ཀྲུང་གོ་བོད་ཀྱི་དྲ་བ།

ཁྱོ་ཤུག་ཤགས་འགྱེད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : འདམ་འཇིལ་ལི།   སྤེལ་དུས། : 2021-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཆུ་དཀར་རྫོང་གི་ནུབ་མཐའི་མཚམས་སྤྲིན་གྱི་ཀློང་རིམ་དུ་བརྗིད་ཆགས་སུ་གནས་པའི་དུང་རི་དཀར་མོའི་རྩེ་ཡི་མཚལ་མདོག་གི་ཉི་ཟེར་ངང་གིས་ཡལ་བ་དང་བསྟུན་ནས་མུན་པས་དལ་གྱིས་བསྒྲིབས་ཏེ་ས་འཛིན་གྱི་གཞི་མ་ཡོངས་སུ་ནག་ཐང་ཐང་དུ་གནས།

ཁྱོ་གའི་མིག་རྡོ་གཉིས་ཚ་ལམ་ལམ་བྱེད་པས་ད་གཟོད་ཁོ་བོས་གློག་ཀླད་ངོས་སུ་ཅེར་ནས་ཡུན་རིང་འགོར་བ་ཤེས། ཆུ་དཀར་རྫོང་གི་མངའ་ཁོངས་ཀྱི་ཁྲོམ་ལམ་རེ་རེའི་སྒོ་བྱང་ཡིག་སྒྱུར་བྱེད་པའི་ལས་སྣོན་ཞོར་དུ་ཉེ་ལམ་བྲིས་པའི་སྒྲུང་རིང་ཞིག་ལ་ཞུ་དག་བྱེད་པའི་མཚམས་བཞག ད་དུང་ཉིན་མོར་གོང་རིམ་གྱི་བཀའ་བཀོད་ལྟར་མི་རིགས་སྐད་ཡིག་ལོ་ཙཱའི་འགན་འཁྲི་དང་དུ་བླངས་ཏེ། ཆུ་དཀར་རྫོང་གི་ཁྲོམ་སྲང་རེ་རེའི་སྒོ་བྱང་སྟེང་དུ་ཡིག་དཔར་ཁང་གིས་ལས་འཛོལ་ཤོར་ནས་བཀལ་བའི་ཡིག་ནོར་རྟ་རོ་དང་གཡག་རོ་འདྲ་བ་སྟེ། ན་རོ་ཞབས་ལ་སྦྱར་ཏེ་ཞབས་ཀྱུ་སྐེ་ལ་འཐེན་པ། འགྲེང་བུ་སྟེང་ན་མེད་པར་ཟུར་ན་མཛེ་ཕོ་ལྟར་ལུས་ཡོད་པ། མགོ་ཅན་ཕན་ཚུན་བར་དུ་ཕ་གླང་གི་རྭ་འཛིང་དང་དགྲ་ཟླར་ལག་འཐབ་བྱེད་པའི་ངང་ཚུལ་ཆགས་པ། མིང་གཞི་དང་འདོགས་ཅན་བར་གཡུལ་འཁྲུག་ཆེན་པོ་བྱུང་སྟེ་ཚེག་དང་ཤད་ཀྱི་ཚེ་སྲོག་ཤོར་བ། ཡི་གེ་ཁ་ཤས་ཀྱི་མགོ་གཞུག་བརྗེས་ནས་ཕན་ཚུན་ལ་ཁ་བསྲེ་མེད་པ་ལྟར་བཀལ་བའི་སྒོ་བྱང་གི་རྣམ་པ་མིག་ལ་མི་བཟོད་པ་དག་ལ་ཡུལ་དངོས་སུ་གཤག་གཅོད་གཞོག་གསུམ་བྱས་ནས་ཐང་ཆད་དྲགས་པ་དང་། བདུན་རྩེག་གི་ཐེམ་སྐས་རེ་རེར་འགོས་ཏེ་དབུགས་ཀྱི་འབྱིན་རྔུབ་གཅིག་འཕྲོར་གཅིག་མཐུད་མ་ཐུབ་པར་ཧལ་ལེ་ཧོལ་ལེའི་ངང་རང་ཁྱིམ་ལ་འཛུལ། ཁ་ནས་ཨ་དང་ཨང་ཟེར་ཞོར་རྐང་མགོའི་ཀོ་ལྷམ་སྡུག་སྡུག་དཀའ་དཀའ་ཞིག་བྱས་ནས་ཕུད་དེ་ནང་སྒོའི་འགྲམ་གྱི་ལྷམ་སྒྲོམ་ནང་དུ་བརྫངས། འདྲུད་ལྷམ་ཞིག་གོན་ནས་དལ་བུར་དབུགས་ཀྱིས་རབ་ཏུ་སྦོས་པའི་ལྒང་ལི་ལྟ་བུའི་ཕོ་བ་ལག་པས་སྐྱོར་བཞིན་ཡོང་སྟེ་སྲིབ་ཕྱོགས་ཀྱི་མལ་ཁང་དུ་མགྱོགས་འཕྲིན་ཐད་གཏོང་གི་ཅ་ལག་རྣམས་བཤམས་ཏེ། སྙིང་རྟགས་དང་ལེགས་སྐྱེས་འབུལ་མཁན་ཕ་མ་དང་བླ་མ་ལྟ་བུ་དག་ལ་ཁ་དགའ་ངོ་དགའ་བྱེད་པར་མགོ་འཐོམས་པའི་ཆུང་མར་སྒོ་སྲུབས་ནས་བལྟས་བལྟས་རྗེས་ཅི་ཡང་མ་བཤད། ཁ་ཕྱིར་འཁོར་ཏེ་མལ་ཁྲིའི་ཐོག་ཞོར་ཟས་ལ་རོལ་བའི་བུའི་གམ་དུ་ཕྱིན་ནས་རང་ལུས་ནི་དོ་གལ་སྲང་གང་མེད་པའི་ས་སྒྱེ་བཞིན་གན་རྐྱལ་དུ་གཡུགས། ལུས་པོ་མལ་ཁྲི་དང་ལྷན་དུ་ལྡེམ་ལྡེམ་གྱི་གཡོ་འགུལ་ས་འགུལ་ཚད་རིམ་དགུ་ཙམ་བྱུང་བ་ལྟར་འདར་བར་བྱས་ནས་རིམ་བཞིན་འཇགས་ནའང་། བུ་ཆུང་ལག་གི་ཁ་ཚའི་ཞོར་ཟས་ལྕུག་ཕྲན་འདྲ་བ་འགའ་མལ་ཁྲིའི་འགབ་ཏུ་ལྷུང་ཡོད་པ་མྱུར་སྟབས་ཀྱིས་བཏུས་ནས་ལག་ཏུ་བཞག སེམས་ཀྱི་ཕུ་རུ་ཉར་བའི་བུ་ནི་རང་གི་རེ་བ་ཉག་ཅིག་ཡིན་སྙམ་བཞིན་མགོ་ལ་བྱིལ་བྱིལ་བྱེད་ཞོར་མིག་ཟུང་གློག་འོད་ལ་ཅུང་ཙམ་གཟུར་ཏེ་ཁ་ངོ་གནམ་ལ་བསྐོར་ནས་བསྡད།

