ཀྲུང་གོ་བོད་ཀྱི་དྲ་བ།

འཚོལ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཁྱུང་པོ་བསོད་ནམས་སྟོབས་རྒྱལ།   སྤེལ་དུས། : 2021-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག

འཚོལ་ཡིག་དེས་བློ་ཐུབ་ལ་ད་ནི་སུན་ཐག་ནས་བཅད་སོང་།

འཚོལ་ཡིག་འདི་སྤྱིར་བཏང་གི་འཚོལ་ཡིག་ཅིག་ག་ལ་ཡིན་ཏེ། དེ་ནི་མི་བོར་བའི་འཚོལ་ཡིག་ཅིག་རེད། འཇིག་རྟེན་འདི་རུ་མི་བོར་བ་ལས་ལྷག་པའི་འཚོལ་ཡིག་ཅིག་གང་ན་ཡོད། མི་བོར་བ་ལའང་གནས་སྐབས་ཙམ་བོར་བ་དང་མཐར་ཐུག་བོར་བ་སོགས་རྒྱུ་མཚན་སྣ་ཚོགས་མངོན་ཕྱིར། དེ་རིང་གི་འཚོལ་ཡིག་ཁྲོད་ཀྱི་གཞོན་ནུ་མ་དེ་གནས་སྐབས་ཙམ་བོར་བ་ཡིན་པའི་སྨོན་ལམ་ཡང་ཡང་འདེབས། གལ་སྲིད་མཐའ་གཅིག་ཏུ་བོར་བའི་དབང་དུ་བཏང་ན། ངའི་གསང་བ་མང་པོ་ཞིག་འཚོལ་ཡིག་ནང་གི་གཞོན་ནུ་མ་དེ་དང་འབྲེལ་བ་ཡོད་ལ། ངས་གསང་བ་འདི་དག་སུ་ཞིག་ལ་འགྲེལ་བཤད་གྱ་ནོམ་པ་རྒྱག་ཨང་། མ་གཞི་གསང་བ་ཟེར་བ་ནི་གཞན་སུར་ཡང་ཤེས་སུ་མི་འཇུག་པའི་དོན་དག་ལ་ཟེར་ཡང་། འཚོལ་ཡིག་ཏུ་བཀོད་པའི་གཞོན་ནུ་མ་དེ་ངོ་མ་བོར་ཟིན་པའི་གཏམ་གྱི་གཟུ་བོ་ཞིག་རྙེད་ན། ངས་ཀྱང་གསང་བ་འདི་ཅིས་ཀྱང་གསང་བ་རུ་མི་བརྩི་བར་མགོ་ནག་ཡོངས་ལ་བཤད་ན་འདོད། དེ་ནི་ངས་འཚོལ་ཡིག་ཁྲོད་ཀྱི་གཞོན་ནུ་མ་དེའི་འདོད་བརྩེ་དང་དུ་བླངས་པའི་དན་རྟགས་ཡིན། བློ་ཐུབ་ཀྱིས་སྐད་འཕྲིན་གྱི་གྲོགས་པོའི་ཚོམས་སུ་བསྐུར་ཡོང་བའི་འཚོལ་ཡིག་དེ་ཡང་ནས་བསྐྱར་དུ་བཀླགས་ཏེ་དེ་ལྟར་བསམས།

བློ་ཐུབ་ཀྱིས་འཚོལ་ཡིག་ནང་གི་གཞོན་ནུ་མ་དེའི་པར་རིས་དེར་ཧད་ནས་དུས་ཚོད་རིང་པོ་ཞིག་འགོར་ཞིང་། མཚམས་ཤིག་ཅི་ཞིག་དྲན་པ་བཞིན་ཡུན་རིང་ཐུར་དུ་དུད་པའི་མགོ་བོ་དེ། ནམ་མཁར་བཏེགས་ཏེ་དབུགས་རིང་ཞིག་པྱུང་སོང་། དེ་ནི་རྒྱུན་ལྡན་གྱི་དབུགས་རིང་ཞིག་དང་མི་འདྲ་བར་ཡིད་ཕམ་ཆེན་པོས་ཉོས་པའི་ཧུ་ཤུར་ཞིག་རེད། ཁོས་ཚོར་བའི་དྲོ་གྲང་བསྡེབས་པ་ལས་འཁྲུག་པའི་སེམས་པ་དེ་བཟོད་མ་ནུས་པར་ཀི་རིང་ཞིག་བར་སྣང་གི་ཁམས་སུ་བཏབ། ནམ་མཁའ་ནི་སྔར་ལྟར་ཡངས་ཤིང་རྒྱ་ཆེ་ལ། ཐང་དཀར་གྱིས་བློ་ཐུབ་ཀྱི་ཀི་རིང་ལ་གོ་ཚོར་མེད་པ་ལྟར་མུ་མཐུད་རང་དབང་གི་མཁའ་དབྱིངས་སུ་ལྡིང་སྐོར་བྱེད། བློ་ཐུབ་ཀྱིས་རྒོད་པོའི་གཤོག་འགྱུ་དེ་མཐོང་ཚེ་ལྷག་ཏུ་སྐྱོ་སེམས་དྲག་ཏུ་སྐྱེས་ཏེ་མིག་མཐར་མཆི་མས་གང་། མི་བོར་འཚོལ་ཡིག་དེས་བློ་ཐུབ་ལ་འདི་ལྟར་གདུང་བ་དྲག་པོ་སྟེར་བ་ནི།རང་ཉིད་ཀྱི་སྙིང་ནས་གཅེས་པའི་མི་ཞིག་གློ་བུར་ཕྱི་མར་བུད་སོང་བའི་སྡུག་བསྔལ་དང་འདྲ།

བློ་ཐུབ་ཀྱིས་སླར་ཁ་པར་འཆར་ངོས་ཀྱི་མི་བོར་འཚོལ་ཡིག་དེ་ལ་ཅེར་ཏེ། ཉེ་བའི་ཟླ་ཤས་རིང་སྐད་འཕྲིན་བརྒྱུད་དེ་ལབ་གླེང་སྣ་ཚོགས་བྱས་མྱོང་བའི་དྲ་གྲོགས་མ་དེ་དྲན་འོང་བ་དང་། རང་ཉིད་རྩོམ་པ་པོ་གྲགས་ཅན་ཞིག་གི་ཚུལ་དུ་དད་བཀུར་བྱེད་པའི་ཀློག་པ་པོ་གཅིག་པུ་དེ་དྲན་འོང་། དད་བཀུར་གྱི་སྟོབས་ཀྱིས་ཡུན་རིང་སེམས་སུ་ཉར་ཡང་། གཞའ་མ་ཐུབ་པའི་འདོད་བརྩེའི་མདའ་མོས་བློ་ཐུབ་ཀྱི་བྲང་ཁར་ཡང་ཡང་བརྡུངས་མྱོང་བའི་སློབ་ཆེན་གྱི་གཞོན་ནུ་མ་དེའི་ལྷག་བསམ་དྲན་འོང་། བློ་ཐུབ་ཀྱིས་དེ་ལྟར་དྲན་བཞིན་མིག་ཟུང་གིས་མི་བོར་འཚོལ་ཡིག་ངོས་ཀྱི་ལང་ཚོ་དར་ལ་བབས་པའི་གཞོན་ནུ་མ་དེའི་པར་རིས་ལ་ཕུར་ཚུགས་སུ་བལྟས། སྐབས་དེར། གང་ནས་ཡོང་བ་མི་ཤེས་པའི་བསིལ་འཇམ་རླུང་བུ་བློ་ཐུབ་ཀྱི་གདོང་ལ་ཡང་ཡང་ལྡང་བས། ཁོས་ད་གཟོད་རང་ཉིད་ཡུན་རིང་ཞིག་ལ་ཧད་སོང་བ་རྟོགས་མུར། ཁེར་རྐྱང་གི་གོམ་པའི་འདེགས་འཇོག་དང་བསྟུན་ཏེ། གཞོན་ནུ་མ་དེ་དང་འབྲེལ་བའི་གཏམ་རྒྱུད་དག་སྟོང་བའི་དབྱིངས་སུ་ལྷམ་མེར་བཀྲག་པའི་སྐར་ཚོགས་ལྟར་རེ་རེ་བཞིན་སེམས་ཀྱི་ནམ་མཁར་འཆར།

འོ། གཏམ་རྒྱུད་དེ་ནི་ཟླ་དུ་མའི་སྔོན་གྱི་མཚན་མོ་ཞིག་ནས་མགོ་བརྩམས་པ་རེད།

གཉིས།

ནུབ་འཚལ་འཐུང་ནས་ཅུང་ཙམ་འགོར་རྗེས། བློ་ཐུབ་ཀྱི་ཁ་པར་ལས་སྐད་འཕྲིན་ཐོན་པའི་སྒྲ་གྲག་བྱུང་།

བློ་ཐུབ་དུས་རྒྱུན་ཁ་པར་རྩེད་རྒྱུར་དེ་འདྲའི་མི་དགའ་མོད། དེ་ལྟར་རྩེད་རྒྱུ་མི་དགའ་བའི་རྒྱུ་མཚན་ནི་ཁོ་ཁ་པར་ནང་གི་སྒྲིག་སྦྱོར་དང་མ་ལག་གི་བཀོལ་སྟངས་ལ་བྱང་ཆ་མི་ཆེ་བའི་ཐོག ནམ་ཞར་གྲོགས་པོ་འགའ་ཤས་མ་གཏོགས་སྐད་འཕྲིན་གྱི་འབྲེལ་བ་ཤིན་ཏུ་ཉུང་། འོན་ཀྱང་། སློབ་ཆེན་གྱི་དགེ་རྒན་བྱས་པ་ནས་བཟུང་། མནའ་མ་དང་བུ་མོ་ཕ་ཡུལ་ལ་བསྐྱུར་ཏེ་གྲོང་ཁྱེར་དུ་ཁེར་རྐྱང་གི་འཚོ་བར་རོལ་བ་དང་། རྒྱུན་པར་སློབ་གྲྭ་དང་སྡེ་ཁག་གི་ལས་དོན་ཡོད་དོ་ཅོག་སྐད་འཕྲིན་བརྒྱུད་ནས་མངག་གཏོང་བྱེད་པས། བློ་ཐུབ་ཀྱིས་གྲོང་ཁྱེར་འདིའི་འགྲོས་ལྟར་ཁ་པར་ལ་དོ་ཁུར་སྔར་ལས་ཆེ་བར་གྱུར།

