ཀྲུང་གོ་བོད་ཀྱི་དྲ་བ།

སྙིང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྨྲི་ཏི་མཚན་འབར།   སྤེལ་དུས། : 2021-08-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“ཅི་ཡང་བཤད་མ་ཡོང་།བཤས་ཚར།”ངས་ཕ་རྒད་པོར་དེ་ལྟར་ལན་བཏབ།ཨ་ཕས “ཅི་ཟེར། དྲིན་ལན་ལོག་འཇལ། རྒྱུ་འབྲས་མེད་པའི་ལས་ངན་ཁྱོད”ཟེར་ནས་ཁ་པར་བཞག་སོང་། འབྲི་མོ་མེ་ཏོག་གཡང་འཛི་བཤའ་དགོས་ཐུག་པ་ནི། ངའང་སེམས་པ་སྐྱིད་པོ་མི་འདུག འབྲི་མོ་བཤའ་དོན་ནི། ངའི་ཕ་རྒད་པོ་ལའང་གསང་རྒྱ་བྱས་ཡོད་པས། ཁྱོད་ཀྱིས་ཀྱང་ཤེས་འདོད་ཀྱི་རེ་བ་མ་འཆང་།

ཞོགས་པ་དེར། ཤ་ཁྲོམ་སྒོ་ཕྱེས་པ་དང་། བཤས་པ་རྣམས་ཀྱིས་རང་རང་གི་ཤ་ཕྲག་པར་གཟར་ནས་དབུར་བཞིན་འདུག་ལ། རྒྱ་མོ་ཚལ་ཚོང་མས་ཚལ་འབུར་བཞིན་འདུག ཤ་ཚོང་ཚལ་ཚོང་ནི། བལྟས་ཡོང་ན་སྡིག་པ་མི་དགེ་ཞིག་ཏུ་རློམས་ཀྱང་།དོན་གྱིས་འགྲོ་ཀུན་དབུལ་བ་སེལ་བའི་བྱ་གཞག་ཡིན། སྟོབས་ལྡན་གྱིས“ཁྱོད་ཀྱིས་འབྲོག་ཤ་དག་མ་དེ་འདྲ་གང་ནས་ཁྱེར་ཡོང་བ་ཡིན་ནམ”ཟེར།

ངས“སྒོ་ཟོག་དྲིན་མོ་ཆེ་ཞིག་བཤས་པ་ཡིན”ཞེས་བཤད།

ཁོས“ཁྱོད་ཀྱིས་གོང་ཚད་ཅིག་ཤོད་དང་ངས་ཉོ་འགྲོ། འུ་གཉིས་ཀ་ལ་ཁེ་སྤོགས་ཡོད་པའི་ཚོང་ཞིག་རྒྱག”ཟེར།

“ཤ་འདི་བཙོང་བཏང་ན། དེ་རིང་ངས་ཤ་ཁྲོམ་ནང་ཚོང་ཅི་ཞིག་རྒྱག་གམ།”

ཁོས་ཧེ་ཧེ་ཞེས་སྐད་སྒྲ་ཞིག་ལས་ཅི་ཡང་མ་བཤད། ངས་རྒྱུན་ལྡན་ལྟར་ཤ་གཟུག་དག་ལེགས་པར་དབྲལ་ནས་ཁྲོམ་ཅོག་ཐོག་ཏུ་བཀྲམ། ལྭ་སྒྱེའི་ནང་དུ་ཡོད་པའི་གློ་སྙིང་མཆིན་གསུམ་བླངས་ནས་ཟུར་ཞིག་ཏུ་བཞག ལྭ་སྒྱེའི་གཤམ་དུ་བླུགས་པའི་མགོ་དེ་ལེན་མ་ཕོད། རྒྱུ་མཚན་ནི། རྣ་ཅོག་སྟེང་དུ་རྣ་དར་ཁྲ་ཤིག་གེར་བསྡད་འདུག ཚུལ་དེ་མཐོང་ན་བཤས་རོགས་ཚོས་ང་ལ་ཚེ་ཐར་བཤས་ཕབ་པའི་འཕྱ་དམོད་བྱེད་སྲིད་སྙམ། སྒྱེ་ནང་གི་ཁྲག་དམར་རྩ་ལེར་འགོས་པའི་དེབ་དེ་ཡར་བླངས་ཏེ། གསལ་ཆ་ཆེ་ས་ཞིག་ཏུ་ཁྲག་ཆུ་བསྐམས།དེབ་འདི་ང་རང་འབྲི་མོ་མེ་ཏོག་གཡང་འཛི་བཤའ་རུ་འགྲོ་དུས། གྲོང་ཚོའི་རིག་གནས་ཁང་གི་ཟུར་དཀྱོག་ཅིག་ནས་རྙེད་བྱུང་། གྲོང་ཁྱེར་ལ་ཡོད་པའི་ངའི་བུ་དཔེ་ཀློག་ལ་དགའ་ཞེན་ཆེ་བས། ཆེད་དུ་ཁོར་སྟེར་རྒྱུ་ཁྱེར་ཡོང་བ་ཡིན།