“ཨ་ཕ། ངས་ཁ་པར་ལ་བལྟ་རྒྱུ། ”

“མིག་ཞར་དུ་འཇུག་ན་འདོད་དམ།”

“ཧུན། འོ་ན། ཨ་མ་ཁྱེད་གཉིས་ཀྱི་མིག་ཞར་མི་སྲིད་དམ།”

“ཁ་རོག རེམ་མ་གཉིད། སང་ཉིན་སློབ་གྲྭར་མི་འགྲོ་འམ།”

“ཨ་ཕ། ང་ལ་གནའ་གཏམ་ཞིག་ཤོད་དང་། ཉན་ཚར་རྗེས་ད་གཟོད་གཉིད་རྒྱུ་ཡིན།”

“དེ་ན་ཨ་ཕས་ཁྱེད་ལ་སྤྱང་གྲུང་ལྡན་པའི་རི་བོང་བློ་ལྡན་བཤད། ཉན་ན་འདོད་དམ།”

“མི་དགོས། མི་དགོས། ཨའོ་ཐུ་མན་དང་དཔའ་བོ་གོ་ཁྲབ་ཅན། དོམ་དང་ཞེ་ནག་ཀླད་དམར་ལྟ་བུ་ཤོད། ཡང་མིན་ན་ང་ལ་མགྱོགས་འཕྲིན་དང་འཁྱུག་དབྱིངས་ལ་ཅུང་ཙམ་བལྟ་རུ་ཆུགས། ཨ་ཕ་ལོ་ལོ།”

“གཅེས་ཕྲུག ཁ་པར་ལ་བལྟས་ན་མིག་ལ་གནོད། ཨ་ཕས་ཁྱེད་ལ་མི་རོ་རྩེ་སྒྲུང་བཤད། ཡང་མིན་ན་ཨ་ཕས་ཁྱེད་ལ་གེ་སར་རྒྱལ་པོའི་སྒྲུང་བཤད། ཨའོ་ཐུ་མན་དང་དཔའ་བོ་གོ་ཁྲབ་ཅན་ལྟ་བུ་ནི་གེ་སར་རྒྱལ་པོ་དང་བསྡུར་སྲོལ་མེད། གེ་སར་རྒྱལ་པོ་ནི་དཔའ་བོ་ངོ་མ་ཞིག་ཡིན་ནི་རེད”ཟེར་ཞིང་། སེམས་ལ་གེ་སར་རྒྱལ་པོ་ནི་དངོས་བྱུང་ལོ་རྒྱུས་ཁྲོད་ཀྱི་དཔའ་རྩལ་གདེང་ངར་ལྡན་པ་དང་བློ་ཕུགས་ཡངས་པའི་མི་ཞིག་ཡིན་པར་མ་ཟད། གྲུབ་རྟགས་དང་མངོན་མཁྱེན་སོགས་ནུས་མཐུ་ཁྱད་པར་ཅན་ཡོད་པར་བཤད་འདོད་མོད། འོན་ཀྱང་བུ་ཆུང་གིས་དེ་དག་གི་ནང་དོན་གོ་མི་སྲིད་པས་ཕྱིར་ཁོག་ཏུ་མིད། བུ་ཆུང་གིས་གོ་སླ་ཞིང་རྒྱུས་མངའ་ཡོད་པའི་སྤྲེལ་མགོ་སུན་ཨུ་གུང་ལྟར་རྫུ་འཕྲུལ་ཆེ་ཟེར་ནས་འགྲེལ་བཤད་བརྒྱག་བསམས་ཀྱང་སུན་སྣང་གློ་བུར་བ་ཞིག་སྐྱེས་པས་དེ་ཡང་ཁོག་ཏུ་མིད།