བློ་ཐུབ་ཀྱིས་སོ་མར་ཐོན་པའི་སྐད་འཕྲིན་གྱི་སྒྲ་དེ་ཐོས་རྗེས། སུ་ཞིག་ཡིན་པར་ཁ་པར་གྱི་འཆར་ངོས་ལ་བལྟས། ཁ་པར་གྱི་འཆར་ངོས་གཡོན་ཞབས་འཕྲིན་དེབ་ཐོག་ཏུ་གྲོགས་གསར་སྣོན་འཇུག་གི་བརྡ་རྟགས་དམར་ཐིག་ཅིག་མངོན། བློ་ཐུབ་ཀྱིས་བརྡ་རྟགས་དམར་ཐིག་དེར་མནན་ཙམ་བྱས་པས་གྲོགས་པོ་གསར་པ་སྣོན་འཇུག་གི་འཆར་ངོས་སུ་ཐོན། དེར་དྲ་མིང་ལ་བཞོ་དབྱངས་ཞེས་པ་ཞིག་གིས“ནང་འཇུག་གནང་རོགས”ཞེས་སྐད་འཕྲིན་སྣོན་འཇུག་གི་རེ་བ་ཞུས་སོང་། བློ་ཐུབ་ཀྱིས་མི་དེ་སུ་ཡིན་པར་ཆ་མ་འཚལ་ཡང་། འདི་ལྟར་མཚན་གཞུང་འཚོལ་བར་དོན་དག་ཅིག་ཡོད་པ་ཁོ་ཐག་རེད་སྙམ་སྟེ་སྐད་འཕྲིན་ནང་དུ་སྣོན་འཇུག་བྱས། གསར་དུ་བསྣན་པའི་བཞོ་དབྱངས་ཀྱིས་དེ་མ་ཐག“ནང་དུ་སྣོན་འཇུག་གནང་བར་ཐུགས་རྗེ་ཆེ། ང་ནི་ཁྱོད་ཀྱི་ཀློག་པ་པོ་ཞིག་ཡིན”ཞེས་སྐད་ཆའི་མགོ་བསླངས། བློ་ཐུབ་ཀྱིས་ཁ་པར་གྱི་འཆར་ངོས་སུ་མངོན་པའི་ཡི་གེར་ལྟ་བཞིན། ད་ལྟའི་བར་སྐད་འཕྲིན་ནང་དུ་ངོ་ཤེས་པ་དང་མི་ཤེས་པའི་དྲ་གྲོགས་མང་རྒྱུ་མེད་ལ་ཉུང་རྒྱུ་ཡང་མེད་ཀྱང་། དེ་དག་གི་ཁྲོད་དུ་ཀློག་པ་པོའི་ངོས་ནས་སྣོན་འཇུག་བྱས་པ་ནི་ཐེངས་འདི་གཅིག་པུ་ཡིན་ཕྱིར། སེམས་པ་ཅུང་དགའ་བཞིན“ཐུགས་རྗེ་ཆེ་ཞུ། འོན་ཀྱང་ང་ལ་ཀློག་པ་པོ་ཞིག་ཇི་ལྟར་ཡོད་སྲིད”ཅེས་དངོས་ཡོད་གནས་ཚུལ་དེ་ཡི་གེར་ཕབ་ནས་བཏང་།

བཞོ་དབྱངས་ཀྱིས“ངས་ཁྱོད་རང་ཡུན་རིང་བཙལ་མཐར་དེ་རིང་སོ་མར་རྙེད་སོང་། ཁྱོད་དང་འཕྲད་པ་ནི་ངའི་བསོད་ནམས་ཡིན”ཞེས་ཡི་གེ་དང་མཉམ་དུ་སོར་བཅུ་སྙིམ་པར་སྦྱར་བའི་པར་རིས་ཤིག་བཏང་སོང་། བློ་ཐུབ་ཅུང་ཡ་མཚན་སྐྱེ་བཞིན“ཁྱོད་ཀྱིས་འདི་ལྟར་ང་ཡུན་རིང་བཙལ་བར་དོན་ཅི་ཞིག་ཡོད”ཅེས་རྒྱ་ཡིག་གི་ལམ་ནས་དྲིས་པར་ལན་དུ་བོད་ཡིག་གིས་“ང་ནི་ཁྱོད་ལ་དད་བཀུར་ཅན་གྱི་ཀློག་པ་པོ་ཞིག་ཡིན་ཕྱིར། ཁྱོད་རང་འཚོལ་བ་ཡིན”ཟེར།

དྲ་ཐོག་གི་སྐད་ཆར་བློ་ཐུབ་ལ་ཡིད་རྟོན་ཆེར་མེད་ཀྱང་། རང་ཉིད་སློབ་ཆེན་གྱི་བོད་ཡིག་དགེ་རྒན་ཞིག་གི་ངོས་ནས་ཕར་ལ་རྒྱ་ཡིག་གི་ལན་དུ་ཚུར་ལ་བོད་ཡིག་འབྱོར་བར་ཅུང་ངོ་གནོང་ཞོར། འདི་ལྟར་ནན་གྱིས་བཤད་པར་དོན་དག་ཅིག་ཡོད་པ་ཁོ་ཐག་རེད་སྙམ་བཞིན“ཁྱོད་ཀྱི་མིང་ཇི་ལྟར་འབོད་པ་དང་ཡུལ་གང་གི་ཡིན”ཞེས་ཐེ་ཚོམ་སྒོས་དྲིས། “ང་ལ་བཞོ་དབྱངས་ཞེས་བོས་ན་ཆོག ང་ནི་མདོ་ཐང་ནས་འཚར་ལོངས་བྱུང་ཞིང་ད་ལྟ་སློབ་ཆེན་གྱི་སློབ་མ་ཞིག་ཡིན། རྩོམ་རིག་ནི་ངའི་ཚེ་སྲོག་ཡིན་ལ། ངས་ནམ་ཡང་ཁྱོད་ལྟ་བུའི་རྩོམ་པ་པོ་དག་ལ་གོང་བཀུར་བྱེད་བཞིན་ཡོད། ཉེ་ཆར་ཁྱོད་ཀྱིས་བརྩམས་པའི་སྒྲུང་རིང《འབྲོག་པ》ཞེས་པ་ནི་ངེད་སློབ་གླིང་གི་དགེ་སློབ་དག་གི་སྐད་ཆའི་བརྗོད་དོན་དུ་གྱུར་ཅིང་། ངས་ཀྱང་སྒྲུང་གཏམ་དེ་ཚར་གཅིག་བཀླགས་མྱོང་། སྒྲུང་གཏམ་དེས་ངའི་ཆུང་དུས་ཀྱི་བྱིས་པའི་ལོ་ཟླ་དག་ཕྱིར་དྲན་གྱི་འཇིག་རྟེན་དུ་ཁྲིད་འོང”ཞེས་ཁ་པར་གྱི་འཆར་ངོས་སུ་ཡི་གེ་གཅིག་འཕྲོར་གཅིག་སྤེལ་བྱུང་། ཁོ་མོའི་མིང་ངོ་མ་ཇི་ལྟར་འབོད་པ་མ་སྨྲས་ཀྱང་། ཕ་ཡུལ་མདོ་ཐང་ནས་ཡིན་པ་དང་། རྩོམ་རིག་ལ་དུངས་པའི་སློབ་ཆེན་མ་ཞིག་ཡིན་པ་གཞི་ནས་རྟོགས། མདོ་ཐང་ནི་ངེད་ཀྱི་ཕ་ཡུལ་གྱི་རིག་གནས་དང་སློབ་གསོའི་མཁའ་དབུགས་ཆེས་སྲབ་པའི་ཡུལ་གྲུ་ཞིག་ཡིན་ལ།ལྷག་པར་སྨྱུ་གུ་ཐོགས་ཏེ་རྩོམ་ཆོས་ལེགས་པོ་འཇོན་མཁན་ཤིན་ཏུ་ཉུང་ཞིང་། དེ་ལས་ཀྱང་བུད་མེད་རྩོམ་པ་པོ་ནི་ནམ་མཁའི་མེ་ཏོག་དང་རི་བོང་གི་རྭ་ལྟར་མཐོང་ཐོས་ཀྱི་ཡུལ་དུ་དབེན། དེ་རིང་གློ་བུར་དུ་མདོ་ཐང་གི་རྩོམ་རིག་ལ་དུངས་ཞེན་ཆེ་བའི་གཞོན་ནུ་མ་ཞིག་ངེད་ཀྱི་སྐད་འཕྲིན་དུ་ཡོང་བར་དགའ་སྤྲོ་དཔག་མེད་སྐྱེས་ཏེ། དེ་མ་ཐག་མེ་ཏོག་ཅིག་ཕུལ་བ་དང་ཆབས་ཅིག བཀྲ་ཤིས་རྟེན་འབྲེལ་ཞུས་པར་མ་ཟད། “མདོ་ཐང་ན་བུད་མེད་རྩོམ་པ་མོ་ཞིག་བྱུང་བ་ནི་ཅི་འདྲའི་གཏམ་བཟང་ཞིག་རེད་ཨང”ཞེས་ཁ་ཁོག་མེད་པའི་གཏམ་དག་ཡི་གེར་ཕབ་ཅི་ཐུབ་བྱས་ནས་བཏང་།

བློ་ཐུབ་ནི་རྩོམ་པ་པོ་མིང་གྲགས་ཅན་ཞིག་ཡིན། ལྷག་པར་ཁོས་ད་ལོ་གསར་དུ་བྲིས་པའི་སྒྲུང་རིང《འབྲོག་པ》ཞེས་པས་བོད་ཁུལ་དུ་སྐད་གྲགས་བཞག་ཡོད་པ་རེད། 《འབྲོག་པ》ནི་ཆུང་དུས་བྱིས་པའི་མཐོང་ཐོས་མྱོང་གསུམ་གྱི་སྣེ་ལས་དྲངས་ཏེ་འབྲོག་པའི་སྣོད་བཅུད་ཀྱི་རིག་གནས་དག་རྗོད་བྱེད་ཚིག་གི་སྦྱོར་བ་སྤེལ་བ་དང་། ལྷག་པར་སྒྲུང་རིང་དེར་འབྲོག་པའི་རིག་གནས་ནི་ལ་ཁའི་ཉི་མ་ལྟར་འཇིག་ཉེན་གྱི་དངངས་སྐྲག་དང་སྐྱོ་སྣང་གི་མཁའ་དབུགས་ཀྱིས་བཏུམས་པས། འབྲོག་ཡུལ་ནས་འཚར་ལོངས་བྱུང་བའི་ཡོན་ཏན་པ་དག་ལ་མཚོན་ན་རྣག་ཐོག་གི་གཙག་ཏུ་གྱུར།སྤྱིར་ངེད་ཀྱི་ལུང་པར་རྩོམ་ཡིག་ཐར་ཐོར་འབྲི་མཁན་ཡོད་ཀྱང་། རྩོམ་རིག་ལ་དུངས་ཞེན་དང་ལྷག་ཏུ་ས་གནས་རྩོམ་རིག་འཕེལ་རྒྱས་ལ་ལྷག་བསམ་གནང་མཁན་ནི་བློ་ཐུབ་གཅིག་པུ་ཡིན་ཞེས་བརྗོད་ཀྱང་འུད་དུ་མི་འགྲོ། དེ་བས་ཕ་ཡུལ་གྱི་རྩོམ་རིག་ལ་འཇུག་མཁན་རྒན་དར་གཞོན་གསུམ་སུས་ཀྱང་བློ་ཐུབ་མི་ཤེས་མཁན་གཅིག་ཀྱང་མེད་ལ། ལྷག་པར་བློ་ཐུབ་ཀྱི་བརྩམས་ཆོས་དག་བཀླགས་མ་མྱོང་མཁན་ཡོད་རེ་སྐན།

མཚན་གཞུང་གི་དུས་ཚོད་བཅུ་གཉིས་ཡོལ་རུང་། བློ་ཐུབ་ཀྱི་སྐད་འཕྲིན་ཐོན་པའི་སྒྲ་ད་དུང་ཡང་ཡང་དུ་གྲགས།

“ང་ནི་རྩོམ་རིག་ལ་དགའ་བ་ཙམ་མ་གཏོགས། རྩོམ་རིག་གི་མཛེས་རྟོག་དང་ཡིད་སྤྲོས་སོགས་ཅི་ཡང་མི་ཤེས།”

“དགའ་ཕྱོགས་ནི་སྒུལ་ཤུགས་ཡིན་ཕྱིར། རང་ཉིད་ཀྱི་དགའ་ཕྱོགས་དང་བསྟུན་ཏེ་འབད་པ་བྱས་ན། ནམ་ཞིག་ཁྱོད་ཀྱིས་རྩོམ་རིག་གི་ངོ་བོ་རྙེད་པར་མ་ཟད། སྒྱུ་རྩལ་གྱིས་ཕྱུག་པའི་རྩོམ་རིག་ལ་ཁ་ལོ་བསྒྱུར་ཐུབ།”

“ངས་རྩོམ་ཡིག་ཡིན་མིན་མི་ཤེས་པའི་ཡིག་ཚོགས་མང་པོ་བྲིས་ཏེ་དྲ་ཐོག་སོགས་སུ་སྤེལ་བཞིན་ཡོད།”

