པའི་དོན་དག་ཅིག་རེད། ཁོས་མི་མཐུད་དུ་སློབ་གྲོགས་བུ་མོ་ཚོར“ར་ལོ་ཟེར་བ་དེ་སུ་རེད། ཁྱོད་ཚོ་ཁོའི་ཆུང་མ་བྱེད་འདོད་དམ”ཞེས་ཀྱལ་ཀ་སློང་བ་ལས། ཁོ་རང་ལ་ཡང་ར་ལོ་ཟེར་བ་དེ་མི་ཅི་འདྲ་ཞིག་ཡིན་པའི་རྒྱུས་མངའ་ཅི་ཡང་མེད། དེ་བཞིན་དུ་སློབ་གྲོགས་གཞན་པ་ཚོ་ལ་ཡང་ར་ལོའི་སྐོར་ནས་ཅི་ཡང་བཤད་རྒྱུ་མེད། འཛིན་གྲྭའི་སློབ་གྲོགས་ཕལ་མོ་ཆེའི་སེམས་ནང་དུ། ར་ལོ་ཟེར་བ་དེ་ནི་ཡི་གེ་ཅི་ཡང་མི་ཤེས་མཁན་ཞིག་ལས། གཞན་ད་དུང་སྒྲིག་ལམ་ཡང་རྩ་བ་ནས་མི་བརྩི་མཁན་ཞིག་ལོས་ཡིན་འདོད་པའི་བསམ་ཚུལ་ཙམ་ལས་ཅི་ཡང་མེད། དེ་ལྟར། ལོ་རིམ་རྒྱུན་ལྡན་དུ་འཕར་དགོས་པའི་གཏན་འཁེལ་འོག རྟ་ལོས་བོད་ཡིག་སྦྱོར་ཀློག་ལེགས་པོ་ཞིག་ཀྱང་བྱེད་མ་ཤེས་པར་སློབ་ཆུང་མཐར་ཕྱིན་སོང་། དྲང་མོར་བཤད་ན། སློབ་ཆུང་ལོ་དྲུག་གི་དུས་ཚོད་མཇུག་རྫོགས་སོང་ཞེས་བཤད་ན་འགྲིག་ཚོད་རེད། དམའ་འབྲིང་དུ་བསླེབས་ཏེ་དུས་ཡུན་ངེས་ཅན་ཞིག་འགོར་ནའང་། རྟ་ལོས“ཡི་གེ་གཅིག་ཀྱང་མི་ཤེས”ཞེས་གཅར་རྡུང་དང་གཤེ་གཤེ་གཏོང་བའི་དགེ་རྒན་མང་པོ་ཡོད་ནའང་། ཁོ་ལ“ར་ལོ་དང་ཨ་ན་མ་ན་རེད”ཟེར་མཁན་གྱི་དགེ་རྒན་གཅིག་ཀྱང་མ་བྱུང་། ཡང་ན། དམའ་འབྲིང་གི་དགེ་རྒན་དེ་དག་ཀྱང་རྟ་ལོ་ནང་བཞིན་དུ། ར་ལོའི་མི་ཚེ་ལ་ཆ་རྒྱུས་ཅི་ཡང་མེད་མཁན་སྐོར་ཞིག་ཡིན་ཡང་སྲིད།རིམ་བཞིན་རྟ་ལོ་དང་ཁོའི་སློབ་ཆུང་སློབ་གྲོགས་ཚོས་ཀྱང་ར་ལོ་ཞེས་པའི་མིང་དེ་ཧ་ལམ་བརྗེད་ཚར་ཡོད་ཚོད་རེད།

“འདི་ར་ལོའི་ཡང་བཙོག་རེད།”