“སུན་གི། སུན་གི། བརྙན་འཕྲིན་ནང་འཆར་མི་ཐུབ་པ་ཏག་ཏག་རེད། ཉན་འདོད་མི་འདུག འོ་ན་ཐད་གཏོང་ནང་ནས་ངས་ཀྱང་ཨ་ཕ་དང་ཨ་མ་ཁྱེད་གཉིས་ལ་རོགས་བྱས་ནས་ལེགས་སྐྱེས་སློང་རོགས་བྱེད། སྒོར་མོ་མང་པོ་བཙལ་ནས་འུ་ཚང་ལ་རླངས་འཁོར་ཉོ། ད་རུང་ང་ལ་ཤུད་འཁོར་དང་རྐྱལ་གོས། ཞོར་ཟས……”ཞེས་བུ་ཆུང་གིས་ཉོ་དགོས་པའི་དངོས་པོ་རེ་རེའི་མིང་ནས་བཟུང་སྟེ་ལུང་ནག་གང་བརྩིས།

“སྐྱག་ཕྲུག གཞན་ལ་སྒོར་མོ་བསླངས་ནས་ཉོས་ན་ཁྱོད་ངོ་མི་ཚ་འམ། སྤྲང་ཕྲུག་ཡིན་ནམ།”

“ཧུན། ཨ་ཕ་དང་ཨ་མ་ཁྱེད་གཉིས་སྤྲང་རྒན་རེད།”

“ཨ་ཚ་ཚ”ཞེས་བུ་ཆུང་གིས་ཨ་ཕས་གནང་བའི་འགྲམ་ལྕག་ཚ་ཐག་ཆོད་པ་དེ་མ་སྲོན་པར་ངུས་ནས་བསྡད།

ཁྱོ་གས་ནམ་རྒྱུན་བུ་ཆུང་གི་བསམ་ཕྱོགས་རང་གི་འདོད་དོན་རིལ་ལུ་མ་དེའི་ཕྱོགས་སུ་བསྒྱུར་སླད། རང་ཚོད་ཀྱིས་ཐབས་ཤེས་ཟུང་འཇུག་བྱེད་མུས་སུ་ཡོད་ནའང་རང་གི་འདོད་དོན་དེ་ནི་སྒེའུ་ཁུང་ཕྱི་རོལ་གྱི་ནག་ཐོམ་མེར་འདུག་པའི་མཚན་མོའི་མུན་ནག་དང་ཀུན་ནས་མཚུངས་པར། རང་གི་འདོད་པའི་རྩེ་མོ་ཁ་གང་བར་བྱེད་པའི་སེམས་ཀྱི་ཀུན་སློང་གི་འོད་གུར་ལྷམ་མེ་ལྷན་ནེ་ལྷང་ངེར་གནས་པ་དེ་ཡང་གློ་བུར་དུ་ནག་ཐིང་ངེར་འདུག་པའི་མཚན་མོའི་མུན་ནག་གིས་འཇོམས་པར་བྱས་འགྲོ་བས། ཉམ་ང་བའི་རང་ཉིད་ནི་ཁྲོས་ཏེ་ལུས་པོ་སྦག་སྦག་གསིག་གསིག་བྱས་ཀྱང་ངལ་བ་འབྲས་མེད་དུ་ནག་ཐོམ་ཐོམ་གྱི་སྟོབས་ཤུགས་དེ་ལ་མགོ་མི་སྒུར་ཐབས་མེད་ངང་ལུས་འགྲོ་ལ། ཉག་ཕྲ་བའི་རེ་བའི་སྤ་ཐག་ཆད་པའི་ན་ཟུག་ཁྲོད་དུ་མནོ་བསམ་གྱི་ཀློང་དུ་བླ་དང་སྲོག་གཉིས་གཞི་གཅིག་ཏུ་འབྱམས་པར་བཏང་བ་ཡང་ཐེངས་གཅིག་ཐེངས་གཉིས་ཙམ་གྱིས་ག་ལ་ཚད།