“ཕུགས་འདུན་མངོན་དུ་འགྱུར་བར་བརྩོན་འགྲུས་བཟང་པོའི་གྲོགས་ལ་བསྟེན་དགོས། མ་གཞི་རྩོམ་འབྲི་ནི་ལག་གིས་ཇི་ལྟར་བྱང་ན་དེ་ལྟར་རྩོམ་ཁ་ལྷོད་པས། རྒྱུན་བསྲིངས་པ་ནི་ཅིས་ཀྱང་གལ་ཆེ།”

“《འབྲོག་པ》ཞེས་པའི་སྒྲུང་གཏམ་དེའི་རྩོམ་ཐབས་གང་གི་གྲས་སུ་ཐེ། ”

“དེ་ནི་དངོས་ཡོད་རྩོམ་རིག་གི་གྲས་སུ་ཐེ་ཞིང་། དངོས་ཡོད་རང་བཞིན་དང་བསྐྱར་མཚོན་རང་བཞིན། དངོས་འབྲི་རང་བཞིན་གསུམ་ཀ་ཚང་ཐུབ་བྱས་ཡོད་པར་འདོད། གང་ལྟར་བྱིས་དུས་ཀྱི་མཐོང་ཐོས་མྱོང་རིག་གི་འབྲོག་པའི་རིག་གནས་དེ་ཕྱིར་དྲན་གྱི་རྣམ་པའི་ཐོག་ནས་མཚོན་ཅི་ཐུབ་བྱས་ཡོད། ”

“……”

མཚན་གཞུང་གི་གྲོང་ཁྱེར་ལྷིང་ཞིང་འཇགས་ཀྱང་། མཚམས་རེར་རླངས་འཁོར་ཡར་མར་རྒྱུག་པའི་སྒྲ་རྣ་བར་ཐོས། བློ་ཐུབ་ནི་གསར་དུ་བཅུག་པའི་དྲ་གྲོགས་དེའི་སྐད་ཆས་སེམས་པ་ཡོངས་སུ་བསླུས་པ་འདྲ་སྟེ། ཇི་ལྟར་འགྲེ་ལོག་བརྒྱབ་ཀྱང་གཉིད་མ་ཁུག མུན་ནག་གི་ཀློང་ནས་སེམས་པ་དྲ་གྲོགས་གསར་པ་དེའི་ཕྱོགས་སུ་ཤོར་ཞིང་། ཁོ་མོས་བཤད་པའི་སྐད་ཆ་དག་སྒྲ་དག་ཚིག་གསལ་གྱི་སྒོ་ནས་རྣ་བར་ལྷང་ལྷང་དུ་གྲག་ཡོང་བས། བློ་ཐུབ་ཀྱིས་དྲ་གྲོགས་དེའི་སྐོར་ལ་བསམ་གཞིག་མི་གཏོང་ག་མེད་བྱུང་།

མི་ཚེ་འདི་འོད་ཀྱིས་ཁྱབ་པའི་གུར་ཁང་ཞིག་ཡིན་ན། སློབ་ཆེན་གྱི་འཚོ་བ་ནི་འོད་ཐིགས་ཀྱི་ཟེགས་མ་རེ་རེས་གྲུབ་པའི་གཟི་བྱིན་གྱི་དྭངས་མ་དེ་ཡིན། མི་ཚེ་འདི་ཁ་དོག་དཀར་དམར་གྱིས་མདངས་བཀྲག་པའི་དབང་པོའི་གཞུ་མཆོག་དེ་ཡིན་ན། སློབ་ཆེན་གྱི་འཚོ་བ་ནི་ཚོན་མདངས་ཀྱི་གཞི་རུ་གྲུབ་པའི་རྩ་བའི་ཁ་དོག་དེ་ཡིན། གཞོན་ནུ་ཅིི་ཙམ་གྱིས་སློབ་ཆེན་པ་ཞིག་མངོན་འགྱུར་ཡོང་བར། དཀའ་སྡུག་ཁྲི་ཕྲག་གི་ངལ་བ་གདོང་དུ་བསུས་ཏེ། སློབ་སྦྱོང་གི་གོ་རིམ་ཁྲོད་མི་ཚེ་ཧྲལ་ཧྲུལ་གྱིས་བསྐྱལ་ཏེ་ཡོང་བ་ཤ་སྟག་ཡིན། སློབ་ཆེན་ནི་སུས་ཀྱང་རེ་བས་བཏེགས་པའི་རྒྱང་རིང་གི་ཞིང་ཁམས་དེ་ཡིན་ཕྱིར། སློབ་ཆེན་ནི་དྲན་དྲན་ཚང་མ་བདེ་བར་ཞུགས་སུ་ཆོག་པའི་ཚོང་ར་ལྟ་བུ་ཞིག་ག་ལ་ཡིན། སློབ་ཆེན་ནི་བརྩོན་འགྲུས་དང་བློ་རིག་རྒོད་པའི་གཞོན་ནུའི་འདུས་ཐང་དེ་ཡིན་ཕྱིར། སློབ་ཆེན་ན་ལེ་ལོ་དང་སྒྱིད་ལུག་གིས་དྲོད་ཁ་བསུ་བའི་འུ་ཐུག་ཚོ་འགྲོ་ས་ཞིག་གང་ན་ཡོད། དེ་བས་བཞོ་དབྱངས་ནི་ཧུར་བརྩོན་དང་རེ་ཆེན་གྱི་ཁྲེས་པོ་ཕྲག་ཏུ་བཏེགས་པའི་སློབ་ཆེན་པ་ཚོ་དང་འདྲ་བར། མི་ཚེ་ལ་ཚོན་མདོག་སྐྲུན་པའི་གཞོན་ནུ་མ་ཞིག་ཡིན་ངེས་ལ། ལོ་ཟླའི་འཁོར་འགྲོས་ཀྱི་ཚོར་འདུ་སྣ་ཚོགས་སྙན་ངག་གི་རྟ་ལ་འདྲེན་མཁན་གྱི་སྨྱུག་ཐོགས་མ་ཞིག་ཡིན་ངེས་སོ། །

བཞོ་དབྱངས་ནི་སུ་ཞིག་ཡིན་ནམ། བུ་ཞིག་ཡིན་ནམ་བུ་མོ་ཞིག་ཡིན། སྐད་འཕྲིན་དུ་བཤད་པ་ལྟར་ངའི་ཀློག་པ་པོ་ཞིག་ཡིན་ནམ། ང་ལ་བསླུ་བྲིད་ཀྱི་ལྕགས་ཀྱུ་དྲངས་ནས་ཅི་ཞིག་འཐོབ་ན་འདོད་པའི་དྲ་འབུ་གྱ་མ་གྱུ་ཞིག་ཡིན། ཡང་ན་མདོ་མེད་དུ་འཁྱམས་པའི་ཡུལ་གྱར་པ་ཞིག་གིས་སྟོང་གཏམ་སྤྲོས་པ་ཡིན་ནམ། དོན་དུ་བཞོ་དབྱངས་ཞེས་པའི་དྲ་འབུ་འདི་སུ་ཡིན་ནམ། དྲ་འབུ་འདིས་འདི་ལྟར་ང་ལ་འབྲེལ་བ་ནི་དམིགས་བསལ་གྱི་དོན་དག་ཅིག་ཡོད་ངེས། བློ་ཐུབ་ཀྱིས་དེ་ལྟར་དྲན་བཞིན་སྨག་ནག་གི་མཚན་གཞུང་དེ་བསམ་གཞིགས་ཁོ་ནས་བསྐྱལ།

གསུམ།

དགོང་མོར་གསོལ་ཇ་ཚར་རྗེས། བློ་ཐུབ་ཉལ་གདན་གྱི་ཟུར་ཞིག་ན་གན་རྐྱལ་དུ་ངལ་གསོ་བྱས་འདུག དྲ་གྲོགས་གསར་པ་དེ་སྐད་འཕྲིན་དུ་བཅུག་པ་ནས་བཟུང་། བློ་ཐུབ་ཀྱིས་ཁ་པར་ལག་ཏུ་བཟུང་གྲངས་མང་ཞིང་། རྟག་ཏུ་ཁ་པར་གྱི་འཆར་ངོས་བལྟ་རྒྱུར་དེ་བས་དགའ་བོར་གྱུར། ངོ་མ་བཤད་ན་ཉེ་ཆར་བློ་ཐུབ་ལ་སྐད་འཕྲིན་ཐོན་པའི་སྒྲ་ཞིག་གྲག་ཡོང་ན་དེ་ནི་བཞོ་དབྱངས་ཞེས་པའི་དྲ་འབུ་དེ་ཡིན་ངེས་རེད་ཅེས་བཤད་ཀྱང་ཆེ་རུ་མི་འགྲོ།

“ཏིང་ཏིང”སྐད་འཕྲིན་ཐོན་པའི་སྒྲ་གྲག་བྱུང་། བློ་ཐུབ་ཀྱིས་མྱུར་བར་ཁ་པར་གྱི་འཆར་ངོས་ལ་བལྟས། བཞོ་དབྱངས་ཀྱིས། “སྙན་ངག་གི་ལྷ་བོ་ཆེ། ཅི་ཞིག་མཛད་བཞིན་ཡོད། སྒྱུ་རྩལ་གྱིས་ཕྱུག་པའི་སྙན་ངག་ཅིག་འབྲི་བཞིན་ཡོད་དམ། འཚོ་བས་བཏུམས་པའི་སྒྲུང་གཏམ་ཞིག་འབྲི་བཞིན་ཡོད”ཅེས་པའི་ཡིག་འབྲུ་འགའ་བསྐུར་ཡོང་། སྙན་ངག་གི་ལྷ་བོ་ཆེ་ཞེས་པའི་ཡི་གེ་དེ་མཐོང་མ་ཐག་བློ་ཐུབ་ཀྱི་སེམས་སུ་རང་ཉིད་ཆེན་པོར་ཆགས་པའི་ཉམས་ཤིག་ཤར་བ་དང་སེམས་སུ་བརྗོད་མི་ཤེས་པའི་ཚོར་བས་ཁེངས།“གྲོགས་པོ།ངས་ཅི་ཡང་འབྲི་བཞིན་མེད། ཉིན་གཅིག་གི་འདུ་འཛི་ཁྲོད་སེམས་པ་ཅུང་དུབ་པས་ངལ་གསོའི་གནས་ལ་རོལ་བཞིན་ཡོད”ཅེས་དངོས་ཡོད་གནས་ཚུལ་དེ་ཐད་ཀར་ཕར་ཀའི་དྲ་གྲོགས་ལ་བསྙད།

“ངལ་གསོ་ནི་བསམ་གཞིག་གིི་སྔོན་འགྲོ་ཡིན་ཞིང་། ངལ་གསོ་དང་བསམ་གཞིགས་ཁྲོད་ནས་ད་གཟོད་སྒྱུ་རྩལ་ཅན་གྱི་སྙན་ངག་འཁྲུངས་འོང”ཞེས་དྲ་གྲོགས་དེས་ཁ་ཡག་ལྟ་བུའི་གཏམ་གྱི་རྒྱུན་བསྲིངས།

“ཁྱོད་ངོ་མ་སུ་ཡིན། དྲང་པོའི་གཏམ་ནི་ང་ལ་ཉེ་བར་མཁོ།”

“ངས་སྔོན་ནས་བཤད་ཟིན། ང་ནི་ཡུལ་མདོ་ཐང་ནས་འཚར་བའི་སློབ་ཆེན་མ་ཞིག་ཡིན། ཁྱོད་ཀྱིས་འདི་ལྟར་ཡང་ནས་བསྐྱར་དུ་འདྲི་བ་ནི་ངས་བཤད་པའི་སྐད་ཆར་འཕྱང་མོ་ཉུག་པ་ཡིན་ནམ།”