དམའ་འབྲིང་བོད་ཡིག་དགེ་རྒན་གྱིས་ཐེངས་དང་པོར་སྐད་ཆ་དེ་ལབ་སོང་། དེ་དུས་རྟ་ལོ་དམའ་འབྲིང་ལོ་རིམ་གཉིས་པར་བསླེབ་གྲབས་ཡོད། ཁོ་དངངས་སྐྲག་གིས་ཡར་འགྲེང་ནས་མིག་ཟུང་བཙུམས་ཤིང་ཁ་སྣ་གཉེར་ཏེ། ཡུད་ཙམ་ཞིག་ལ་གདོང་གི་རྣམ་འགྱུར་དེར་འགྱུར་བ་ཅི་ཡང་མ་བཏང་བར། རང་གི་ཟ་འགྲམ་གཉིས་དང་ལྟག་ཁུང་གང་རུང་ལ་ཚ་ལམ་ལམ་བྱེད་པའི་ཐལ་ལྕག་རྣོ་དབལ་ཅན་དེ་ཕོག་ཡོང་བར་བསྒུགས་ནས་བསྡད། “ད་སྤྱིར་བཀོད་པ་མེད་པའི་མི་རེད”དགེ་རྒན་གྱིས་སྐད་ཆ་དེ་ལབ་རྗེས།མགོ་བོ་འཕྲེད་དུ་གཡུག་གིན་དུ་ཕྱིར་ཁྲིད་སྟེགས་སུ་ལོག་སོང་། རྟ་ལོས་ཐེངས་དང་པོར་དགེ་རྒན་གྱིས་རང་ཉིད་ར་ལོ་དང་སྡུར་བ་བྱེད་པ་ཐོས་དུས་ཐལ་ལྕག་གི་ན་ཟུག་མྱོང་མ་དགོས་པ་བྱུང་། དེ་ནི་རྟ་ལོར་མཚོན་ན་ཅི་འདྲའི་དགའ་འོས་པའི་དོན་བཟང་ཞིག་རེད། དོན་བཟང་དེས་གློ་བུར་དུ་རྟ་ལོའི་སེམས་ནང་གི་ར་ལོར་འགྱུར་བ་ངེས་ཅན་ཞིག་བཏང་། འགྱུར་བ་གློ་བུར་བ་དེས་སྐད་ཅིག་ཙམ་ལ་རྟ་ལོའི་ནང་སེམས་ཀྱི་གྲིབ་གཟུགས་དེ་ཁྱུར་མིད་དུ་བཏང་སོང་། ཁོས་སེམས་སུ་མ་གཞིར་ར་ལོ་ཟེར་བ་དེ་ཡང་རང་ལ་ཐལ་ལྕག་གིས་རྡེག་ཏུ་འཇུག་མཁན་དེ་མིན་ཚོད་འདུག་སྙམ་ཞིང་། ར་ལོ་ནི་རང་དང་ཆེས་ཉེ་ས་ན་ཡོད་པའི་མི་ཞིག་ཡིན་པའི་ཚོར་བ་སྐྱེས།

“ཀློའུ་རྒན། ཁྱོད་ར་ལོའི་རྣམ་ཤེས་རེད”སློབ་ཐུན་གྲོལ་རྗེས་སློབ་གྲོགས་ཉི་འབུམ་གྱིས་སྐད་གསང་མཐོན་པོས་དེ་ལྟར་བསྒྲགས་སོང་། སྐད་ཆ་དེས་སློབ་ཁང་ནང་དུ་ཧབ་ཆ་དིར་རེར་བཏང་བ་ལས་གཞན། རྟ་ལོའི་ནང་སེམས་ཀྱི་གྲིབ་གཟུགས་ཆེན་པོ་དེ་སྔར་ལས་ཀྱང་ནག་ཐིབ་བེར་བཏང་། ད་དུང་ར་ལོའི་སྐོར་གྱི་ཁ་བརྡ་མང་པོ་ཞིག་ཀྱང་འདུ་འཛི་ལང་ལོང་གིས་སློབ་ཁང་གི་བར་སྟོང་གང་རུང་དུ་མཆེད་ཡོང་། སྐབས་དེར་སློབ་གྲོགས་རེ་འགས་ཧ་ལམ་ར་ལོའི་མི་ཚེའི་ལོ་རྒྱུས་བཀླགས་ཟིན་པའམ། ཡང་ན་མི་གཞན་གྱི་ཁ་ནས་ར་ལོའི་གཏམ་རྒྱུད་ལ་ཉན་ཡོད་ཚོད་རེད། གང་ལྟར། ཉིན་དེ་ནས་བཟུང་སློབ་གྲོགས་ཕལ་མོ་ཆེས་རྟ་ལོའི་མིང་ལ་ར་ལོ་ཞེས་འབོད་ཀྱིན་ཡོད་ལ། རྟ་ལོས་ཀྱང་རང་ཉིད་ར་ལོ་མིན་པར་རྟ་ལོ་ཡིན་པའི་བདེན་ཁ་རྩོད་ཆེད་དུ། སློབ་གྲོགས་མང་པོར་ཁ་རྩོད་དང་། ཐ་ན་རྡུང་རེས་བྱེད་པའི་སྐབས་ཀྱང་མི་ཉུང་བ་ཞིག་བྱུང་།