ཁྱོ་གའི་མིག་རིལ་གཉིས་ཀླད་ལ་བསྐོར་ཏེ་རང་གི་རྣམ་རིག་ནི་ཨ་སྔོན་དབྱིངས་སུ་ཁྲ་ལམ་མེར་བཀྲ་བའི་སྐར་ཚོགས་ལྟར་གྱི་བསམ་གཞིག་གི་ཀློང་ཡངས་སུ་ཉལ་ལེ་ཉིལ་ལེའི་ངང་མུན་པ་སྟུག་པོའི་རྒྱ་རུ་ཚུད་འདུག་པའི་སྐབས་ལ། བུ་ཆུང་གིས་དེ་སྔོན་རག་པའི་འགྲམ་ལྕག་གི་ན་ཟུག་མ་བཟོད་པར་ངུ་ཅོ་བརྒྱབ་བྱུང་སྟེ། ཨ་ཕས་མྱུར་བར་ངོ་དགའ་སྤྲེལ་ལད་འཁྲབ་ཀྱང་ངུ་ཁ་མ་ཆོད། ཞོར་ཟས་སྣ་ཚོགས་སྟོན་པ་དང་ཁ་པར་ལག་ཏུ་བཞག་ནའང་ངལ་བ་འབྲས་མེད་དུ་གྱུར། ད་དུང་བུ་ཆུང་གིས་སྔར་བཞིན་ངག་ནས་སྐད་ཆ་ལྡབ་ལྡིབ་རེ་སྨྲེང་བ་ལ་དྲངས་ནས་གླེང་བཞིན་ངུ་རྒྱུན་བསྐྱངས་ཤིང་སྐད་འཕང་རིམ་བཞིན་མཐོ་རུ་འཕགས། ད་ནི་ཨ་ཕ་ལའང་ཐབས་གཞན་ཟད་དེ་ངུ་ཁ་ཆོད་ཐབས་ཆེད་དུ་སྐད་འགྲགས་ཆེན་པོ་བརྒྱབ་སྟེ་ཕལ་ཆེར་ཁང་རྩེག་གི་ཁྱིམ་མཚེས་གཡས་གཡོན་ཚང་མའི་ཡིད་དཀྲུགས་པར་བྱེད་པའི་འུར་སྒྲས་ཟིང་ཆ་བསླངས།

“ཨ་ཕའི་རོ། ཐན་ལྟས་འདི་ཕ་བུ་གཉིས་ཀྱིས་ང་ལ་བསམ་གཟས་ནས་རྙོག་དྲ་བཟོས་པ་མ་ཡིན་ནམ། ངའི་གྲལ་རིམ་དང་པོ་དང་གཉིས་པ་ཚང་མ་བྲོས་ཐལ། ངའི་གྲལ་ཐོག་གི་ཕུ་བོ་ཚོས་ལེགས་སྐྱེས་བསྐུར་བའི་མཚམས་ཆད་ཐལ། ཁྱི་སྐྱག་ཁྱེད་གཉིས་ཀྱི་འདོད་པ་ཚིམ་སོང་ངམ། ངས་འདི་ནས་སྒོར་མོ་བཙལ་བར་འབད་ན། ཁྱེད་གཉིས་ཀྱི་ཕོ་བ་ན་བཞིན་འདུག་གམ”ཞེས་གྲེ་བ་བདེ་མོ་མེད་རུང་དྲ་འབུ་འཕེལ་བ་དང་ལེགས་སྐྱེས་གང་མང་ཐོབ་ཆེད་སྐད་ཀྱི་ཡན་ལག་དྲུག་ལ་དཀའ་ངལ་གཏོད་བཞིན་པའི་ཆུང་མས་མགྱོགས་འཕྲིན་གྱི་ཐད་གཏོང་ཁ་བརྒྱབ་སྟེ་ཉིན་ཕྱོགས་ཀྱི་མལ་ཁང་ནང་དུ་རླུང་འཚུབ་བཞིན་ཤོར་ནས་ཐོན་བྱུང་།

བུ་ཆུང་གིས་ཨ་མ་མཐོང་སྟེ་ངུ་ཞོར་བརྒྱུགས་སོང་སྟེ་ཨ་མའི་ལག་པར་བཅང་བཅང་ཁྲུག་ཁྲུག་བྱེད་བཞིན“ཨ་ཕས་ང་ལ……གནའ……གནའ……”ཟེར་བཞིན་ངུ་སྐད་ཇེ་ཆེ་ནས་ཇེ་ཆེར་སོང་།

“ཨ་མའི་གཅེས་ཕྲུག་ཁ་རོག་སྡོད། ཕུང་རྒན་མདུན་ལམ་མེད་པ་གན་ལ་དེ་ལྟ་བུའི་རྩེད་མོ་ལས་མེད། ཡང་ངའི་གཅེས་ཕྲུག་ལ་གནའ་གཏམ་གྱི་ཆད་པ་བཅད་སོང་ངམ། ད་མ་ངུ། མ་ངུ། ཨ་མས་ཁྱེད་ལ་སང་ཉིན་ཡང་བག་ལེབ་ཉོ། ད་རུང་སྒོ་ངའི་བག་ལེབ། ཤ་རྒྱུ་སོགས་གང་མང་ཉོ།”

“ཧུན། རྒྱུད་བཙོག་མ་ཁྱོད་ཀྱིས་བུ་ངན་པ་ལང་ཤོར་དུ་ཐོངས། གད་སྙིགས་ཟ་རུ་ཆུགས། ནར་སོན་ཚེ་མདུན་ལམ་དགའ་ཞིག་རག་མི་ཐུབ་པ་ཕར་ཞོག ཐ་ན་རང་མགོ་ཐོན་པའི་མི་ཞིག་ཀྱང་བྱེད་ཐུབ་རྒྱུ་མ་རེད།”

