ཀྲུང་གོ་བོད་ཀྱི་དྲ་བ།

རྡོ་བརྟན་དང་ཁོའི་རྨི་ལམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : དཔལ་འབུམ་རྒྱལ།   སྤེལ་དུས། : 2021-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྡོ་བརྟན་ནི་སློབ་གསོ་ལ་དགའ་ཞེན་ཆེ་བའི་དགེ་རྒན་དཀྱུས་མ་ཞིག་ཡིན།ནམ་རྒྱུན་ཚོགས་འདུ་དང་འདུ་འཛོམས་སྣ་ཚོགས་ལ་ཞུགས་ནས་རང་གི་བསམ་ཚུལ་བཤད་པར་དགའ།མི་རྣམས་ལ་སློབ་གསོའི་གཏམ་བཤད་དང་བསམ་བློའི་ཡར་སྐུལ་བྱས་ཏེ་ས་གནས་འདིའི་སློབ་གསོའི་འཕེལ་རྒྱས་ལ་རང་ནུས་ཅི་ཡོད་བཏོན་དང་འདོན་བཞིན་ཡོད་པས། མི་ཆ་ཡོད་ཆ་མེད་གཉིས་ཀས་ཁོ་ལ་སློབ་གསོ་པ་ཞེས་ཆོ་ལོ་བསྩལ་ཡོད།དངོས་གནས་ཁོ་རང་སློབ་གསོ་ལ་དགའ་ཞེན་ཡོད་པར་མ་ཟད།ས་གནས་འདིའི་མང་ཚོགས་ཀྱི་བདེ་སྡུག་ལའང་སེམས་ཁུར་མང་པོ་བྱེད་ཀྱིན་ཡོད་པ་དང་།ཁོའི་སེམས་སུ་ས་གནས་འདིའི་དཔལ་འབྱོར་དང་བསམ་བློ་སོགས་རྗེས་སུ་ལུས་པ་ནི་སློབ་གསོ་རྗེས་སུ་ལུས་པའི་རྐྱེན་གྱིས་རེད་བསམ་གྱིན་ཡོད། ལྷག་པར་དུ་ཁྱིམ་ཚང་རེ་འགའི་གནས་བབ་ལ་འགྱུར་ལྡོག་འབྱུང་དཀའ་བ་ནི་ཁྱིམ་ཚང་དུ་སྐྱེས་བུ་གོ་ཆོད་ཅིག་མ་སྐྱེས་པས་རེད་བསམ་པ་དང་།སྡེ་བ་གཞན་གྱིས་རང་སྡེ་འདི་མིག་ནང་ལ་མི་འཇོག་པ་དེའང་སྡེ་བ་འདིར་སྐྱེས་བུ་གོ་ཆོད་ཅིག་མེད་པས་རེད་བསམ་བཞིན་ཡོད།