དུས་རབས་ཉེར་གཅིག་པར་ནར་སོན་པའི་རྩེ་གཞུང་རྩྭ་ཐང་གི་མི་ཞིག་ཡིན་ན། ར་ལོའི་ལོ་རྒྱུས་ནི་གེ་སར་སྒྲུང་བཞིན་དུ་རྣ་རྩར་གཤགས་པའི་གཏམ་རྒྱུད་རྒྱུས་མངའ་ཡོད་པ་ཞིག་ཡིན། དུས་རབས་ཉི་ཤུ་པའི་དུས་སྨད་དུ། ར་ལོས་རྩེ་གཞུང་རྩྭ་ཐང་ནས་སློབ་གྲྭ་འགྲིམས་མྱོང་། དགོན་པར་གྲྭ་བ་བྱས་མྱོང་། གཞན་ལ་ལས་གཡོག་དང་གཞན་གྱི་མག་པ། རང་གིས་མནའ་མ་ལེན་པ་སོགས་ལས་ཀ་གང་མང་ཞིག་གི་སྣེ་མོར་འཇུས་མོད། ཡི་གེ་མི་ཤེས་པ་དང་། སྡོམ་ཁྲིམས་མི་སྲུང་བ། ཆ་འཇོག་མེད་པའི་སྐད་ཆ་ལབ་པ་དང་ལས་ཀའི་འཇོན་ནུས་མེད་པ། འཚོ་བ་ཐབས་ཆག་ཡིན་པ། ཁྱིམ་ཚང་གི་སློབ་གསོ་ཞན་པ་སོགས་རྒྱུ་རྐྱེན་མང་པོ་ཞིག་གིས་ཁོས་བྱ་བ་ཅི་ཡང་མ་འཁྱོངས་པར“ར་ལོའི་བྱ”ཞེས་ལ་གྲགས་ལུང་གྲགས་སུ་གྱུར། ལྷག་པར་དུ་དར་མའི་དུས་སུའང་བསམ་མི་ཤེས་པའི་ཁར། འཚོ་ཚིས་ཙམ་གཉེར་བའི་ནུས་པ་ཡང་མེད་པས། གྲོགས་མེད་ཁེར་རྐྱང་དུ། རྩེ་གཞུང་རྩྭ་ཐང་གི་དགུན་འཁྱགས་རིང་མོ་ཞིག་ལ་ཧ་ལམ་ལྟོགས་གྲིར་ཤི་བའམ། ཆང་གིས་བཟི་ཏེ་འཁྱག་ཤི་ཐེབས་པའམ། གཞན་གྱིས་བསད་སོང་བ་ཅི་ཞིག་ཡིན་པར་ཆ་མི་འཚལ་མོད། གང་ལྟར་དུས་རབས་ཉེར་གཅིག་པར་གོམ་པ་སྤོ་གྲབས་ཡོད་པའི་བར་སྐབས་ཤིག་ལ། ར་ལོར་བདག་པོ་མེད་པར་མི་ཡུལ་དང་ཁ་བྲལ་བར་གྱུར། རྟ་ལོས་སློབ་གྲྭ་ཞེས་པའི་ར་སྐོར་ཆེན་མོ་ཞིག་ནས་མི་ལོ་དགུ་རྒྱབ་ཏུ་བསྐྱུར་རྗེས། ར་ལོ་དང་འདྲ་བར་སློབ་གྲྭ་ནས་ཕྱི་ལ་བུད། སློབ་གྲྭ་ནས་ཕྱི་ལ་བུད་རྗེས། ཁོའི་མཚང་མིང་དེ་ཡང་སློབ་ཁང་དང་མལ་ཁང་དེ་དག་དང་འདྲ་བར་སློབ་རའི་ཁོར་ཡུག་ནས་གྲག་མེད་འགུལ་མེད་དུ་ལུས་སོང་། རྟ་ལོའི་སློབ་གྲོགས་ཚོས་ཀྱང་མཚང་མིང་དུ་ར་ལོ་ཞེས་འབོད་པའི་རང་གི་སློབ་གྲོགས་དེས། འབྲོག་སྡེ་ག་གེ་མོ་ཞིག་གི་གསར་བུ་ཚོའི་ཁྲོད་དུ་སྣབས་ཁུ་གདོང་ལ་འབྱར་ཞིང་། མནའ་ཆེན་ཁ་ནས་ལུད་དེ་ཉི་མ་འཁྱོལ་ཐབས་བྱེད་ཀྱིན་ལོས་ཡོད་སྙམ་པའི་ཚོད་བགམ་ཙམ་ལས། རྟ་ལོའི་དགོད་བྲོ་བའི་སྣང་བརྙན་དང་སྤྱོད་པ། སྐད་ཆ་སོགས་སུས་ཀྱང་མཐོང་ཐོས་སུ་མ་གྱུར། དེ་ལྟར་རྟ་ལོས་སློབ་སྦྱོང་བྱེད་པའི་བསྐལ་བ་དང་། ལས་བྱེད་པ་བྱེད་པའི་གོ་སྐབས་གཞི་ནས་ཤོར་ཏེ་ཕྱིར་རྩེ་གཞུང་རྩྭ་ཐང་དུ་ལོག རྟ་ལོ་ལས་བྱེད་པ་བྱེད་རྒྱུའི་གོ་སྐབས་ཤོར་བ་དེ་ནི་རྟ་ལོའི་ཕ་མ་གཉིས་ལ་མཚོན་ན། རྟ་ལོའི་སེམས་ནང་གི་ར་ལོ་དང་འདྲ་བར་ནང་སེམས་ཀྱི་གྲིབ་གཟུགས་ཆེན་པོ་ཞིག་ཡིན།