“དེ་ལྟར་མིན་ཡང་། ངའི་དྲན་སྣང་དུ་ཁྱོད་ནི་སློབ་ཆེན་མ་ཞིག་མིན་པར་འདོད། ཇི་ལྟར་བསམ་ཡང་ཁྱོད་ཀྱིས་ང་འཚོལ་བར་དོན་དག་གལ་ཆེན་ཞིག་ཡོད་པ་འདྲ།”

“ངས་ཁྱོད་དང་ཁྱོད་ཀྱི་བརྩམས་ཆོས་ལ་དད་བཀུར་བགྱིས་ཆེ་བས་ད་གཟོད་ཁྱོད་རང་འཚོལ་བ་ཡིན། སྐད་ཆ་འདི་ཐེངས་གཅིག་མིན་པར་མང་པོར་ཞུས་ཟིན། མ་གཞི་ཁྱོད་འཚོལ་བ་ནི་ངའི་ལོངས་སྤྱོད་ཅིག་ཏུ་བརྩིས་ཡོད། ”

“མི་རིགས་སློབ་ཆེན་གང་གི་སློབ་མ་ཡིན། ”

“ང་ལ་མང་པོ་མ་འདྲི་རོགས། འདི་ལྟར་དྲིས་པ་མང་སོང་ན་ངས་ཁྱོད་ལ་ཕུལ་བའི་དད་བཀུར་གྱི་ཁ་དོག་འགྱུར་ཉེན་ཆེ། འོ། སྐད་ཆ་བཤད་པར་གུས་ཞབས་བོར་སོང་། དགོངས་དག་ཞུ། ”

སྐབས་དེར་བློ་ཐུབ་ཀྱིས་ཅི་ཞིག་འཆད་ན་དྲ་གྲོགས་དེའི་བློ་རུ་འབབ་པ་མ་ཤེས་པར་སླར་བསམ་གཞིགས་ཀྱི་དྲ་རུ་ཚུད། ཁོས་གློ་བུར་དུ་ཅི་ཞིག་དྲན་པ་བཞིན་ཁ་པར་གྱི་འཆར་ངོས་ཕྱེས་ཏེ་བཞོ་དབྱངས་ཀྱི་གྲོགས་པོའི་ཚོམས་ཀྱི་དྲ་སྒོ་ཕྱེས། འོན་ཀྱང་། བཞོ་དབྱངས་ཀྱི་གྲོགས་པོའི་ཚོམས་ཀྱི་སྒོ་བརྒྱབ་པས་ཅི་ཡང་མཐོང་མི་ཐུབ། བློ་ཐུབ་ཀྱིས་ཅི་ཡང་མཐོང་མི་ཐུབ་པའི་འཆར་ངོས་སུ་ཡུན་རིང་ཅེར་ཏེ། བཞོ་དབྱངས་ཀྱིས“ཁྱོད་རང་འཚོལ་བ་ནི་ངའི་ལོངས་སྤྱོད་ཅིག་ཏུ་བརྩིས་ཡོད”ཅེས་པའི་ཡིག་འབྲུ་དེ་དག་མིག་མདུན་དུ་འཆར་འོང་ཞིང་། ང་རང་འཚོལ་བ་དང་དེ་མོའི་ལོངས་སྤྱོད་དུ་གྱུར་དོན་ཅི་ཞིག་གམ། མ་གཞི་ལོངས་སྤྱོད་ཅེས་པ་དེ་ལ་ཇི་ལྟར་འགྲེལ་ན་བཟང་། བསམ་པའི་ལོངས་སྤྱོད་དང་ལུས་ཀྱི་ལོངས་སྤྱོད་སོགས་ལོངས་སྤྱོད་ཀྱི་རིགས་མང་བས། ང་རང་འཚོལ་བའི་ལོངས་སྤྱོད་དེ་གང་གི་ཁོངས་སུ་གཏོགས་སམ། བློ་ཐུབ་ཀྱིས་དེ་ལྟར་དྲན་བཞིན་ཁ་པར་གྱི་འཆར་ངོས་སུ་བཏབ་པའི་བཞོ་དབྱངས་ཀྱི་སྐད་ཆ་དག་ཡང་ཡང་དུ་བཀླགས།

མཁའ་དབྱིངས་སུ་འཚེར་བའི་ཟླ་བའི་འོད་མདངས་བློ་ཐུབ་ཉལ་སའི་སྒེའུ་ཁུང་གི་ཕྱོགས་སུ་མེར། ཁེར་རྐྱང་གི་ཟླ་བས་མཐའ་མི་མངོན་པའི་ཀུན་གསལ་གྱི་དབྱིངས་སུ་ཅི་ཞིག་འཚོལ་བཞིན་ཡོད་དམ། ཟླ་བས་བཀྱེས་པའི་འོད་ཀྱི་ཐིགས་ཕྲེང་རེ་རེ་ནི་སེམས་སུ་འཕྱོ་བཞིན་པའི་དྲན་གདུང་རེ་ཡིན་དུ་སྲིད། དོ་ནུབ་ཀྱང་གཉིད་མི་ཁུག་པའི་མཚན་མོའི་བཞུད་ལམ་ཞིག་ཡིན་ལ། བློ་ཐུབ་ཀྱིས་གསར་དུ་སྣོན་འཇུག་བྱས་པའི་དྲ་གྲོགས་དེའི་སྐོར་ལ་བསམ་གཞིགས་དང་ཐེ་ཚོམ་བསླས་པའི་དྲན་གདུང་གི་སྐུད་པ་བསྐྲུན། བཞོ་དབྱངས་ཁྱོད་ནི་དོན་ངོ་མ་སུ་ཡིན། ཁྱོད་ནི་ཧུར་བརྩོན་གྱི་རྟ་ཕོར་བཞོན་ཏེ་ཕུགས་བསམ་མངོན་འགྱུར་ཡོང་བར་ཤུགས་ཀྱིས་མདུན་དུ་བསྐྱོད་པའི་སློབ་ཆེན་མ་དེ་ཡིན་ནམ། ངའི་ཅི་ཞིག་འཐོབ་འདོད་ཀྱི་ངན་སེམས་དྲག་ཏུ་གཡོ་བའི་སློབ་ཆེན་གྱི་གྲལ་མཐའ་རུ་གད་སྙིགས་བཞིན་སྤུར་བའི་ཉུག་མ་དེ་ཡིན། ཁྱོད་ནི་ངའི་བརྩམས་ཆོས་ཀྱིས་རབ་ཏུ་བཟི་བའི་ཀློག་པ་པོ་ཡ་རབས་གུས་ལྡན་ཅན་དེ་ཡིན་ནམ། ཡང་ན་ངའི་ཅི་ཞིག་གི་ཆེད་དུ་འདི་ལྟར་མཚན་ཐུན་རེ་རེ་གཉིད་དུ་ཁུག་མི་འཇུག་པའི་བྱེད་པོ་སྟོབས་ཆེན་དེ་ཡིན། ང་ནི་ལང་ཚོའི་འཛུམ་མདངས་སྔ་ནས་ཡལ་ཏེ་བཞི་བཅུའི་སྔས་མགོ་བྱས་པའི་དར་མ་ཞིག་ཡིན་པ་ཁྱོད་ཀྱིས་ཤེས་སམ། ང་ནི་མནའ་མ་དང་ཕྲུ་གུའི་མཐའ་རུ་སྐོར་བའི་ཁྱིམ་ཚང་ཞིག་གི་འགན་འཁྲི་ཕྲག་པར་བཏེགས་པའི་ཡབ་ཆེན་ཞིག་ཡིན་པ་ཁྱོད་ཀྱིས་ཤེས་སམ། འདི་དག་ནི་ཁྱོད་ཀྱིས་ཅིས་ཀྱང་ངེས་དགོས་པའི་དོན་དག་ཅིག་ཡིན་ལ། ཁྱོད་དང་ངའི་བར་དུ་ནམ་ཡང་ཡུལ་དུས་ཀྱིས་ཆོད་པའི་བར་ཐག་ཅིག་ཡོད། ཁྱོད་ཀྱིས་འཚོལ་བ་ནི་ངའི་བརྩམས་ཆོས་ཀྱི་སྒྱུ་རྩལ་ཡིན་ནམ། ངའི་ཞེན་ཆགས་ལ་འཁོར་བའི་ཉོན་མོངས་ཀྱི་སྨུག་སྤྲིན་དེ་ཡིན། གང་ལྟར། ཁྱོད་ཀྱི་སྐད་འཕྲིན་རེ་རེ་ཐོན་པའི་ར་མདའ་རུ་ངའི་སེམས་པ་འདི་སྡོད་དུ་མ་བཅུག་ལ། ཁྱོད་ལ་སྐད་ཆ་ཐོར་བུ་ཙམ་ཞིག་གི་ལབ་གླེང་དེས་ཀྱང་ང་རང་གཉིད་གཏན་ནས་མི་ཁུག་པའི་འུག་པའི་བརྟུལ་ཞུགས་ལ་འཛིན་བཞིན་ཡོད།

མཐོང་བ་གཅིག་གིས་བརྩེ་དུངས་བརྟས་པ་བདེན་ཡང་། མ་མཐོང་བས་ཀྱང་བརྩེ་དུངས་བརྟས་སྲོལ་ཞིག་ཡོད་དམ། ཀྱེ། བཞོ་དབྱངས་ལགས། ཁྱོད་ནི་འདྲེའམ་ལྷ་ཡིན། མིའམ་ཅི་ཡིན། གསང་བ་འདི་ངས་ནམ་ཞིག་སེམས་ཀྱི་སྒྲོག་ལས་དགྲོལ་ཐུབ་བམ། དྲ་ལམ་འདི་གཤགས་ཏེ་ཁྱོད་རང་ངོ་མ་དེ་དུས་ནམ་ཞིག་འཚོལ་ཐུབ་བམ།

བཞི།

ད་ནི་བློ་ཐུབ་ཀྱི་མཚན་མོའི་རྨི་ལམ་དང་ཉིན་མོའི་གོམ་པའི་འདེགས་འཇོག་གང་དུ་གཟུགས་མེད་ཀྱི་བཞོ་དབྱངས་ཀྱི་ལུས་ངག་གིས་ཁྱབ་ཅིང་། ཐ་ན་ཁོའི་འཚོ་བའི་རྒྱུ་གཙོ་བོར་གྱུར་པའི་སྙན་ངག་དང་སྒྲུང་གཏམ་གྱི་བརྗོད་བྱ་ཡང་བཞོ་དབྱངས་དང་དམ་དུ་སྦྲེལ། ཁོས་སེམས་ཀྱི་གཏིང་ན་ལྷམ་མེར་བཞད་པའི་བཞོ་དབྱངས་ནི་ཆེས་མཛེས་སྡུག་ལྡན་པའི་ཚོར་བ་ཞིག་ཏུ་སྦྲུམ་སྟེ། ཞོགས་པའི་སྐྱ་རེངས་དང་དགོང་མོའི་སྲོད་དུས་གང་ཡིན་ཡང་ཁ་པར་བརྒྱུད་དེ་བཞོ་དབྱངས་ལ་འཚམས་འདྲི་དང་སྐད་འཕྲིན་གྱི་རྒྱུན་བསྐྱངས་པས། ཁོའི་འཚོ་བར་བཞོ་དབྱངས་ཀྱི་ཁ་དོག་གིས་ཡོངས་སུ་ཁྱབ།