ཉིན་དེར། ཁོ་རང་སློབ་གསོའི་ཚོགས་འདུ་ཞིག་ལ་སོང་ནས་དུས་ཚོད་ཅུང་ཟད་འཕྱི་བས།རང་ཁྱིམ་ལ་མ་སོང་བར་ཐད་ཀར་སློབ་གྲོགས་སྐོར་ཞིག་གིས་ཆང་ཁང་ཞིག་ཏུ་ཆང་འཐུང་སར་སོང་། ཆང་ཁང་དུ་སླེབས་དུས།སློབ་གྲོགས་ཚོ་ཅུང་ཟད་བཟི་ཡོད་ཅིང་།གླུ་ལེན་པ་དང་གཏམ་ཀུ་རེ་བཤད་པ། ཆང་སྐལ་འགྱོག་རེས་བྱས་ནས་འུར་འུར་ཟང་ཟིང་གི་རྣམ་པ་ཞིག་གིས་ཁེངས་འདུག་པས།ཁོ་རང་ཐོན་མ་ཐག་སློབ་གྲོགས་ཚོས་ཆང་རེས་བསྐོར་ནས་དྲངས་པས་ཁོ་རང་གློ་བུར་དུ་བཟི་བར་གྱུར།འཚོགས་ས་དེར་ད་དུང་གསར་མོ་གཉིས་ཡོད་པ་དང་།དེ་གཉིས་ཀྱང་ཆང་གིས་བཟི་ནས་ཚད་ཅིག་ལ་སླེབས་འདུག་ཅིང་།དེ་ལས་གཅིག་ནི་ཁོ་དང་སྡེ་བ་གཅིག་ནའང་།སློབ་གྲོགས་ཚོས་ངོ་སྤྲོད་དུས་ད་གཟོད་དངོས་སུ་ངོས་ཟིན་བྱུང་།ཁོ་མོའི་མིང་ལ་བདེ་སྐྱིད་ལྷ་མོ་ཟེར་ཞིང་། ཁོ་མོ་ཁོ་ལས་ལོ་ཆུང་ཞིང་ཆུང་དུས་ནས་གནས་ལ་བུད་སོང་བས་ཕལ་ཆེར་ལོ་ཉི་ཤུ་ལྷག་ལ་ཐུག་མྱོང་མེད།ཁོས་དུས་རྒྱུན་ཁོ་མོའི་སྐོར་གྱི་སྐད་ཆ་གོ་ནའང་དངོས་སུ་ཐུག་ནས་ཁ་བརྡ་བྱེད་པའི་གོ་སྐབས་རག་མེད།དེ་རིང་ཆང་གིས་ཅུང་ཟད་བཟི་ཡོད་པའི་དབང་གིས་ལོས་ཡིན།ཁོ་མོའི་ཁ་པར་ཨང་གྲངས་དང་སྐར་འཕྲིན་བླངས་ནས་ཉར་ཚགས་བྱས་པ་དང་།ཁ་བརྡ་ཞིག་བྱ་བསམས་ནའང་མི་མང་ཞིང་འུར་ཟིང་ཆེ་བས་སྟབས་བདེ་པོ་ཞིག་མ་བྱུང་བས།ཁ་བརྡ་མང་པོ་ཞིག་བྱེད་མ་ཐུབ།དགོང་མོ་དེར་ཚང་མ་ར་བཟི་བར་གྱུར་རྗེས་ད་གཟོད་རང་རང་འགྲོ་འདོད་སའི་གནས་མལ་སོ་སོར་ལོག་སོང་།

གསར་མོ་གཉིས་གང་དུ་སོང་བ་དང་རང་ཉིད་ཇི་ལྟར་ཁྱིམ་དུ་ཡོང་བ་སོགས་ཀླད་པའི་ནང་དུ་ཤར་རྒྱུ་ཅི་ཡང་མི་འདུག