ཆུང་མས་ཨ་ལ་ཧོ་ཧོ་ཞེས་རྟ་སྐད་འཚེར་འདྲའི་ཧབ་ཆ་ཞིག་བརྒྱབ་སྟེ།“ཁྱིམ་ལ་འབྲོག་པའི་དྲི་མ་ཁྱབ་པར་བྱེད་པའི་རྩམ་པ་ཕྱེ་མར་གད་སྙིགས་མ་རེད་དམ། ཧུན། མདུན་ལམ་ཨེ་ཟེར། འོ་ན་ཁྱོད་རང་བོད་ཡིག་ཆེད་ལས་ཀྱི་དངོས་གཞི་མཐར་ཕྱིན་ནས་ཡོང་བ་མིན་ནམ། ང་རྒྱ་ཡིག་སློབ་པའི་ཆེད་སྦྱོང་སློབ་མ་ཞིག་ལ་ཡང་མི་དོ་བ་ཅི་རེད། ཁྱོད་ལ་མདུན་ལམ་ཡོད་དམ། ཆེས་གཞི་རྩའི་ཡར་ཐོན་གྱི་བསམ་པ་ཡང་མེད་པའི་ཕ་ཞིག་གིས་བུ་ཆུང་ལ་ཇི་ལྟར་སློབ་གསོ་གཏོང་དགོས།”

“ཧུན། ངས་ཅི་བྱས་པ་མ་བཟང་ངམ། ངས་ཀྱང་རྒྱལ་ཁབ་ཀྱི་ཟླ་ཕོགས་ལ་བརྟེན་ནས་མི་རིགས་སྐད་ཡིག་གི་བྱ་བ་བསྒྲུབས་ཏེ། ཏང་དང་མི་རིགས་ལ་ཞབས་འདེགས་ཞུ་བཞིན་ཡོད་པ་མིན་ནམ། སྐད་རིགས་གཉིས་དང་རིག་གནས་གཉིས་ཤེས་ན་སྐད་དང་ཡི་གེ་ཆིག་རྐྱང་ཤེས་པ་ལས་བཟང་བསམས་པ་ཡིན། སྐད་གཉིས་སྦྱངས་པའི་མི་ལ་གང་ལྟར་མདུན་ལམ་ཡོད་ཁོ་ཐག་ཡིན།”

“རང་རྐྱ་མི་ཐུབ་པའི་ཁྱོད་ཁ་རོག་སྡོད། ཨ་ཕ་ལེ་ལེ། ནུས་པ་ཡོད་ན་ཏང་ཨུའི་ལས་ཁུངས་དང་རྩ་འཛུགས་པུའུ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་བུ་ནས་བྱ་བ་སྒྲུབས། སྐྱེས་ཕོ་རབ་ཅིག་ལ་ཡར་ཐོན་གྱི་བརྩོན་སེམས་ཡོད་དགོས། རྒྱ་ལ་ཁྲོན་པའི་ནང་ནས་གནམ་ལ་ལྟ་བ་ཟེར་བའི་གཏམ་དཔེ་ཞིག་ཡོད་ལ། དེ་ནི་མཐོང་རྒྱ་མེད་པའི་ཁྱོད་ལྟ་བུ་ལ་བཤད་པ་རེད། ང་དགེ་རྒན་དཀྱུས་མ་ཞིག་ནས་ཧྲུའུ་ཅི་ཞིག་གི་དྲུང་ཡིག་གི་གོ་གནས་སུ་རང་དགར་སོང་བ་རེད་དམ། དགོད་རྒྱུ་ཡོང་གི།”

ཁྱོ་གས་སྐད་འཕང་མཐོ་རུ་བཏེགས་ནས“ངས་སྙན་ངག་འབྲི་བའི་ཞོར་དུ་བོད་ཀྱི་རྩོམ་རིག་སྐོར་ལ་ཤུགས་རྒྱག་བཞིན་ཡོད། མ་འོངས་པ་ན……”ཞེས་གླེང་བཞིན་པའི་སྒང་ལ་ཨ་མས“ཁ་རོག ཁ་རོག”ཅེས་ཚིག་མཚམས་བཅད་དེ་ཁོའི་སྙན་ངག་དང་སྒྲུང་གཏམ་སོགས་ཀྱི་བརྩམས་ཆོས་པར་སྐྲུན་འཆར་གཞི་དང་བུ་ལ་བཅངས་པའི་མདུན་ལམ་ཕྱོགས་ཀྱི་རེ་བ་མཐའ་ཡས་པ་ཞིག་ཡོད་པ་སོགས་བཤད་དུ་མ་བཅུག