དྲང་བོར་བཤད་ན། རྟ་ལོ་དང་ར་ལོ་གཉིས་ལ་འདྲ་བའི་ཆ་མང་པོ་ཞིག་འདུག དགེ་རྒན་དག་གིས་རྟ་ལོར“ར་ལོ་དང་ཨ་ན་མ་ན་རེད”ཟེར་དོན་ཡང་ཁོས་ཡི་གེ་མི་ཤེས་པ་གཅིག་པུས་མིན་ཤས་ཆེ། ཁོའི་གཙང་སྦྲ་ལ་མི་དགའ་བའི་ཕྱི་ཚུལ་དང་། ནམ་རྒྱུན་ཡ་ཁར་ལུད་པའི་སྣབས་ཁུ། ཆ་འཇོག་ཅི་ཡང་མེད་པའི་སྐད་ཆ་སོགས་ཀྱིས་ར་ལོའི་མི་ཚེ་ལ་ཆ་རྒྱུས་ཡོད་པའི་མི་ཞིག་ཡིན་ཚེ། རྟ་ལོ་མཐོང་བ་ཙམ་གྱིས་ར་ལོའི་སྣང་བརྙན་དབང་མེད་དུ་དྲན་ཡོང་བར་བྱེད། འོན་ཀྱང་། རྟ་ལོ་ནི་ར་ལོ་དང་འདྲ་བར་དྭ་ཕྲུག་ཅིག་མིན་པས། རྟ་ལོའི་གནས་བབ་ཅི་འདྲའི་ཐབས་ཆག་ཡིན་ནའང་ར་ལོའི་འཚོ་བ་དང་བསྡུར་ཐབས་མེད་པ་ཞིག་ཡིན། ཡང་གཅིག་བཤད་ན།རྟ་ལོ་སློབ་སྦྱོང་ལ་མི་བཟང་བའི་ཁར། གཙང་སྦྲའི་ཕྱོགས་ནས་ཀྱང་སྒྱིད་ལུག་ཅིག་ཡིན་པ་མ་གཏོགས། གཟུགས་སྐྱེ་ལུས་ཀྱི་ཐད་ནས་ར་ལོ་ལྟ་བུའི་མིག་ལ་མི་རན་པ་ཞིག་གཏན་ནས་མིན། གང་ལྟར། ལོ་ངོ་དགུ་ཡི་སློབ་གཉེར་དུས་ཡུན་ནང་དུ། རྟ་ལོས་བསླབ་ཚན་གཅིག་ལའང་རྒྱུགས་འཕྲོད་མ་མྱོང་། འདི་ནི་ཁོ་རང་ར་ལོ་དང་ཆེས་འདྲ་སའི་ཁྱད་ཆོས་གཙོ་བོ་དང་། ཁོ་ལ“ར་ལོ་དང་ཨ་ན་མ་ན་རེད”ཅེས་པའི་མཚང་མིང་དེ་གདགས་པའི་རྒྱུ་རྐྱེན་གཙོ་བོ་རུ་གྱུར།