ཉིན་མང་པོ་འགོར་སོང་།ཉིན་ཞིག་ལ་བདེ་སྐྱིད་ལྷ་མོས་ཁོ་ལ་ཁ་པར་བཏང་ནས་ཇ་ཁང་ཞིག་ཏུ་བོས།ཁོ་མོའི་རོགས་སུ་ཞི་མོ་གཞན་ཞིག་ཀྱང་ཡོད་པ་མཐོང་།ཁོ་ཡོང་བ་མཐོང་དུས་ཁོ་མོ་མྱུར་དུ་ཡར་ལངས་ནས་བསུ་བ་བྱས་པ་དང་།“ཇ་ཅི་ཞིག་འཐུང་རྒྱུ་ཡིན”ཞེས་ཁོ་ལ་དྲིས་པར།ཁོས་ཞབས་ཞུ་མར“ཇ་དམར་ཞིག་ཁྱེར་ཤོག”ཅེས་བཤད། བདེ་སྐྱིད་ལྷ་མོས་ཁོ་མོའི་རོགས་པ་ཞི་མོ་དེ་བསྟན་ནས“འདི་ངའི་རོགས་པ་ཞིག་ཡིན།མིང་ལ་འོད་ཟེར་འཚོ་ཟེར”ཞེས་ངོ་སྤྲོད་བྱས་པ་དང་མུ་མཐུད་དེ“དེ་རིང་ཁྱོད་ལ་ཁོམ་པ་ཡོད་རྒྱུ་མ་རེད་བསམས་མོད།ང་ལ་དོན་དག་ཅིག་ཡོད་པས།འདང་བརྒྱབ་བརྒྱབ་ནས་ད་གཟོད་ཁྱོད་བོས་པ་ཡིན།ཧུ་ཧུ”ཞེས་ངོ་ལ་དོགས་མི་བདེ་བའི་མདངས་ཤིག་རྒྱས་པ་དང“ཡོང་མ་ཐག་ཏུ་དོན་དག་བཤད་ན་མི་བཟང་བས།ཡ་ཇ་འཐུངས་དང”ཟེར། ཁོས“སྐྱོན་མེད།སྐྱོན་མེད།ཁོམ་པ་ཡོད།དོན་དག་ཅི་ཞིག་ཡོད་ན་བཤད་ན་ཆོག་ནི་རེད”ཅེས་མི་བཤད་རང་བཤད་དུ་གྱུར།ཁོ་མོས“འུ་གཉིས་སྡེ་བ་གཅིག་གི་མི་ཡིན་པས།ད་གཟོད་དོན་དག་འདི་ཁྱོད་ལ་བཤད་འདོད།དེ་མིན་བཤད་རྒྱུའང་མི་བདེ་བས”ཟེར་བ་ན།རྡོ་བརྟན་གྱིས་ཁོ་མོར“འོ་ལེ་འོ་ལེ།དོན་དག་ཅི་ཡོད་ཤོད་དང་།སྡེ་བ་གཅིག་གི་རེད་འཛེམ་དོན་མི་འདུག”ཅེས་སེམས་སུ་དོན་དག་ཅི་ཡིན་ནམ་བསམས།ཁོ་མོས་རོགས་པར་ལྟ་ཙམ་བྱས་ཏེ“ང་ཡང་གཉེན་འཐོར་བྱུང་བ་ཁྱོད་ཀྱིས་ཀྱང་གོ་ཐོས་བྱུང་ཡོད་ངེས། ཁ་རང་གིས་གསོ་དགོས་པས།རོགས་པ་འདི་དང་ངེད་གཉིས་ཀྱིས་ཟ་ཁང་ཞིག་ཕྱེ་རྩིས་ཡོད་ཀྱང་མ་རྩས་མ་འདང་ཐལ།ཉིན་འགའི་རིང་ལ་ཕྱོགས་ཡར་མར་ནས་སྒོར་མོ་བསྐྱིས་ཀྱང་མང་པོ་ཞིག་ལག་ཏུ་མ་ཡོང་བས།རོགས་པ་དང་ཤ་ཉེ་དག་གི་ལག་ནས་སྒོར་མོ་ཞིག་སྐྱི་བཞིན་ཡོད།ཧུ་ཧུ།དེ་བས་ཁྱོད་ཀྱིས་རོགས་ཤིག་བྱོས”ཁོ་མོས་སྐད་ཆའི་བཤད་མཚམས་ཅུང་ཟད་བཞག་རྗེས་མུ་མཐུད་ནས“དེ་བས།དེ་རིང་ཁྱོད་བོས་ནས་སྒོར་མོ་ཞིག་བསྐྱི་བསམ་པ་ཡིན”ཞེས་ཁོ་ལ་བལྟས་ནས་བསྡད།གློ་བུར་དུ་ཁོས་ཅི་ཞིག་བཤད་དགོས་པ་མ་ཤེས་པར“དེ་རེད་དེ་རེད།ཁྱོད་ཀྱི་དོན་དག་ཅུང་ཟད་རེ་གོ་ཐོས་ཡོད།ཡིན་ནའང་གསལ་པོར་མི་ཤེས།ད་ཁྱིམ་བཟའ་ཚང་མ་མཐུན་ན་ཐབས་ཅང་ཡོད་པ་མ་རེད།ངེད་གཉིས་སྡེ་བ་གཅིག་གི་མི་རེད།གཅིག་གིས་གཅིག་ལ་རོགས་རམ་བྱེད་དགོས་པ་རེད།ངས་ཀྱང་ཟླ་ཕོགས་རེ་ལེན་བཞིན་ཡོད་ཀྱང་མང་པོ་མེད།ཡིན་ནའང་།ཁྱོད་ཀྱིས་འདི་ལྟར་ཁ་གྲགས་བཏང་ན་ངས་རོགས་ཅི་ཐུབ་ཐུབ་ལ་བལྟ”ཞེས་བཤད།ཁོ་མོས “ལོས་ཤེས།ད་ཚང་མ་ལ་སྒོར་མོ་དཀོན་པས།མང་པོ་ཞིག་བསྐྱི་རྒྱུ་དཀའ་མོ་རེད།ཁྲི་གཅིག་འདྲ་ཞིག་བསྐྱི་རྒྱུ་ཡོད་ནའང་ངོ་མ་བཀའ་དྲིན་ཆེ”ཟེར།རྡོ་བརྟན་གྱིས་བསམ་བློ་ཞིག་བཏང་རྗེས“ཡ་ཡ། ཡ་ད་ཁྲི་གཅིག་ཡིན་ན་ང་ལ་ཡོད།དེ་ལས་མང་ན་ད་རྒད་པོས་ཅིག་ཅིག་དཀའ་བཞིན་འདུག”ཅེས་དགོད་ཙམ་བྱས།ཁོ་མོས“ཡ་ཡ།ད་ངོ་མ་བཀའ་དྲིན་ཆེ།བཀའ་དྲིན་ཆེ”ཞེས་བཤད་པ་དང“ཡ་ཇ་འཐུངས་དང་།ད་ཁྱོད་དཀའ་ལས་ལ་གཏད་བྱུང”ཞེས་ཟེར་བར།ཁོས“སྐྱོན་ཡོད་ནི་མ་རེད།སྐྱོན་ཡོད་ནི་མ་རེད”ཅེས་བཤད།