“ཧུན། ཁྱོད་ལྟ་བུའི་སྙན་ངག་པ་ཡུལ་གྱི་ར་རྫི་ལུག་རྫི་ནང་ན་ཡང་མང་། འོན་ཀྱང་ཀློག་པ་པོ་ནི་བོད་ཡིག་དགེ་རྒན་ཚོ་ལས་སུ་ཡོད། བོད་དུ་ད་སྔ་ཀློག་པ་པོ་དང་རྩོམ་པ་པོའི་བར་བསྡུར་ཚད་ལྡོག་འདུག་པ་རེད། ད་དུང་ཁྱོད་ཀྱི་ཡིག་ཉོག་དེ་དག་དགེ་རྒན་ཚོས་ཀྱང་འཕྱ་སྨོད་བྱེད་སྤྱད་རེད། སྙན་ངག་བྲིས་ན་སྒོར་མོ་བཙལ་ཐུབ་བམ། དཔོན་ས་སྙེག་ཐུབ་པ་རེད་དམ། ཟི་ལིང་མཁར་ནས་ཁང་པ་ཉོ་ཐུབ་བམ། ཁྱེད་ལ་ངོ་མ་རླབས་ཆེ་བའི་ཕུགས་བསམ་ཞིག་དང་ཁྱད་དུ་འཕགས་པའི་དམིགས་འབེན་ཟེར་བ་ཞིག་མི་ཚེ་འདིར་མེད་སོང་བ་རེད་དམ”ཞེས་ཁྱོ་གའི་གདོང་ལའང་མ་བལྟས་པར་ལྡོག་འདྲི་ཡི་སྐད་ཆ་དེ་བཤད།

ཁྱོ་གར་ངར་ཞིག་ལངས་ཏེ“ཁྱོད་ཀྱིས་ཨུ་ཚུགས་མ་བྱེད། རང་རེའི་བོད་ཀྱི་མདོ་སྔགས་ཕྱོགས་ཀྱི་ཆོས་གཞུང་། རིག་གནས་ཆེ་ཆུང་བཅུ། སྒྲུང་དང་རྣམ་ཐར། མཁས་དབང་རིམ་བྱོན་གྱི་གསུང་རྩོམ་ལ་སོགས་བསླབས་ན་མི་བཟང་ངམ། ཕན་ཐོགས་ཡོད་པ་མ་གཏོགས་གནོད་པ་ཅི་ཡང་མེད། དཔེར་ན་རང་རེའི་སྐད་དང་ཡི་གེ་འདི་རྒྱ་མཚོ་བཞིན་གཏིང་ཟབ་ཅིང་ཁྱོན་ཡངས་ནའང་། རང་རིགས་འདི་ཉ་མོ་བཞིན་འཁྱུག་རྩལ་མངོན་མི་འདོད་པར་རྣམ་གཡེང་དང་ལེ་ལོ། སྒྱིད་ལུག་བཅས་ཀྱི་ངང་ནས་རང་ཡན་དུ་བསྡད་ཚེ་དོན་མེད་དུ་ཆུ་སྲིན་གྱི་ཁ་ཟས་སུ་འགྱུར་འགྲོ་བ་ལྟ་བུ་རེད། ད་ཁྱོད་ལ་བཤད་ཀྱང་ནང་དོན་མི་གོ། སྙིང་པོ་ཅི་ཡང་མེད”ཟེར།

“ཨ་ལ་ལ་ལ། ཁྱོད་ཀྱིས་བཤད་པ་དེ་དག་ཁྱེད་དང་རྒྱང་ཐག་རིང་བ་ལ་ཨང་། ཅིག་ཅིག་ཉིག་ཉིག་ཟེར་ནས་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་འདྲ་ཞིག་བཤད་དང་ཐལ། ང་དགོས་པ་དངོས་ཡོད་རིང་ལུགས་རེད། དོན་དམ་པའི་འཚོ་བ་རེད། དུས་རབས་དང་བསྟུན་ནས་འཚོ་ཤེས་དགོས་པ་དེ་རེད། སྒོར་མོ་བཙལ་ཤེས་དགོས་པ་དེ་རེད། ཉིན་རྒྱུན་སུན་སྤྱད་དག་དག་བཤད་ནས་གོ་ཅི་ཆོད། ངོ་མས་སུན་པ་ལ”ཟེར་བཞིན་བུ་ཆུང་གི་མགོ་ལ་བྱིལ་བྱིལ་བྱས།

བྱི་ལའི་ཁ་ལ་འོ་མ་རག་པ་ལྟར་གྱུར་པའི་བུ་ཆུང་གིས་ཨ་མའི་སྐེ་ལ་འཐམ་བཞིན“ཨ་མ་ང་རང་ནར་སོན་ན་ཁྱོད་ཀྱི་བྱ་བ་ལྟ་བུ་བསྒྲུབ་རྒྱུ་ཡིན། དཔོན་པོ་མཐོན་པོའི་དྲུང་ཡིག་བྱ་རྒྱུ་ཡིན”ཟེར།

སྐབས་དེར་ཁྱོ་གའི་སེམས་ལ་སྐྱག་པ་གང་དུ་གཏང་དགོས་པའང་མི་ཤེས་པའི་བྱིས་པ་བསམ་མེད་ཅིག་གིས་འདི་ལྟར་མི་ལ་ཁ་རྫི་ངོ་རྫི་ངང་བསྟུན་ཤེས་པ་ནི་ཡ་མཚན་པ་ལ་འདོད་དེ“བུ་རྡུགས། ཡོག་ལི་མཁན། སྒྱིད་པ་ཞ་ཞ་བྱོས། མགོ་བོ་དུད། ཡ་ཡ་འོ་འོ་དང་ལགས་སོ་སེར་བ་འབབ་འབབ་བྱོས”ཟེར་བཞིན་ཚིག་པ་ཟོས་ནས་བསྡད།