བློ་ཐུབ་ཀྱིས་ཉེ་ཆར་བཞོ་དབྱངས་ལ་བཅངས་པའི་ཚོར་བ་དེ་སྙན་ངག་ཅིག་ཏུ་ཕབ་ཡོད། དུངས་སེམས་བརྗོད་པའི་སྙན་ངག་དེ་ཁོས་གཉིད་མི་ཁུག་པའི་མཚན་མོ་ཞིག་གི་ཡུན་ཐུང་ལ་བྲིས། སྙན་ངག་དེའི་བརྗོད་དོན་ཐད་ཀར་བཞོ་དབྱངས་བྱས་མེད་ཀྱང་གབ་སྦས་ཀྱི་ཕྱིང་རས་བསལ་ན། བཞོ་དབྱངས་ངོ་ཤེས་པ་ནས་ད་ལྟའི་བར་དུ་བྱུང་བའི་སེམས་ཚོར་དག་སྒྱུ་རྩལ་གྱི་ལམ་ནས་མཚོན་པར་བྱས་ཡོད། བློ་ཐུབ་ཀྱིས་བྲིས་པའི་སྙན་ངག་དེའི་ཚིག་འབྲུ་རེ་རེའི་བར་ན་འདང་བརྩེ་ཟབ་པའི་ཚོར་བས་ཁེངས་ཤིང་། ཚོར་བ་སྣ་ཚོགས་ཀྱིས་གྲུབ་པའི་སྙན་ངག་དེ་ད་གཟོད་གཉིད་མི་ཁུག་པའི་མཚན་མོ་དེ་རུ་ལེགས་འགྲུབ་བྱུང་བ་རེད། སྙན་ངག་ལ་ཚེ་སྲོག་མེད་ཀྱང་སྙན་ངག་ལ་ཚེ་སྲོག་ལས་ལྷག་པའི་སྒྱུ་རྩལ་ཡོད། སྙན་ངག་ལ་སྐད་གདངས་མེད་ཀྱང་སྙན་ངག་ལ་མི་སེམས་དགུག་ཐུབ་པའི་སྐད་ཆ་ཡོད། སྙན་ངག་དེ་ནི་བློ་ཐུབ་ཀྱིས་བཞོ་དབྱངས་ལ་བཅངས་པའི་ཚོར་བ་རྗེན་པ་ཞིག་ཡིན་ཞིང་། བློ་ཐུབ་ཀྱི་འཚོ་བར་དབུ་ཁྱུད་གསར་དུ་བཞེངས་པའི་ལམ་གྱི་རི་མོ་ཡིན། སྙན་ངག་དེ《གངས་ལྗོངས》དུས་དེབ་ཏུ་སྤེལ་བ་ནས་བཟུང་ཀློག་པ་པོ་མང་པོ་ཞིག་གི་གདེང་འཇོག་ཆེན་པོ་ཐོབ་ལ། འགའ་ཡིས་དེ་ནི་བརྩེ་དུང་མཚོན་པའི་སྙན་ངག་གི་ཚབ་མཚོན་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་མཆོད།

ད་ནི་མཚན་གུང་གི་དུས་ལ་སླེབས། བློ་ཐུབ་ཀྱིས་དོ་ནུབ་ཡུན་རིང་སྒོ་བརྒྱབ་པའི་རྒྱང་རིང་སློབ་ཆེན་སློབ་མའི་ཁ་པར་ལ་རེ་བས་བསྒུགས། བཞོ་དབྱངས་ཀྱིས་འདི་ལྟར་ཁ་པར་དོན་མེད་དུ་སྒོ་བརྒྱབ་པ་ནི་དོ་ནུབ་གཅིག་པུ་མིན་ཞིང་། ཁོ་མོས་མཚམས་རེར་ཉིན་གཅིག་གཉིས་ཀྱི་ཡུན་དུ་ཁ་པར་དང་ལེན་མི་བྱེད་པའི་སྐབས་ཀྱང་མི་ཉུང་བས། གནས་ཚུལ་དེ་བློ་ཐུབ་ལ་གོམས་ཡོད། བློ་ཐུབ་ཀྱིས་གནས་ཚུལ་དེ་ཁོ་མོར་དྲིས་མ་མྱོང་ཡང་དེ་ནི་ཁོ་མོའི་སེམས་ཁམས་ལ་འབྲེལ་བ་ཡོད་པ་འདྲ། རྒྱུ་མཚན་དེས་བློ་ཐུབ་ཀྱིས་བཞོ་དབྱངས་ལ་འབྲེལ་བ་བྱས་བྱས་ཡོད་ཚད་དང་ལེན་བྱས་ཡོད་པའི་ངེས་པ་མེད་ཀྱང་། བློ་ཐུབ་ཀྱིས་དེ་དག་ལ་དོགས་སྣང་མེད་ཁར་རང་རྟོན་ཆེན་པོའི་སྒོ་ནས་རེ་སྒུག་བྱེད།

གཞི་ནས་སྐད་འཕྲིན་གྲག་བྱུང་། “དོ་ནུབ་གྲོགས་པོ་འགའ་དང་མཉམ་དུ་གསོལ་མཆོད་དུ་སོང་བ་ཡིན། ཁྱོད་ལ་ཐད་ཀར་ལན་བསྐྱོན་མ་ཐུབ།”

“ཅི་སྐྱོན། རེ་སྒུག་ཁྲོད་ད་གཟོད་རང་ཉིད་ལ་དབང་བའི་ཚོར་བ་དེ་རྙེད་ཐུབ།”

“ཁྱོད་ཀྱིས་རྙེད་པའི་ཚོར་བ་དེ་ཅི་འདྲ་ཞིག་ཡིན།”

“ཚོར་བ་དེ་ནི་སྙན་ངག་པའི་སོར་རྩེ་རུ་འཕྱོ་བའི་དབྱངས་གསལ་གྱི་འགྱུར་ཁུགས་རེ་རེ་ཡིན། ཚོར་བ་དེ་ནི་སྒྲུང་གཏམ་པའི་ཡིད་ཀྱིས་སྤྲུལ་བའི་འཚོ་བའི་ཟབ་ས་དེ་ཡིན། ཚོར་བ་དེ་ནི་རི་མོ་བའི་པིར་ཁ་རུ་རྒྱུ་བའི་ཚོན་གྱི་ཁ་དོག་གཞན་དེ་ཡིན།”

“དོ་ནུབ། ངས་ནས་ཆང་གི་བཅུད་བཟང་ལས་རང་ཉིད་ཀྱི་ཚོར་བ་ཉུལ་བ་ཡིན། ད་ལྟའི་ང་ནི་བར་སྣང་ན་ལྡིང་སྐོར་བྱེད་བཞིན་པའི་རྒོད་པོ་ཞིག་དང་འདྲ་བར་ངའི་སྣང་བར་ཡོད་ཚད་མཁའ་རུ་འཕྱོ།”

“འུ་གཉིས་ཀྱི་ཚོར་བ་མི་གཅིག་སྟེ། ཁྱོད་ཀྱི་ཚོར་བ་ནི་ནས་ཆང་གིས་བཟི་ནས་སྦྲིད་ཚོར་དང་ངའི་ཚོར་བ་ནི་རེ་སྒུག་གིས་བསླངས་པའི་མྱོས་ཚོར་རོ། ། ཡིན་ནའང་ཚོར་བ་འདི་དེད་དེ་སོང་ན་འབབ་ས་ནི་སེམས་པ་འདི་ལས་མེད།”

“འོ། དེ་རིང《གངས་ལྗོངས》དུས་དེབ་ཐོག་ཏུ་སྤེལ་བའི་ཁྱོད་ཀྱི་སྙན་ངག་དེ་ཀློག་པའི་གོ་སྐབས་རྙེད། ཟབ་ཚད་ཆེ་བས་དོན་ཇི་བཞིན་རྟོགས་པ་དཀའ་ཡང་། འདང་བརྩེའི་སྐད་ཆ་དེ་དག་གིས་ཡིད་སེམས་དབང་མེད་དུ་ཕྲོགས་སོང་། ”

“སྙན་ངག་དེ་ཆེད་དུ་ཁྱོད་ལ་བྲིས་པ་ཡིན།”

“ཨ། ང་ལ་བྲིས་པ་ཡིན་ནམ། དེས་ན་སྙན་ངག་ཁྲོད་ཀྱི་སྐད་ཆ་དེ་དག་ཁྱོད་ཀྱིས་ང་ལ་བཤད་པའི་སྙིང་གཏམ་འབའ་ཞིག་ཡིན་ཞེས་བཤད་ཨེ་སྤོབས”ཞེས་བཞོ་དབྱངས་ཀྱིས་དགའ་ཚོར་ཆེན་པོས་རང་ཉིད་ཀྱི་སྣང་བ་སྔར་ལས་མཁའ་ནས་མཁའ་རུ་འཕགས།

“སྙིང་གཏམ་ཞེས་བརྗོད་མི་ནུས་ཀྱང་། དོན་དུ་སྙན་ངག་དེ་ངས་ཁྱོད་ལ་བཅངས་པའི་ཚོར་བའི་བསྡུས་གཟུགས་ཡིན ”ཞེས་བློ་ཐུབ་ཀྱིས་སྙན་ངག་དེའི་སྒྱུ་རྩལ་མཚོན་དོན་དེ་བཞོ་དབྱངས་ཡིན་པར་བཤད།

བཞོ་དབྱངས་དགའ་བས་དགོད་མ་ཆགས་པར“སྙན་ངག་གི་ལྷ་བོ་ཆེ། ངོ་མ་བཤད་ན་ཁྱོད་ནི་ངའི་ཕོ་ལྷ་ཡིན”ཞེས་སེམས་ཀྱི་དྲན་ཚུལ་ངོ་མ་དེ་བློ་ཐུབ་ལ་གཞི་ནས་བཤད། “ངས་མཐོ་འབྲིང་གསུམ་པ་ནས་བཟུང་སྐད་ཆ་འདི་སེམས་སུ་ཞོ་གསར་བཞིན་བསྙལ་ནས“གཉན་པོའི་གསང་བ”རུ་བྱས། ལོ་ཟླའི་འཁོར་འགྲོས་དང་བསྟུན་ཏེ་སྐད་ཆ་འདི་གཏན་ནས་བསྐྱུད་མ་མྱོང་ལ། ཇི་ལྟར་ཁྱོད་ལ་བཤད་པའི་གོ་སྐབས་དང་སྤོབས་པ་གཏན་ནས་མ་རྙེད། ང་རང་སློབ་ཆེན་གྱི་སྒོ་ཐེམ་བརྒལ་ཏེ། སྤྱི་ཚོགས་ཐོག་གི་གནས་ཚུལ་མང་པོ་ཞིག་གདོང་གཏུག་ར་སྤྲོད་བྱས་པའི་ཉམས་མྱོང་ཁྲོད། གཞི་ནས་དྲ་ཐོག་བརྒྱུད་དེ་ཁྱོད་རང་བཙལ་བ་ཡིན། ངས་དྲ་ཐོག་ནས་ཁྱོད་རང་འཚོལ་ཚུལ་ནི་བོར་དངོས་རྩ་ཆེན་ཞིག་ཉུལ་བ་བཞིན་དྲ་ལམ་རེ་རེའི་སྐུད་སྣེ་བརྒྱུད་དེ་ཞིབ་ཚགས་ཀྱིས་བཙལ་བ་ཡིན། དེ་ལྟར་ཉིན་རྒྱུན་ཕྲེང་བའི་མཐར་ཁྱོད་རང་གཞི་ནས་བཙལ་ཐུབ་ཀྱང་ངས་ཁྱོད་ལ་བརྩེ་ཚོར་ཡོད་པའི་སྐད་ཆ་ངོ་མ་འདི་ཐད་ཀར་བཤད་པའི་སྤོབས་པ་ཞིག་གཏན་ནས་རྙེད། དེ་རིང་གཅིག་ནས་ཁྱོད་ཀྱིས་སྙན་ངག་དེ་ཆེད་དུ་ང་ལ་བྲིས་པའི་དགའ་ཚོར་དང་། གཉིས་ན་དོ་ནུབ་ཀྱི་ཆང་ཁའི་གོ་སྐབས་དང་བསྟུན་ཏེ་སྐད་ཆ་དེ་བཤད་སྤོབས་བྱུང་ཞིང་། སྐད་ཆ་དེ་བཤད་ཚར་བ་དང་ཆབས་ཅིག་ང་རང་ཁྲེས་པོ་ཆེན་པོ་ཞིག་ཕྲག་པ་ལས་ཕོག་པ་ལྟ་བུའི་བདེ་བའི་སྣང་བ་སྟེར”ཞེས་བཟི་མ་གཏམ་གྱི་སྐད་ཆ་དེ་སྐད་འཕྲིན་བརྒྱུད་ནས་སྤེལ།