སྤྱིར་ན་ཁོས་ཁྱིམ་ཚང་ཞིག་ལ་མཚོན་ན་ཁྱིམ་བཟའ་ཚང་འགྲིག་མཐུན་འོང་རྒྱུ་གཙོ་བོ་ཡིན་པ་དང་།ཁྱིམ་ཚང་ལ་འགྲིག་མཐུན་མ་ཡོང་ན་སྐྱོན་ཆ་མང་པོ་ཞིག་ཡོད་ཚུལ་གླེང་བསམས་ནའང་།བསམ་བློ་ཞིག་བཏང་རྗེས་དེའི་ཕྱོགས་ནས་ཅང་མ་བཤད།

ཕྱིར་ཡོང་རྗེས་ཁོས་སྒོར་མོ་ཁོ་མོའི་སྐད་འཕྲིན་ནང་དུ་བསྐུར།ཁོ་མོས་སྐད་འཕྲིན་ནང་ནས“བཀའ་དྲིན་ཆེ”ཞེས་སྐད་ལན་བྱིན།ཁོས“བཀའ་དྲིན་ཞུ་མི་དགོས”ཞེས་བཤད། ཁོ་མོས“བཀའ་དྲིན་ཞུ་ལོས་དགོས”ཞེས་མེ་ཏོག་ཅིག་ཀྱང་བསྐུར།ཉིན་དེ་ནས་བཟུང་སྟེ་ཁོ་གཉིས་ཀྱིས་སྐད་འཕྲིན་ལམ་ནས་འཚམས་འདྲི་རེ་བྱེད་པའི་མཚམས་ཆད་མ་མྱོང་།

ཡ་མཚན་པ་ཞིག་ལ་ཉིན་དེ་ནས་བཟུང་སྟེ་ཁོའི་རྨི་ལམ་ནང་དུ་ཁོ་མོ་ཡོང་བ་དང་།རྨི་ལམ་ནང་ནས་མོ་ཁོའི་ལག་པར་འཇུས་པ་དང་།འོ་བྱེད་པ།ཐ་ན་ལུས་འབྲེལ་བྱེད་པ་སོགས་ཧ་ཅང་རོགས་པ་འདང་ཆེན་ཞིག་ཏུ་སྣང་བས།ནམ་ལངས་རྗེས་ཁོས་དེ་ནི་རྨི་ལམ་ཡིན་ནམ་མངོན་སུམ་ཡིན་མིན་ལ་ཕྱིར་འདང་རེ་རྒྱག་དགོས་བྱུང་།