“བླུན་རྒན་ཁ་ནག་གན་ལ་ཁ་ཡ་བྱེད་མི་དགོས”ཟེར་བཞིན་བུ་ཆུང་དང་ཆུང་མ་གཉིས་ཀྱིས་མཉམ་གཅིག་ཏུ་ཉལ་གོས་མགོ་ལ་འཐེན།

མཚན་གུང་གི་ངུ་སྐད་ཅིག་གིས་ཇ་ཡུན་ཙམ་ལ་ཁང་རྩེག་གཡས་གཡོན་གྱི་ཁྱིམ་མཚེས་རྣམས་ལ་སུན་པོ་ཏོག་ཙམ་བཟོས་ནའང་། སྒེའུ་ཁུང་ཕྱི་རོལ་ན་ལྡང་བཞིན་པའི་རླུང་བུ་དང་ཆ་མཚུངས་པས་མཚན་མོའི་མུན་པ་དང་ལྷིང་འཇགས་ལ་འགྱུར་ལྡོག་ཏིལ་འབྲུ་ཙམ་ཡང་གཏོང་མ་ཐུབ་པར་སྔར་བཞིན་ལྷིང་འཇགས་ཀྱི་མཚན་མོ་ཞིག་ཏུ་ལུས་ཤིང་། ཉིན་གཅིག་གི་འཚོ་བའི་ཁ་རྒྱབ་དོན་དུ་འདུར་བའི་མི་རྣམས་སོ་སོ་རང་གི་ཁྱིམ་ན་སྔུར་བ་བྱང་བྱང་འཐེན་བཞིན་གཉིད་དུ་ཡུར།

ཡིན་ཡང་། ཨ་ཕར་མཚོན་ན། རྣ་བར་ཆེས་གཟན་པ་ནི་བུ་ཡི་ངན་ལང་གི་ངུ་སྐད་ནི་ག་ལ་ཡིན་སྲིད། ཆུང་མས་ཁོ་ལ་བཤད་པའི་གཏིང་མཐའ་མི་དཔོག་པའི་མདུན་ལམ་ཟེར་བའི་འཇིགས་ཡོ་རེ་བ་དེ་དང་བརྩོན་སེམས་ཟེར་བའི་ཕྲག་སྟེང་གི་ཁུར་པོ་གཡར་པོ་ཆེ་དེ་གཉིས་ཀྱིས་བེད་མེད་དུ་མནར་གཅོད་བཏང་སྟེ། ད་ནི་གཉིད་ཟེར་བ་ཞིག་ཡོད་པའང་གཏན་ནས་བརྗེད་དེ། ཁྱོ་གས་དབྱེས་ཆེ་བའི་དཔྲལ་བ་གཡས་ལག་གིས་བཀབ་སྟེ་ངག་ཏུ་ཨ་ཧོ་ཞེས་དངན་པ་རིང་མོ་ཞིག་ཕྱི་ལ་ཕྱུང་རྗེས། སེམས་སུ་མཚར་སྡུག་གི་བསླུ་བྲིད་འོག་ཏུ་མནན་པའི་ངའི་ཤ་ཐང་རུས་ཐང་འཁྱིལ་བའི་མདུན་ལམ། ད་དུང་ངའི་ཤ་འདྲེས་པགས་འདྲེས་ཀྱི་བག་ཆགས་དེ་ལ་འཚོ་བ་ཡིས་འཐབ་མོ་སྦྲན་དོན་ཅི། ཀྱེ་མ་མ་ལ། ཆུང་མས་འདོད་པའི་མདུན་ལམ་དེ་དང་ང་ཡི་སྙིང་གི་ཕུགས་བསམ་གཉིས་ཞེ་སྙེག་མི་འདྲ་ཁ་ཁ་ཡིན། ཆུང་མ་སྨོན་སའི་བརྩོན་སེམས་དང་ང་ཡི་ཐར་ལམ་འདྲ་བའི་བརྩོན་སེམས་གཉིས་དམིགས་པ་མི་འདྲ་འགལ་འདུའི་ཆ། ཨ་ཧོ་ཡེ། འཚོ་བ་ཡི་མགོ་འཁོར་ཕོ་བྲང་ལགས། གལ་སྲིད་ང་རང་ཆུང་མའི་རྗེས་སུ་བཞུགས་པ་ན།“ང”ཟེར་བ་དེ་ཡི་ཤུལ་དུ་སྤུ་ཉག་གཅིག་ཀྱང་ལྷག་མི་སྲིད། རང་ནུས་ཅི་ལྕོགས་ཀྱིས“རང་ལམ”འགྲིམས་པའི་ཚེ། མངོན་ལྐོག་འཚོ་བའི་དགྲ་འདྲེ་ཕུང་སྦྱོར་གྱི་ཡོ་ལང་འཁྲུགས་ཏེ་རང་རྒྱུད་འདྲེ་རུ་ལྡང་ཡང་སྲིད་སྙམ་ཞིང་། བར་གླགས་དེར་བསམ་གཞིག་གི་རྒྱ་རུ་ཚུད་པའི་ཨ་ཕ་ནི་ཅི་བྱ་གཏོལ་བྲལ་དུ་གྱུར་ཏེ། ཐ་ན་རང་ངོ་རང་གིས་མི་ཟིན་པའི་ཚོད་ལ་བསླེབས་ཤིང་མིག་རིལ་གཉིས་ཀླད་ལ་བསྐོར་ནས་ཅི་དང་གང་ཞིག་ལ་བསམ་བློ་གཏང་དགོས་པའང་མ་ཤེས་པར་ལུས།