བློ་ཐུབ་ཀྱིས་ཕོ་ལྷ་ཞེས་པའི་བསྟོད་ཚིག་དེ་ཐོས་འཕྲལ་ཅིས་ཀྱང་འཚུབ་ཆ་ཞིག་ལངས་ཤིང་། ལང་ཚོའི་མེ་ཏོག་རབ་ཏུ་རྒོད་པའི་གཞོན་ནུ་མ་ཆུང་ཆུང་ཞིག་གིས་འདི་ལྟར་དྲན་པ་ནི་ཡ་མཚན་སྐྱེས་ཀྱང་། འདང་ཞིག་བརྒྱབ་ཚེ་རང་ཉིད་ཀྱི་ན་ཚོད་ནི་འདི་དག་གླེང་བའི་སྐབས་དང་བརྒལ་བ་རྟོགས་ཏེ། ཅུང་ངོ་སྐྱེངས་པའི་ཚུལ་གྱིས“ངའི་ན་ཚོད་ཁྱོད་ལས་ལྡབ་གཅིག་ཆེ་ངེས”ཞེས་བཤད།

བཞོ་དབྱངས་ཀྱིས་དེ་མ་ཐག“དེ་ངས་སྔ་ནས་ཤེས། ”

“ང་ནི་བཟའ་ཚང་འཁོར་བཅས་ཀྱི་དུད་རྒན་གྱི་བདག་པོ་ཡིན།”

“དེ་ཡང་ངས་སྔར་ནས་ཤེས། ངས་ཁྱོད་ཀྱི་ཡོད་ཚད་རྒྱུས་ལོན་བྱས་ཟིན། ཡིན་ནའང་ཁྱོད་ནི་ནམ་ཡང་ངའི་ཕོ་ལྷ་ཡིན།”

“ཁྱོད་རང་ར་བཟི་མེད་དམ། ཁྱོད་ཀྱི་སྐད་ཆ་འདི་དག་ངས་ཇི་ལྟར་དང་ལེན་བྱེད་དགོས་སམ།”

“ང་གཏན་ནས་བཟི་མེད། སྐད་ཆ་འདི་དག་ཁྱོད་ཀྱིས་སྙན་ངག་བྲིས་པ་ལྟར་དང་ལེན་བྱོས། འདི་ནི་ངས་ཁྱོད་རང་འཚོལ་དོན་ངོ་མ་དེ་ཡིན”ཞེས་བཞོ་དབྱངས་ཀྱིས་སྐད་ཆ་གཅིག་འཕྲོར་གཅིག་ཡི་གེར་ཕབ་སྟེ་བཏང་།

བློ་ཐུབ་དང་བཞོ་དབྱངས་གཉིས་སྐད་འཕྲིན་གྱི་འབྲེལ་བ་བཟུང་ནས་ད་བར་ཕལ་ཆེར་ཟླ་བ་གཉིས་ཟུང་བཞི་འགོར་ཟིན། ཡིན་ནའང་། ཁོང་གཉིས་ཕན་ཚུན་བར་དུ་སྐད་འཕྲིན་བརྒྱུད་དེ་ཡི་གེ་བསྐུར་རེས་མ་གཏོགས། སྐད་ངག་གི་ལམ་ནས་ཚིག་གཅིག་ཀྱང་བཤད་མ་མྱོང་ལ། ཐ་ན་བློ་ཐུབ་ཀྱིས་བཞོ་དབྱངས་ཀྱི་བྱད་གཟུགས་སོགས་ཇི་ལྟར་ཡོད་པ་ད་ལྟའང་གཏན་ནས་མི་ཤེས། ཁོས་བཞོ་དབྱངས་ལ་དྲན་རྟེན་དུ་པར་ཞིག་བསྐུར་བའི་རེ་བ་ཐེངས་དུ་མར་ཞུས་ཀྱང་། བཞོ་དབྱངས་ཀྱིས་རྗེས་སུ་གོ་སྐབས་ཡོད་ཅེས་བློ་ཐུབ་ཀྱི་རེ་བ་དང་ལེན་མ་བྱས། ད་དུང་གཞན་ཞིག་ནི་བློ་ཐུབ་ཀྱིས་དུས་ད་ལྟར་བཞོ་དབྱངས་ཀྱི་སྐད་ཆ་ཐོས་མ་མྱོང་བའི་རྒྱུ་མཚན་ནི། བཞོ་དབྱངས་ཀྱིས་ལམ་དང་ཉེ་ཡ་གཉིས་ནི་རྒྱང་དང་། བར་ཐག་ནི་མཛེས་སྡུག་གོ་ཞེས་པའི་རྩ་དོན་བཟུང་ཡོད་པས་ཡིན།

དོ་ནུབ་བློ་ཐུབ་ལྷག་ཏུ་གཉིད་ག་ལ་ཁུག ཁོས“གསང་བའི་བདག་པོར”གྱུར་པའི་བཞོ་དབྱངས་ཀྱི་ཕྱོགས་ལ་ཞིབ་འདང་མི་རྒྱག་ཐུ་མེད་བྱུང་། བཞོ་དབྱངས་ནི་ཐོག་མར་ཤེས་མེད་ཚོར་མེད་ངང་བློ་ཐུབ་ཀྱི་སྐད་འཕྲིན་བརྒྱུད་དེ་སེམས་ཀྱི་ཁང་བཟང་དུ་འཛུལ་བ་དང་། དེ་ནས་བསྐྱུར་ཐབས་བྲལ་བའི་ཚོར་བའི་བདག་པོ་དང་ད་ལྟ་ནི་ངེས་པ་དོན་གྱི་སེམས་ཀྱི་དྲན་ཤིང་དུ་གྱུར། ཡིན་ནའང་། བཞོ་དབྱངས་ལ་འཕྲད་ནས་ད་ལྟའི་བར་ཁོ་མོའི་སྐད་ངག་ཐོས་མ་མྱོང་ལ་ཁོ་མོའི་འདྲ་པར་ཙམ་ཡང་མཐོང་མ་མྱོང་། དེ་བས་ཁོ་མོ་སུ་ཡིན་པ་དང་ཐ་ན་ཕོ་མོ་སུ་ཡིན་པ་བཤད་དཀའ་བའི་གནས་སུ་ལྷུང་། དྲ་རྒྱའི་དུས་རབས་ཁྲོད་ཡིད་རྟོན་རུང་བའི་སྐད་ཆ་དང་གནས་ཚུལ་ཞིག་སུ་ཞིག་གིས་རྙེད་ཐུབ་ཨང་། ཡང་གཅིག་བསམས་ན་བུད་མེད་ཀྱི་སེམས་ཀྱི་ཕོ་ལྷ་ནི་བུད་མེད་དེའི་ཆེས་འཐོབ་ན་འདོད་པའི་དངོས་པོ་དེ་ཡིན་ཞིང་། དེ་ཇི་ལྟར་འཐོབ་པར་ཐབས་བརྒྱ་ཇུས་སྟོང་སྤྲུལ་ནས་འབད་བརྩོན་བྱེད་པ་ནི་དྲ་ཐོག་དང་གློག་བརྙན་ལས་རྟག་ཏུ་མཐོང་ཐུབ། ལྡོག་སྟེ་བསམས་ན། ང་ལ་ཕོ་ལྷ་གྲུབ་པའི་རྒྱུ་ཆ་ཞིག་གང་ན་ཡོད། ལྷག་པར་དུ་ལང་ཚོའི་མཛེས་སྡུག་རྣམ་པར་བཀྲ་བའི་གཞོན་ནུ་མ་ཆུང་ཆུང་ཞིག་གི་སེམས་ཀྱི་ཕོ་ལྷ་ཇི་ལྟར་དུ་གྱུར་རམ། དེ་ནི་སྙན་ངག་གི་གཞུང་དུ་གསུངས་པའི་འབྱུང་མིན་གྱི་དཔེ་ཡི་ཟླ་བོར་གྱུར། ཡང་སྙིང་གཞོན་ནུ་མ་ཆུང་ཆུང་དེས་ངའི་ས་རུ་ཅི་ཞིག་འཚོལ་བ་ཡིན། དོན་དག་ཅི་ཞིག་གིས་འདི་ལྟར་ངའི་འཚོ་བའི་སྒོ་གླེགས་ཡང་ཡང་བརྡུངས་པ་ཡིན་ནམ། བཞོ་དབྱངས་ཡ་བཞོ་དབྱངས། ངས་ཐབས་ཤེས་ཅི་འདྲའི་སྒོ་ནས་ཁྱོད་རང་ངོ་མ་དེ་འཚོལ་ཐུབ་པ་དང་། ངའི་ཁྲ་ཆུང་མིག་ཟུང་གིས་ཁྱོད་ཀྱི་སྐུ་གཟུགས་དེ་དངོས་སུ་མཐོང་ཐུབ་བམ། གང་ལྟར་ཁྱོད་ནི་ངའི་སེམས་སུ་ཚ་ལམ་ལམ་དུ་ཉར་ཞིང་། དུས་ཀྱི་སྐར་ཆ་ཙམ་ཡང་ཡིད་དབང་བཀུག་པའི་ཚོར་བ་དེའི་བདག་པོར་གྱུར་པའི་བཞོ་དབྱངས་ངོ་མ་དེ་ཡིན་པར་སྨོན།

ལྔ།

ཇི་ལྟར་གཞིགས་ཀྱང་། བཞོ་དབྱངས་ནི་སུ་ཞིག་ཡིན་པ་དང་ཅི་ཞིག་གི་དོན་དུ་འདི་ལྟར་འབྲེལ་བར་ཅིས་ཀྱང་རྒྱུས་ལོན་ཞིག་བྱ་དགོས། གང་ནས་ཡོང་བ་དང་སུ་ཡིས་སྤྲད་པ་མི་རྙེད་པའི་ཚོར་བ་གསོན་པོ་ཞིག་གིས་སེམས་པ་འདི་གཏན་ནས་སྡོད་དུ་མི་འཇུག་པའི་སྐབས་ཐོག་རེར། བློ་ཐུབ་ཀྱིས་བཞོ་དབྱངས་འཚོལ་ན་འདོད་པ་དང་། དྲ་མིང་ལ་བཞོ་དབྱངས་ཞེས་འབོད་ཀྱང་དོན་དུ་སུ་ཡིན་གསལ་པོར་མ་ངེས་པའི་དྲ་འབུ་དེ་འཚོལ་བར་མནོ་བསམ་བཏང་། ཡིན་ནའང་། སྐད་འཕྲིན་གྱི་འབྲེལ་ལམ་མ་གཏོགས་ཁ་པར་གྱི་ཨང་གྲངས་ཙམ་ཡང་མི་ཤེས་པའི་མི་ཞིག་འཚོལ་བ་ནི་དཀའ་ཁག་གི་གནས་སུ་གྱུར་ལ། ཕྱོགས་ཙམ་ཡང་གདེང་ཚོད་མེད་པའི་དྲ་གྲོགས་དེ་འཚོལ་བ་ནི་དོན་དུ་བར་སྣང་སྟོང་བའི་དབྱིངས་སུ་བོར་དངོས་ཤིག་འཚོལ་བ་དང་ཁྱད་པར་ཅི། གྲོགས་དགའ་བཟང་སོགས་ལ་འདྲི་བརྩད་མང་པོར་སོང་ན་མཐར་མནའ་མས་ཀྱང་གོ་བའི་ཉེན་ཁ་ཆེ་བས་ཧ་ཅང་སྦས་གསང་གི་སྒོ་ནས་འཚོལ་རྒྱུ་ནི་གནད་དུ་ཆེ། གང་ལྟར་སེམས་ཀྱི་ཡོད་ཚད་བསླུས་དང་བསླུ་བཞིན་པའི་བཞོ་དབྱངས་འཚོལ་རྒྱུ་ནི་བློ་ཐུབ་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དོན་དག་གལ་ཆེན་དུ་གྱུར།