ཉིན་དེར།ཁོ་མོས་ཁོ་རང་ཇ་ཁང་ཞིག་ཏུ་བོས།ཁོ་རང་དེར་ཐོན་དུས་ཁོ་མོའི་རོགས་སུ་ཞི་མོ་གཉིས་ཡོད་པ་དང་། སྦི་རག་འཐུངས་ནས་ཅུང་ཟད་བཟི་འདུག་པ་དང་ཁོ་ཡོང་དུས་འཛུམ་མདངས་དང་བཅས་སྤྲོ་བས་བསུས།གསར་མོ་ཚོས་ཁོ་ལ་བསྟུད་མར་སྦི་རག་གཏད་ནས་དུས་ཚོད་ཐུང་ཐུང་ནང་དུ་མགྱོགས་མྱུར་སྒོས་ཆང་གིས་བཟི་སོང་།ཁོས་གསར་མོ་ཚོ་ལ“ཁྱོད་ཚོ་ཆང་འཐུང་མཁན་ཏག་ཏག་རེད་ཨ།ངས་མི་བྲ་གི”ཞེས་བཤད།གསར་མོ་ཞིག་གིས“ང་ཚོ་ཨ་ཡེ་ཚོས་བྲ་ས་ན་ཁྱོད་ཀྱིས་མི་བྲ་ཟེར་ན་ངོ་རེ་ཚ།ཡ་འདི་འཐུངས་དང”ཞེས་ཡང་བསྐྱར་སྦི་རག་ཤེལ་ཕོར་གང་གཏད་ཡོང་།ཁོས་ལག་པས་ཤེལ་ཕོར་ཕར་ཕུད་ནས“ཅུང་ཙམ་སྒུགས།ཅུང་ཙམ་སྒུགས”ཞེས་བཤད།“བདེ་སྐྱིད་ལྷ་མོ་ཁྱེད་གཉིས་སྡེ་བ་གཅིག་གི་རེད།ཁོ་མོའི་སྐལ་ལ་ཤེལ་ཕོར་འདིའི་ནང་གི་འདི་གཙང་བཞེས་གནང་རོགས”ཞེས་ཡང་ཡང་བསྐུལ་བས།ཁོས“ཡ།དེས་ན་ཡ”ཞེས་གཙང་མར་འཐུངས།དེར་མཐུད་དེ་ཁོས་ཀྱང་གསར་མོ་གཉིས་ལ་སྦི་རག་ཤེལ་ཕོར་གང་རེ་དྲངས་དུས་ཁོ་མོ་གཉིས་ལ་འདང་རྒྱག་སྤུ་ཙམ་ཡང་མེད་པར་སྒོག་སྒོག་ཏུ་འཐུངས་པས། ཁོས“ངར་བ་རེད།ངར་བ་རེད”ཅེས་ཟེར་བ་ལས་བཤད་རྒྱུའི་ཚིག་གཞན་མ་རྙེད།བདེ་སྐྱིད་ལྷ་མོས་དགོང་མོ་དེར་ཆང་འཐུངས་པ་ཅུང་ཟད་མང་བས་བཟི་སོང་བ་དང་།རྒྱུ་མཚན་མི་བཤད་པར་ངུད་མོ་བྱས་པ་དང་མིག་ཟུང་ལས་མཆི་མ་ཆད་མེད་དུ་བབས་པས།གསར་མོ་གཉིས་ཀྱིས་ཁོ་མོ་བསྐྱོར་ནས་སེམས་གསོ་ལྟ་བུ་བྱས།འགྲོ་ཁར་གསར་མོ་གཉིས་ཀྱིས་བདེ་སྐྱིད་ལྷ་མོ་ཁོ་ལ་སྤྲད་ནས་སྔོན་དུ་བུད་སོང་བས།ཁོས་ཁོ་མོ་བསྐྱལ་ནས་ཁོ་མོ་འདུག་སའི་ཁྱིམ་དུ་སོང་།ཁོ་མོའི་ཁང་པ་རྫོང་འདབས་ཀྱི་ཁང་ལེབ་མང་པོའི་བར་ཞིག་ན་འདུག ཁོས་ཁོ་མོ་ཁྱིམ་དུ་བསྐྱོར་ནས་ཉལ་སའི་ནང་དུ་བསྐྱལ་རྗེས་ཕྱིར་ཡོང་རྩིས་བྱས་མོད། མོ་གློ་བུར་དུ་ཁོའི་སྐེ་ལ་འབྱར་བས།ཡུན་ཙམ་ནས་ཁོ་མོར་འཐམ་ནས་ཉལ་སའི་ནང་དུ་ལོག་སོང་།