ནམ་གུང་གི་ཆུ་ཚོད་གཉིས་པའི་ཐག་སྒྲ་བར་མེད་དུ་གྲག ཁྱོ་གའི་བྲང་ཁོག་གི་སྙིང་གི་འཕར་ཚད་ཀྱང་མདུན་ལམ་དང་བརྩོན་སེམས་ཟེར་བ་དེ་གཉིས་ཀྱིས་ཁ་ལོ་བྱེད་པ་དང་བསྟུན་ནས་ལྡིང་བ་དང་ཀུན་ནས་མཚུངས། སེམས་རྒྱའི་ཁ་རོང་དོག་པོའི་ཁྱིམ་གཞི་འདིར་གཟུགས་མེད་ཀྱི་མུན་པ་སྟུག་པོའི་ཤགས་འགྱེད་ཁྲོད་ཕམ་ཁ་ཉོས་པའི་བཟུང་དམག་ལྟར་གཉིད་ཀྱི་རང་དབང་ཡང་བོར། ཤགས་བཀྱེའི་གཡུལ་ན་བརྗིད་པའི་ཆུང་མའི་སྔུར་བ་བྱང་བྱང་འཐེན། ཆུང་མའི་སྔུར་བ་ནི་སྲོག་རྩ་གཅོད་པའི་སྟ་རེ་འདྲ། ཡ་ཐོད་མ་ཁ་འབྱེད་པར་བྱེད། སྙིང་ལ་ཙག་ཤེད་བརྒྱུགས། རྣ་བའི་བུ་ག་ཁེགས་བྱེད་ཀྱི་ཆུང་མའི་སྔུར་བའི་སྒྲ་ནི་རིམ་བཞིན་མཐོ་རུ་ཕྱིན། ད་དུང་། སྐབས་ཐོག་དེར་ཁྱོ་གའི་རྣ་ལམ་དུ་ཉིན་འགའི་སྔོན་ལ་ཆུང་མས་ཆའོ་ཧྲུའུ་ཅི་ནི་ད་གཟོད་སྐྱེས་ཕོ་རབ་ཅིག་རེད་ཅེས་ཡིད་སྨོན་གྱི་ཉམས་སྣང་སྒོས་བཤད་པའི་སྐད་ཆ་དེ་སི་ལི་ལི་གྲག་པའི་ཚོར་བ་ནི་རྣག་ཐོག་ཁབ་གཙགས་ལྟ་བུ་ནི་ཅི་ལ་མིན། ཐ་ན་ཁོང་གི་སེམས་ཁོངས་སུ་རླུང་བུ་ཤིག་ཤིག་ལྡང་ཞིང་ཆུ་ཀློང་རབ་ཏུ་འཁྲུགས། རང་གིས་རང་ལ་བོད་ཀྱི་སྙན་ངག་པའི་ཆོ་ལོ་སྩོལ་མཁན་གྱི་སྙན་ངག་པ་ཁོ་ནི་ད་དུང་དངོས་ཡོད་འཚོ་བའི་ཁྲོད་དུ་གནས་ཡོད་མེད་ལའང་ཡིད་གཉིས་སྐྱེས་ཏེ་སྟོང་སང་སང་ངང་ཆུ་དཀར་རྫོང་གི་གཡས་ཕྱོགས་སུ་རླབས་ཕྲེང་གར་ལ་རྩེན་པའི་ཚྭ་ཆུ་དལ་འབབ་རིང་མོའི་ཁ་རུ་ཕྱིན……

ཞོགས་པར་ཆུང་མས“ཨ་རོག སྙན་ངག་པ་ཚངས་དབྱངས། མི་རིགས་ས་ཁུལ་གྱི་གྲོང་ཁྱེར་ཞིག་ལ་མཚོན་ན་སྒོ་བྱང་དག་ནི་མི་ཞིག་གི་ངོ་གདོང་དང་མཚུངས་པ་ཨེ་རེད”ཟེར་དུས་ཁྱོ་ག་གཉིད་ལས་སད་འདུག་ནའང་མིག་གཉིས་ཚུམ་ཚུམ་བྱེད། བུ་ཆུང་ཡང་མལ་ལས་ལངས་ཞོར་ཨ་ཕའི་གདོང་ལ་མིག་རིག་རིག་གིས་བལྟས་འདུག ཁྱོ་གས་ཅི་ཞིག་བཤད་འདོད་དེ་ཁ་མུར་མུར་འགུལ་ཙམ་བྱས་རྗེས་ཅི་ཡང་མ་ཤོད་པར་སུམ་སོང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།