“རྟ་ལོ་སྣབས་ཁ། ར་ལོའི་རྣམ་ཤེས།”

སྐད་ཆ་འདི་ནི་རྟ་ལོའི་དམའ་འབྲིང་སློབ་གྲོགས་དག་གིས་ཁོར་འབོད་དུས། བཀོལ་སྤྱོད་བྱས་པ་ཆེས་མང་བའི་སྐད་ཆ་ཞིག་ཡིན། སྐད་ཆ་དེ་ཐོག་མར་ཐོས་དུས། རྟ་ལོའི་ནང་སེམས་ཀྱི་གྲིབ་གཟུགས་དེ་ཕ་བོང་ཆེན་མོ་ཞིག་དང་འདྲ་བར་ར་ལོའི་དོན་ལྔ་སྣོད་དྲུག་ལྗིད་ཏིག་གེར་མནན་ཡོང་། ཕ་བོང་དེ་གཏོར་ཆེད་དུ། རྟ་ལོས་སློབ་གྲོགས་མང་པོ་ཞིག་ལ་ཁ་འཛིང་དང་ལག་འཛིང་བྱས་མྱོང་། འཛིང་འཛིང་མཐར་རྟ་ལོ་མཚང་མིང་དེར་གོམས་ལོབས་སུ་གྱུར་སོང་། བར་སྐབས་ཤིག་ལ། ར་ལོ་ཟེར་བའི་མིང་དེ་རྟ་ལོའི་འབོད་མིང་དུ་གྱུར་ཅིང་། མཚམས་མཚམས་སུ་སློབ་གྲོགས་རེ་འགས་ཁོ་ལ་རྟ་ལོ་ཞེས་བོས་ཚེ་ཅུང་མི་ལོབས་པའི་ཚད་དུ་བསླེབ་པ་རེད། 

རྟ་ལོས་ཡི་གེ་མི་ཤེས་པའི་ཁར་སྤྱོད་པ་རྩིང་པོ་དང་། སྐད་ཆ་ཉག་ཉོག་བཤད་པར་དགའ་བས། རྟ་ལོ་རང་ཤུགས་ཀྱིས་དགེ་རྒན་དེ་དག་གི་ནང་སེམས་ཀྱི་གྲིབ་གཟུགས་ཆེན་པོ་རུ་གྱུར་ཡོད། དེ་བས། གྲིབ་གཟུགས་འོག་གི་སློབ་མ་དེ་དག་གིས་ཀྱང་རྒྱུན་པར་རྟ་ལོའི་གདོང་ལ་ཅེར་ནས“རྟ་ལོ་སྣབས་ཁ། ར་ལོའི་རྣམ་ཤེས”ཞེས་མཚང་འབྲུ་བཞིན་ཡོད།