ཁ་པར་གྲག་བྱུང་། སྤུན་ཐ་ཆུང་འཇམ་དབྱངས་བསྟན་འཛིན་རེད།ཁོས་ཁ་པར་ལས“ཝེ། ཨ་ཇོ། ཨ་ཕས་བཤད་ན་ཁྱོད་ཀྱིས་འབྲི་མོ་མེ་ཏོག་གཡང་འཛི་བཤས་ལ་ཕབ་སོང་ཟེར། བདེན་ནམ།”

“བདེན་ལགས།”

“འོ་ན་ཁྱོད་ཀྱིས་བསམ་མནོ་ཇི་ལྟར་བཏང་བ་ཡིན་ནམ། ཆོས་ཀྱི་ནང་དུ་སྲོག་གཅོད་གོང་ན་སྡིག་གཞན་མེད་གསུངས་འདུག་པས། ཁྱོད་ཀྱིས་མཚམས་མེད་སྡིག་པ་འདི་འདྲ་བསགས་ན། ངན་སོང་དུ་སྐྱེ་བར་མི་སྐྲག་གམ།”

“འོ་ལགས་སོ། །”

“ཡང་གཅིག་བཤད་ན། མ་དྲིན་ཅན་གྲོངས་པའི་རྗེས་སུ། འུ་ཚོ་མིང་སྲིང་དྭ་བུ་ཚོ་འབྲི་མོ་གཡང་འཛིའི་འོ་མ་དང་སྤྲི་མ་ལ་བརྟེན་ནས་གསོན་གནས་བྱས་པ་མ་ཡིན་ནམ། ཁྱོད་ཀྱིས་དེ་ལྟར་བྱས་པ་ཡིན་ན།དྲིན་ལ་དྲིན་ལོག་བྱས་པ་མ་རེད་དམ”ཟེར་བཞིན་བཤུམ་པའི་སྐད་གྲག་ཡོང་།

ངས“འོ་ལགས་སོ། །”ལས་ཅི་ཡང་མ་བཤད་པར་ཁ་པར་བཞག

སྣ་ལམ་དུ་རྒྱུན་པར་བྲོ་བའི་ཤ་ཁྲག་གི་དམར་དྲི་ཆེམ་ཆེམ་དང་ཚྭ་སྒོག་གཡེར་གསུམ་གྱི་དྲི་ངད་ལྡང་བྱུང་།

ཉིན་གུང་གི་དུས་ཚིགས་འདིར།ཤ་ཁྲོམ་ནང་དུ་མི་ཚོགས་ཀྱི་འཚང་ག་ཧ་ཅང་ཆེ།ལག་ཏུ་ཕྲེང་བ་བཟུང་ནས་ཤ་ལ་ཅེར་ནས་མཆི་མ་མིད་ཞོར། རྒན་རྒོན་ཚོས་ཤའི་གོང་ཚད་གཏམ། འབྲོག་ཤ་དག་མ་ཡིན་པས། རྒྱ་མ་གང་ལ་སྒོར་ཞེ་ལྔ་ལས་ཕབ་རྒྱུ་མེད་ཅེས་ཨུ་ཚུགས་མཐའ་འཁྱོངས་བྱས་པས། ད་བར་ཤ་རྡོག་མ་གཅིག་ཀྱང་ཉོ་མཁན་མ་བྱུང་། གློ་རྡེག་ཏུ། ཁྲོམ་ཅོག་ཟུར་ངོས་སུ་བཞག་པའི་སྙིང་དེ་འགྲིལ་བྱུང་། ངས་བཟུང་ནས་ཡང་བསྐྱར་འཇོག་དུས། སླར་ཡང་དམར་རྩ་རེ་འགྲིལ་བྱུང་། ངས་འཚབ་འཚུབ་ཀྱིས་སྙིང་དེ་ཁྱེར་ནས་སྟོབས་ལྡན་ལ་བྱིན་པ་ཡིན། སྟོབས་ལྡན་གྱིས་ང་ལ་བལྟས་ནས“ཁྱོད་ལ་མ་བདེ་བར་མི་འདུག་གམ”ཟེར།

“མི་འདུག”ཅེས་ལན་བཏབ།ཤ་འདི་འབྲོག་ཤ་དག་མ་ཡིན་རུང་གོང་ཚད་ཆེ་བས་རྐྱེན་གྱིས་ཉོ་མཁན་མ་བྱུང་། ད་སྔ་བར་ངས་བཤས་ཉོ་བཤས་ཚོང་ལ་བརྟེན་ནས་ཁྱིམ་ཚང་བུ་ཕྲུག་ཁ་གསོས་པ་རེད།

དགོང་མོ་དེར། ཤ་རྡོག་འགའ་བཙོས་ནས་བུར་བསྒུགས། བུ་སླེབས་བྱུང་།

“ཨ་ཕ།དེ་རིང་ཤ་ད་རུང་བཙོང་མ་ཚར་རམ།”