“དགོང་མོ་བདེ་ལེགས”ཞེས་བློ་ཐུབ་ཀྱིས་སྔར་བཞིན་བཞོ་དབྱངས་ལ་འབྲེལ་བ་བྱས།

ཅུང་མ་འགོར་བར་ལན་དུ“དགོང་མོ་བདེ་ལེགས”ཞེས་པའི་པར་རིས་ཤིག་བཏང་སོང་།

“ངས་ཅིས་ཀྱང་ཁྱོད་རང་ངོ་མ་དེ་འཚོལ་ན་འདོད”བློ་ཐུབ་ཀྱིས་སེམས་ཀྱི་དྲན་སྣང་དེ་ཐད་ཀར་བཞོ་དབྱངས་ལ་བཤད།

“ཁྱོད་ཀྱིས་ངའི་ཅི་ཞིག་འཚོལ་དགོས། ང་ལ་ད་དུང་ཅི་ཞིག་འཚོལ་རྒྱུ་ཡོད།”

“ཇི་ལྟར་སེམས་ཀྱང་ད་ནི་ཁྱོད་རང་རྒྱུས་མེད་ནང་གི་རྒྱུས་ཆེན་དེར་འགྱུར་བཞིན་འདུག ཁྱོད་ཀྱིས་བདག་ལ་སྤྲད་པའི་ཚོར་བ་འདིས་ང་ནི་ཅིས་ཀྱང་འདུག་ཐབས་བྲལ་བའི་གནས་སུ་གྱུར།”

“ངས་བསམས་ན་ཁྱོད་ཀྱིས་ངའི་ཡོངས་རྫོགས་བཙལ་ཟིན། ད་ལྟ་ང་ལ་གཞན་དག་ཅི་ཞིག་འཚོལ་རྒྱུ་ཡོད་དམ།”

“ཁྱོད་ཀྱི་མིང་། ཁྱོད་ཀྱི་གཟུགས་ཕུང་། ད་དུང་ཁྱོད་ནི་མཐར་གཏུགས་ན་མི་ཡིན་ནམ་འདྲེ་ཡིན། བུ་ཡིན་ནམ་བུ་མོ་ཡིན། ངས་འདི་དག་རེ་རེ་བཞིན་འཚོལ་ན་འདོད།”

“འོ་རེད། ངའི་མིང་དང་ངའི་གཟུགས་ཕུང་། ང་སུ་ཡིན་པ་ནི་དེ་འདྲའི་གལ་ཆེའམ། ངས་ཁྱོད་རང་ལོ་ན་བཞི་བཅུ་སྔས་མགོ་དང་ལྔ་བཅུའི་མལ་སྟན་ཡིན་པ་ཤེས་ཡོད། ངས་ཁྱོད་ལ་གནའ་ཞིག་ནས་མནའ་མ་དང་བུ་མོ་ཡོད་པ་ཤེས་ཡོད། མ་ཚད་བུ་མོ་ང་དང་འདྲ་བར་སློབ་ཆེན་ལ་སློབ་གཉེར་བྱེད་བཞིན་པ་ཤེས་ཡོད། ངོ་མ་བཤད་ན་ཁྱོད་ལ་གནས་ལུགས་དང་མི་མཐུན་པའི་གསང་གཏམ་འགའ་ཞིག་ཁྱོད་ཀྱི་ཉེ་འཁོར་ན་སྟོན་ལོ་བཞིན་སྤུར་བཞིན་པའང་སྔ་ནས་ཐོས་མྱོང་། ཡིན་ནའང་། ང་ད་དུང་ཁྱོད་ལ་དད་བཀུར་ཡོད། ང་ཁྱོད་དང་ཁྱོད་ཀྱི་རྩོམ་རིག་ལ་དད་བཀུར་ཡོད། རྒྱུ་མཚན་དེས་ངས་ཁྱོད་རང་ངའི་ཕོ་ལྷར་བཀུར། རྒྱུ་མཚན་དེས་ངས་ཁྱོད་རང་སེམས་བསམ་པའི་གཏིང་ནས་བཙལ་བ་ཡིན། འདི་དག་གིས་ཁྱོད་རང་ད་དུང་མི་ཚིམ་མམ། ད་དུང་མིང་དང་གཟུགས་ཕུང་ཞིག་དམིགས་ཀྱིས་རྟོགས་འདོད་དམ། སྙན་ངག་གི་ལྷ་བོ་ཆེ། ངའི་ཕོ་ལྷ”བཞོ་དབྱངས་ཅུང་སེམས་མི་བདེ་བའི་ཕྱིར་དུ་དབུགས་སྣ་གཅིག་གིས་འགྲེལ་བཤད་ཡིད་དུ་འོང་བ་ཞིག་ཐག་ཐག་བྲིས་ཏེ་བསྐུར། བློ་ཐུབ་ཀྱིས་བཞོ་དབྱངས་ཀྱིས་བསྐུར་ཡོང་བའི་སྐད་ཆ་རིང་རྒྱུ་ཐུང་རྒྱུ་མེད་པ་དེ་ཐེངས་གཅིག་བཀླགས་རྗེས། ཡར་ཁོག་ཏུ་ཅི་ཞིག་གིས་གང་བ་བཞིན་དབུགས་ཀྱང་འབྱིན་རྔུབ་མི་བདེ་བའི་གནས་སུ་གྱུར། ཁོས་དབུགས་རིང་ཞིག་བཏང་བའི་གཞུག་ཏུ་ཅི་ཞིག་དྲན་པ་བཞིན་བསམ་ཚུལ་དག་ཡིག་ཐོག་ཏུ་ཕབ་སྟེ་བཞོ་དབྱངས་ལ་བསྐུར།

“འཇིག་རྟེན་ཁྲ་ཁྲ་འུར་འུར་ན། ཡིད་རྟོན་རུང་བའི་གནས་ཤིག་གང་ནས་རྙེད། ཡོད་ཡོད་འདྲ་བའི་འཚོ་བའི་ནང་ན། སྙིང་པོ་ཟིན་པའི་དོན་ཞིག་གང་ནས་རྙེད། ཡིན་ནའང་། ཁྱོད་དང་འཕྲད་པ་ནས་བཟུང་། ངས་འཇིག་རྟེན་འདི་རུ་བདེན་དོན་གྱི་ཐ་སྙད་རེ་སྒྲུག་བཞིན། མི་ཚེ་ལ་ཚོན་མདོག་ལྔ་ལྡན་གྱི་ཁ་དོག་སྐྲུན་ཅི་ཐུབ་བྱས། ཁྱོད་ཡོད་པ་ནས་བཟུང་། ང་ལ་འགྲེལ་བཤད་དཀའ་བའི་བསམ་གཞིག་གིས་གང་ཞིང་། བསམ་གཞིག་དེ་དག་ཁྱོད་ཀྱིས་དམིགས་སུ་བདག་ལ་སྦྱིན་པའི་ཚོར་བའི་འདུ་ཟིང་ཡིན། ལོག་སྟེ་བསམས་ན། ཁྱོད་ནི་སུ་ཡིན། ཁྱོད་ཀྱི་མིང་ལ་ཅི་ཟེར། ཁྱོད་ཀྱིས་ང་འཚོལ་དོན་གྱི་ཡང་སྙིང་ཅི་ཞིག དྲི་བ་འདི་དག་གིས་ངའི་བྲང་ཁོག་རྟག་ཏུ་བརྡུངས་ཤིང་། དྲི་བ་འདི་དག་གི་དོན་དུ་ངས་རང་ཉིད་ལ་ངལ་དུབ་ཁྲི་སྟོང་བཟོས། བརྩེ་དུང་ནི་མུ་མཐའ་བྲལ་བའི་ཀུན་གསལ་གྱི་བུ་མོ་དེ་ཡིན་ན། བརྩེ་དུང་ལས་འཕྲོས་པའི་ཚོར་བའི་འཛུམ་མདངས་རེ་རེའི་མཐའ་རུ་འཇིག་རྟེན་གང་དང་གང་གི་ཁ་དོག་ཡོད་དམ། དེས་ན། ངས་ཁྱོད་རང་འཚོལ་ན་འདོད། ཁྱོད་རང་ངོ་མ་དེ་འཚོལ་ན་འདོད། ཕྱི་གསལ་ནང་གསལ་གྱི་ཁྱོད་རང་དེ་འཚོལ་ན་འདོད”ཅེས་སྐད་ཆའི་སྙིང་པོ་ནི་འཚོལ་བ་དེ་ཡིན་ཞིང་། དོན་དུ་ཇི་ལྟར་འཚོལ་བའི་སྐོར་ནི་ཅིག་ཡང་མ་བརྗོད།

བཞོ་དབྱངས་ཀྱིས“འཚོལ་དང་མི་འཚོལ་ཁྱོད་ལ་དབང་། འཚོལ་ཐུབ་དང་མི་ཐུབ་ཁྱོད་ཀྱི་ནུས་པ་རེད། འོན་ཀྱང་། ད་ལྟ་ཞིབ་ཀྱིས་གཞིགས་ན། འདས་ཟིན་པའི་ལོ་ཟླའི་ཁྲོད་ང་ནི་འཚོལ་མཁན་དང་ཁྱོད་ནི་འཚོལ་བྱ་བྱས་ཏེ་འཚོལ་བའི་འགྲུལ་ལམ་རིང་མོ་དེ་ངས་བསྐྱོད་ཀྱང་། དེ་རིང་དེ་ལས་ལྡོག་སྟེ། ང་འཚོལ་བྱ་ཞིག་ཡིན་ནམ། ང་ཅིའི་ཕྱིར་ཁྱོད་ཀྱི་འཚོལ་བྱ་ཞིག་ཡིན། ཁྱོད་ཀྱིས་ང་འཚོལ་དོན་ཅི་ཞིག ཡང་གཅིག་བཤད་ན་ང་བཙལ་ཐུབ་པའི་དབང་དུ་བཏང་ན་ཁྱོད་ལ་ཅི་ཞིག་ཐོབ། ད་ནས་བཟུང་སྟེ་ང་ལ་ཡང་ཁྱོད་དང་འདྲ་བའི་དྲི་བ་མང་། ཐེ་ཚོམ་མང་། བསམ་གཞིགས་མང་། མང་པོ་དེ་དག་གི་མཐའ་རུ་ང་ལ་ཡོད་པ་ནི་ངལ་དུབ་ཀྱི་མནར་གཅོད་དེ་ཁོ་ན་མིན་ནམ།”

“གང་ལྟར་འཚོལ་བ་ནི་ཁྱོད་རང་ཁ་ཐག་ཉེ་རུ་གཏོང་བའི་སྔོན་འགྲོ་ཡིན། འཚོལ་མ་ཐུབ་ཀྱང་ནན་གྱིས་འཚོལ་རྒྱུ་ནི་ངས་ཁྱོད་ལ་ཕུལ་བའི་ལྷག་བསམ་གཙང་མ་ཞིག་ཡིན། འཚོལ་མཐའ་རླུང་གིས་གཡོས་ཀྱང་རླུང་ཁ་མེ་ཡིས་འཚིག་ཀྱང་། མེ་དྲོད་ས་རུ་ཐིམ་ཡང་། ས་གཞི་ཆུ་བོས་བཏུམས་ཀྱང་། ཆུ་རྡུལ་མཁའ་རུ་སྟོང་ཡང་། ད་ནི་འཚོལ་བའི་ལམ་འདི་བདག་གི་གདམ་ང་ཡིན”ཞེས་ཨུ་ཚུགས་ཆེ་མདོག་གི་སྐད་ཆ་དེ་བཞོ་དབྱངས་ལ་བསྐུར། བཞོ་དབྱངས་ཀྱིས་བློ་ཐུབ་ཀྱིས་བསྐུར་ཡོང་བའི་སྐད་འཕྲིན་ཐོག་གི་ཡིག་འབྲུ་དག་དམར་མོ་ལྕེ་ཡིས་དག་པར་བཀླགས་ཏེ། ལན་ལ་ཚིག་འབྲུ་གཅིག་ཀྱང་མ་གློན་པར《རྒྱང་རིང་གི་ཟླ་བ》ཞེས་པའི་གླུ་དབྱངས་དེ་བསྐུར། སྐབས་དེར། བཞོ་དབྱངས་ཀྱི་སེམས་ཀྱི་ནམ་མཁར་དྲི་བའི་ཆར་སྤྲིན་གྱིས་ལང་ལོང་དུ་གཡོས་ཤིང་། སེམས་འཚུབ་དང་ནོངས་འགྱོད་ཀྱི་གློག་དམར་གང་སར་འཁྱུགས་ཏེ། མིག་མཐར་སྐྱོ་གདུང་གི་ཆར་ཟིམ་ཤག་ཤག་ཏུ་འཇོ།