དབྱར་གཞུང་དེར་རྟ་ལོ་དམའ་འབྲིང་ནས་མཐར་ཕྱིན་སོང་། ཁོ་དམའ་འབྲིང་ནས་མཐར་ཕྱིན་པ་དེ་ཡང་སློབ་ཆུང་ནས་མཐར་ཕྱིན་པ་དང་འདྲ་བར། ལོ་ངོ་དུ་མ་ཞིག་གིས་ནར་སོན་ཡོད་པ་ལས། བོད་ཡིག་སྦྱོར་ཀློག་ལེགས་པོ་ཞིག་ཀྱང་བྱེད་མི་ཤེས་པའི་གནས་བབ་ལ་འགྱུར་བ་ཉག་ཙམ་ལས་བྱུང་ཐུབ་མེད། འོན་ཀྱང་རྟ་ལོའི་རྒྱ་ཡིག་གི་ཡིག་འབྲུ་རེ་ཟུང་ངོས་འཛིན་བྱེད་ཐུབ་པའི་གནས་ཚུལ་ལ་དགེ་རྒན་དག་གིས་མཚར་སྣང་འཛིན་བཞིན་ཡོད། གང་ལྟར། རྟ་ལོའི་སློབ་སྦྱོང་གི་གནས་ཚུལ་ཡ་ང་བ་དེ་དགེ་རྒན་དག་གིས་འུར། སློབ་གྲོགས་རྣམས་ཀྱིས་བཤད་དེ། ཁྱིམ་བདག་མང་པོ་ཞིག་གིས་རྟ་ལོའི་ངོ་གདོང་ཙམ་ཡང་མཐོང་མེད་ན་ཡང་། རྒྱུན་པར་རང་གི་བུ་ཕྲུག་ཚོར་སློབ་གསོ་གཏོང་དུས། “རྟ་ལོའི་ཁར་མ་རྒྱུག དེ་མ་གཏོགས་རྗེས་ཕྱོགས་སུ་བྱ་བ་རག་རྒྱུ་ལྟ་ཞོག ཁ་གསོ་ཐབས་ཡང་མི་རྙེད་པ་ཁོ་ཐག་རེད”ཅེས་ཁ་ཚོན་ཆོད་པའི་སྒོ་ནས་ལབ་པར་བྱེད། དེ་བས། རྟ་ལོའི་སློབ་གྲོགས་ཕལ་མོ་ཆེའི་སེམས་སུ་ཡང་། རང་ཉིད་ནར་སོན་ན་རྟ་ལོ་ལས་ལེགས་པ་ཞིག་ཡོང་རྒྱུར་ཡིད་ཆེས་ཆེན་པོ་བྱེད་ཀྱིན་ཡོད་ལ། རྟ་ལོ་རང་གིས་ཀྱང་རང་ཉིད་སློབ་གྲོགས་དེ་དག་དང་བསྡུར་བ་བྱེད་རྒྱུ་དེ་དགོད་བྲོ་བའི་དོན་དག་ཅིག་ཡིན་པར་ཁས་ལེན་བྱེད་ཀྱིན་ཡོད།

རྟ་ལོ་སློབ་གྲྭར་འགྲོ་མཚམས་བཞག་པ་ནས་བཟུང་། ཁོ་སློབ་གྲོགས་དེ་དག་དང་ཁ་ཐག་ཇེ་རིང་དུ་གྱུར་པ་དང་། ཁོའི་མཚང་མིང་དེ་ཡང་སློབ་གྲོགས་ཚོ་དང་འདྲ་བར་ཐག་རིང་ཞིག་ནས་ལུས་སོང་། མཚམས་མཚམས་སུ་རྟ་ལོར་ར་ལོ་ཞེས་འབོད་མཁན་མེད་ན་མི་བདེ་བའི་ཚོར་བ་སྐྱེ་བ་དང་། སློབ་གྲོགས་ཚོ་ལའང་རྟ་ལོ་ལྟ་བུའི་རྩེད་མཚར་བྱེད་ས་ཞིག་མེད་ན་ཧ་ཅང་སུན་པོ་ཡོང་བའི་སེམས་བྱུང་ཞིག་བསྐྱེད་པར་བྱེད།

གང་ལྟར། རྟ་ལོ་སློབ་གྲྭར་མ་སོང་བ་ནི་དོན་དངོས་ཡིན་ལ། རྟ་ལོ་རིག་རྡིབ་ཅིག་ཡིན་པས། སློབ་གྲྭར་འགྲོ་ཐབས་མེད་པ་དེ་ཡང་མིག་མཐོང་ལག་ཟིན་གྱི་དོན་དག་ཅིག་རེད། འོན་ཀྱང་རྟ་ལོར་མཚོན་ན། སློབ་གྲྭར་འགྲོ་མ་ཐུབ་པ་ལས་ཀྱང་འཚིག་པ་ཟ་བྱེད་ནི། དུས་ཡུན་རིང་པོ་ཞིག་ལ་རང་གི་ནང་སེམས་ནག་ཡོ་རེར་སྒྲིབ་བྱེད་ཀྱི་གྲིབ་གཟུགས་དེ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།