“འབྲོག་ཤ་དག་མ་གོང་ཚད་ཆེ་བས། ཉོ་མཁན་དཀོན་པོ་འདུག དེ་རིང་ཨ་ཕར་དངུལ་མེད། ཤ་འདི་ཁྱེར། ད་རུང་དེབ་ཅིག་ཁྱེར་ཡོད།”

བུས་ཅུང་མ་རངས་པའི་ཚུལ་གྱིས“ཡ་ཡ།”ཟེར། ངས་འབྲི་མོ་གཡང་འཛི་མའི་ཤ་ཡིན་པ་བུ་ལ་མ་བཤད། བཤད་ན་ཁོས་ཁྱེར་མི་སྲིད།

“ཨ་ཕའི་བུ། ཁྱོད་ཀྱིས་ཡི་གེ་ཅི་ཙམ་ཤེས་བྱུང་། དེབ་འདིའི་ངོས་ཤོག་གི་ཡི་གེ་བཏོན་ནས་ནང་དོན་ཤོད་དང”ངས་ཚོད་བགམ་བྱ་ཆེད་བུ་ལ་དེ་ལྟར་དྲིས།

བུས་ཁྲག་ཆུའི་གཤེར་རིས་ཡོད་པའི་དེབ་དེ་ལག་ཏུ་བླངས་ནས།

“ཁ་བྱང་ལ《འདྲེ་ཚོགས》① ཟེར་འདུག འོག་ཏུ་བཏབ་པའི་མཆན་ཡིག་གི་ནང་དོན་ནི། ‘སུས་རང་སྲོག་གཅོད་ཕོད་ན། དེ་ནི་ལྷ་ཡིན།’ཞེས་བྲིས་འདུག”ཟེར། ཤོ་ལ་རུབ་པའི་མི་ཚོགས་དག་ཧབ་དགོད་དིར་རེ་སོང་། སྟོབས་ལྡན་གྱིས་ཟུར་ཟའི་ཚུལ་གྱིས“ཁྱོད་ཀྱི་ཨ་ཕ་རིག་གནས་ལ་མཁྱེན་རྒྱ་ཆེ་བས། འདྲེ་ཡིག་ཅིག་ཁྱོད་ལ་སྟེར་རྒྱུ་ཁྱེར་འདུག”ཟེར་ནས་དགོད་སྒྲ་ལྷང་ལྷང་བྱས།

ཤ་ཁྲོམ་སྒོ་རྒྱག་ལ་ཉེ་སྐབས། ཉི་མ་ནུབ་ཚར། ང་རང་ཉོབ་སྣང་ཞིག་གིས་ལུས་སེམས་ལ་ཤེད་ཤུགས་ཅི་ཡང་མེད་པར་གྱུར། འབྲི་མོ་མེ་ཏོག་གཡང་འཛི་བཤའ་སྐབས་ཀྱི་རྣམ་པ་དེ་ཡིད་ལ་འཁོར་བྱུང་། ངས་འབྲི་མོ་གཡང་འཛི་མའི་དབུགས་ཀྱི་རྒྱུ་བ་ཆད་དུ་བཅུག་རྗེས། པགས་པ་བཤུས། དཔུང་ཤུགས་ཡོད་རྒུས་སྟ་རེ་འབྲི་མོའི་རྐང་པར་བརྒྱབ་ནས་འཕྲལ།དེ་ནས་ལག་ཏུ་ཤན་གྲི་ཐོགས་ནས་སྐེ་གཅོད་དུས། ཁྲག་དམར་ཤུར་ཤུར་དུ་ཟགས་བྱུང་། སྟོབས་རྒྱལ་གྱིས་སྐད་ཤུགས་ཆེན་པོས་ང་བོས་ཏེ། “བླ་མ་མཁྱེན། ཁྱོད་ཀྱིས་རང་སྲོག་བཅད་སོང”ཟེར།མདུན་དུ་མི་ཚོགས་མང་པོ་རུབ། ངའི་ལག་ཏུ་ཤན་གྲི་ཐོགས་འདུག སྟ་རེ་ངའི་ཉྭ་ཡུར་བརྒྱབ་འདུག་ལ། སྐེ་འོག་ནས་དམར་ཤུར་ཤུར་ཞིག་སྣང་བ་ནི། སྐྲ་གཞུག་དམར་པོ་མགུལ་ལ་ལྷུང་བའམ། ངའི་སྐེ་ཁྲག་དམར་པོ་ས་ལ་ཟགས་པ་གང་ཡིན་ནམ།ངས་རབ་རིབ་ཅིག་ལས་མ་མཐོང་། །

① ཏོལ་སི་ཐོ་ཡེ་ཁེ་ཡི་སྒྲུང་རིང་ཞིག་སྟེ། རྒྱ་ཡིག་ཏུ《群魔》ཟེར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།