ངོ་མ་འཇིག་རྟེན་འདི་རུ་གནས་ལུགས་ཤིག་འགྲོ་ས་གང་ན་ཡོད། འཚོལ་བ་ནི་ཅི་ཞིག ངས་འདི་ལྟར་འཚོལ་བའི་མཐའ་མར་ངས་ཅི་ཞིག་ཐོབ་ན་འདོད་པ་ཡིན། འཚོལ་བ་ནི་བརྒྱུད་རིམ་ཞིག་གམ་ཡང་ན་བརྒྱུད་རིམ་དེས་ཕུ་འདེད་བྱས་པའི་འབྲས་བུ་ཞིག་ཡིན། ངས་ཁྱོད་རང་འཚོལ་བ་ནི་ཁྱོད་ཀྱི་སྙན་ངག་འཚོལ་བ་ཡིན། ཁྱོད་ཀྱི་མི་གཞི་འཚོལ་བ་ཡིན། ཁྱོད་ཀྱི་བརྩེ་དུང་འཚོལ་བ་ཡིན། ཐ་ན་ཁྱོད་ཀྱི་ཁ་དང་ངོ་འཚོལ་བ་ཡིན། ཁྱོད་ཀྱི་ཆེས་ཉེ་ས་དེ་འཚོལ་བ་ཡིན། འོན་ཀྱང་། ད་ལྟ་ཞིབ་འདང་ཞིག་བྱས་ཚེ་འདི་ལྟར་འཚོལ་བའི་མཐའ་མར་ཅི་ཡང་བཙལ་ཐུབ་མེད་ལ། གང་ཞིག་ཐོབ་ཐུབ་ཀྱང་མེད། དེ་བས་འཚོལ་བ་ནི་སེམས་ཀྱི་ན་ཟུག་ཅིག་དང་དྲན་གདུང་གི་རྨ་ཁ་ཞིག་ལས་མ་འདས། བཞོ་དབྱངས་ཀྱིས་དེ་ལྟར་དྲན་བཞིན་གླུ་དབྱངས་དེ་ལ་གཟབ་ཀྱིས་མཉན།

བཞོ་དབྱངས་ཀྱིས་བསྐུར་ཡོང་བའི་གླུ་དབྱངས་དེ་ནི་མཚན་ཐུན་འཁྱོལ་ཐབས་ཀྱི་གཞས་མཆོག་ཅིག་ཡིན་ལ། གླུ་དབྱངས་དེས་བློ་ཐུབ་དང་བཞོ་དབྱངས་བར་གྱི་བྱུང་བ་ཧྲིལ་གྱིས་བསྡུས་ཤིང་། འདས་པའི་ལོ་ཟླར་ཕྱིར་དྲན་གྱི་རྨ་ཁ་བསྐྲུན།

“རྒྱང་རིང་སེམས་ཀྱི་ཟླ་བ། མངོན་སུམ་མཐོང་བ་མེད་རུང་། དུངས་པའི་སྐར་མ་འོད་ཆུང་། ཡུན་གཅིག་བྲལ་བ་མ་མྱོང་། སྤྲིན་པ་ཡར་འགྲོ་ཞིག་ལ། དྲན་པ་ཡིད་ཀྱི་རི་མོ། ཉིན་མཚན་དབྱེ་བ་མེད་པར། བསྐུར་བ་ལན་གཅིག་མ་ཡིན། དགའ་བ་མཚོ་ཆུའི་ཁ་ཡིན། དུངས་པ་རྨ་ཆུའི་འགྲམ་ཡིན། དྲན་སྣང་ལོ་ཟླའི་བར་ནས། ན་ཟུག་དབྱངས་ལ་བཀུག་ཡོད། ……”བློ་ཐུབ་ལ་ཆེད་དུ་བླངས་པ་འདྲ་བའི་གླུ་དབྱངས་དེས། མཚན་གཞུང་སྨག་རུམ་གྱིས་བཏུམས་པའི་ཁང་མིག་ཆུང་ཆུང་དེར་དྲོད་ཀྱི་འོད་ཐིགས་སྦྱིན་ཞིང་། རོལ་དབྱངས་ཀྱི་འགྱུར་ཁུགས་རེ་རེ་ནི་ཅི་འདྲའི་ཡིད་ལ་འབབ་ཅིང་། སེམས་སུ་ཆགས་པའི་གླུ་དབྱངས་ཤིག་རེད་ཨང་།

དྲུག

ཉི་མ་འདི་ཚོར་བློ་ཐུབ་དང་བཞོ་དབྱངས་གཉིས་ཀྱི་སྐད་འཕྲིན་གྱི་འབྲེལ་ལམ་ཆད་སོང་།

སྐད་འཕྲིན་གྱི་འབྲེལ་ལམ་ཆད་དོན་ནི་བཞོ་དབྱངས་ལ་ཨ་ལན་གཏན་ནས་མེད་པས་ལན། འདི་ལྟར་གློ་བུར་དུ་ཨ་ལན་མེད་ཚུལ་ནི། བཞོ་དབྱངས་ཀྱི་ཟོལ་འབག་ཕུད་དེ་དྲ་འབུ་གྱ་མ་གྱུ་ཞིག་གི་རང་ཚུགས་དངོས་སུ་བསྟན་པ་དང་། ཡང་ན་བཞོ་དབྱངས་ཀྱི་སེམས་ཁམས་འགྱུར་ལྡོག་གི་དབང་གིས་ཁ་རོག་གེར་བསྡད་དེ་ཡིབ་པའི་ཚུལ་གྱིས་སུ་ལའང་འབྲེལ་ཐག་བཅད་པའང་ཡིན་དུ་སྲིད། གང་ལྟར་བཞོ་དབྱངས་ལ་འབྲེལ་གཏུགས་མ་ཐུབ་པའི་ཉིན་འདི་དག བློ་ཐུབ་ལ་མཚོན་ན་འཁྱོལ་དཀའ་བའི་སོས་ཀའི་ཉི་རིང་དུ་གྱུར་ཏེ། རང་ཉིད་ཀྱི་གོམ་པའི་འདེགས་འཇོག་ཀྱང་ཕྱོགས་མེད་རླུང་བུ་བཞིན་གང་སར་བསྐྱོད།

བཞོ་དབྱངས་ཀྱིས་འབྲེལ་ཐག་ལྷོད་ན་ཡང་། བློ་ཐུབ་ཀྱིས་ཁ་པར་ལག་ནས་གཡུགས་མ་མྱོང་ལ། ལྷག་པར་ཁ་པར་གྱི་འཆར་ངོས་ལ་བལྟས་ཏེ་བཞོ་དབྱངས་ཀྱི་ཨ་ལན་ལ་བསྒུགས་པ་གྲངས་ཀྱིས་ཇི་ལྟར་དཔོག ཁོའི་སེམས་ཀྱི་མེ་ལོང་ངོགས་སུ་འཆར་ཡོང་བ་ནི་མཐོང་མ་མྱོང་བའི་གཞོན་ནུ་མ་དེའི་གཟུགས་རིས་ཡིན། ཁོའི་རྣ་བའི་བུམ་བཟང་དུ་འཇོ་བཞིན་པ་ནི་ཐོས་མ་མྱོང་བའི་གཞོན་ནུ་མ་དེའི་སྐད་ངག་ཡིན། ཁོས་འདི་ལྟར་བསྒུགས་ཐེངས་རེར་སེམས་སུ་འཁོར་ཡོང་བ་ནི།

བཞོ་དབྱངས་རང་ཕྱོགས་ནས་མངོན་པའི་ཡིད་འདང་དང་ཐེ་ཚོམ་བསྡེབས་པའི་དྲི་བའི་ཁ་དོག་ཅིག་དང་། ཁ་དོག་དེས་བསྐྲུན་པའི་ཐོབ་ཤོར་གྱི་སྐྱི་གཡའ་བའི་སེམས་ཁམས་ལས་གཞན་ཅི།

དེ་རིང་སྐད་འཕྲིན་གྱི་གྲོགས་པོའི་ཚོམས་སུ་མི་བོར་འཚོལ་ཡིག་ཅིག་བསྐུར་བཞིན་འདུག འཚོལ་ཡིག་དེས་ད་གཟོད་བཞོ་དབྱངས་ཀྱིས་ཨ་ལན་ཆད་པའི་གསང་བ་ཡོངས་སུ་འཚོལ་ཐུབ་སོང་། འཚོལ་ཡིག་དེས་བཞོ་དབྱངས་ཀྱིས་བློ་ཐུབ་ལ་བཞག་པའི་ཐེ་ཚོམ་གྱི་དྲ་རྒྱ་དེ་ད་གཟོད་ཡོངས་སུ་བཀྲོལ་ཐུབ་སོང་། བཞོ་དབྱངས་ཀྱི་མིང་ངོ་མ་ལ་མཁའ་མོ་སྒྲོལ་མ་ཟེར་ཞིང་། ཕ་ཡུལ་མདོ་ཐང་དངXXམི་རིགས་སློབ་ཆེན་གྱི་སློབ་མ་ཞིག་ཡིན། ད་ལྟ་སོ་མར་རང་ལོ་ཉེར་གཉིས་ཟིན་པའི་གཞོན་ནུ་མ་ཞིག་ཡིན། འཚོལ་ཡིག་ལས་གཞོན་ནུ་མ་དེའི་མིག་ཟུང་ཆེ་ཞིང་དཀྱུས་རིང་བ། གཟུགས་ཕུང་ཕྲ་ཞིང་དྲང་བ། སྐྱེས་གཟུགས་མེ་ཏོག་ལྟ་བུའི་གཟུགས་རིས་སོགས་ནི་བློ་ཐུབ་ཀྱིས་འཚོལ་འདོད་པ་དང་ཡུན་རིང་འཚོལ་བའི་བཞོ་དབྱངས་ངོ་མའི་སྐོར་རེད། འོན་ཀྱང་། བློ་ཐུབ་ཀྱིས་བཞོ་དབྱངས་ཀྱི་ཡོད་ཚད་བཙལ་ཐུབ་པའི་དེ་རིང་ཤུལ་དུ་ལྷག་ཡོད་པ་ནི་མཁའ་མོ་སྒྲོལ་མ་བོར་ཟིན་པའི་གནས་ཚུལ་དེ་རེད།

བློ་ཐུབ་ཀྱིས་ཁ་པར་འཆར་ངོས་ཀྱི་མི་བོར་འཚོལ་ཡིག་ལ་ཡང་ཡང་བལྟས་ཏེ། བཞོ་དབྱངས་ཀྱི་བསྐུར་ཡོང་བའི《རྒྱང་རིང་སེམས་ཀྱི་ཟླ་བ》ཞེས་པའི་གླུ་དབྱངས་དེ་ཡིད་ལ་དྲན་ཞིང་། གླུ་དབྱངས་དེའི་གོ་དོན་ཡང་གཞི་ནས་རྟོགས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།