དེའི་རྗེས་ནས་ཁོ་གཉིས་ཀྱིས་ཉིན་མང་པོར་འབྲེལ་འདྲིས་མ་བྱས།དགོང་མོ་དེར་རྡོ་བརྟན་ལ་ལས་རྒྱུ་མེད་པར་འདུག་དུས།གློ་བུར་དུ་ཁོ་མོ་སེམས་ལ་དྲན་ཏེ།ཁོ་མོའི་སྐད་འཕྲིན་ནང་དུ་སྙིང་དམར་པོའི་རི་མོ་ཞིག་བསྐུར་བ་ན་ཁོ་མོས་ཀྱང་སྙིང་དམར་ཞིག་བསྐུར་ཡོང་།གང་དུ་ཡོད་ཚུལ་དྲིས་པ་ན་རང་ཁྱིམ་དུ་ཡོད་ཟེར།ཁོ་རང་ཡོང་འདོད་ཚུལ་བཤད་དུས། ཁོ་མོས་བསྒུགས་ཡོད་པའི་རི་མོ་ཞིག་བསྐུར་བས་ཁོས་རླངས་འཁོར་བསྐོར་ནས་ཁོ་མོའི་ཕྱོགས་སུ་བརྒྱུགས།

ཁོ་གཉིས་ཀྱིས་ཉལ་ས་དྲོན་མོའི་ནང་དུ་ན་གཞོན་ཕོ་མོ་ཚང་མས་ལས་པའི་ལས་ཀ་ལས་རྗེས།ཐོད་པས་ཐོད་པར་གཏུགས་ནས་ཁ་བརྡ་མང་པོ་བྱས།ཁོས་ཁོ་མོར་གནས་ལ་སོང་བའི་རྒྱུ་མཚན་འདྲི་དུས།ཁོ་མོས་དངན་པ་རིང་པོ་འཐེན་ནས་གནས་ལ་སོང་བའི་གཏམ་རྒྱུད་རིམ་པར་བཤད།

ང་རང་ཐེངས་བཞིར་གནས་ལ་སོང་མྱོང་།ཐོག་མར་འགྲོ་དུས་ལོ་བཅུ་བདུན་རེད།འགྲོ་ས་དེ་ཚང་ཕྱི་སྡེ་ཞིག་ཡིན། དེ་ཚང་ཁྱིམ་ཚང་ཕྱུག་པོ་ཞིག་རེད།བཞོན་མ་རྐྱང་རྐྱང་ཡང་བཞི་བཅུ་ལྷག་འདུག་པས་བཞོ་རྒྱུ་དེའང་དཀའ་མོ་རེད།བཞོ་ཐེངས་གཅིག་ལ་ཕལ་ཆེར་དུས་ཚོད་གཉིས་འགོར་ཞིང་། ཚོར་བ་ལ་ཕལ་ཆེར་ཉིན་གང་པོར་འོ་མ་ཏག་ཏག་བཞོས་པའི་སྣང་བ་སྟེར་བས།ཧ་ཅང་སུན་སྣང་དང་ཆད་སྣང་སྟེར། གནས་ལ་མ་སོང་གོང་ལ་ཡུལ་ནས་སྐྱིད་པོ་བྱས་ནས་ལག་ཆགས་པས།གློ་བུར་དུ་རང་གི་ཕ་མ་གཉིས་དང་ཁ་བྲལ་ནས་ཁྱིམ་ཚང་ཆ་མེད་ཅིག་ལ་ཐོན།ལག་ལས་ཀ་ལྕི་དུས་བདེན་པ་དཀའ་མོ་ཞིག་རེད།ཁྱོད་ཚོ་ཞི་ལུ་དག་གིས་དེ་ཤེས་ནི་མ་རེད། ཧུ་ཧུ།དེ་ལྟར།ལོ་གཅིག་འགོར་རྗེས་ངས་བུ་ཞིག་བཙས། དེ་དུས་ལོ་ཆུང་བས་བྱིས་པའང་གཉོར་མི་ཤེས་པས་ཅིག་ཅིག་དཀའ་བྱུང་།སྤྱིར་ན་ངའི་རྒད་པོ་དེ་མི་བཟང་ཞིག་ཡིན།ང་ལ་ཐེངས་གཅིག་ལའང་སྡིགས་མོ་བྱས་མ་མྱོང་།རོགས་ཐུབ་ས་ནས་རོགས་ཀྱང་བྱེད། ཡིན་ནའང་ཨ་ནེ་བཙན་མོ་སྟག་མོ་འདྲ་བ་ཞིག་ཡིན།ངས་ཅི་ཞིག་ལས་ཀྱང་དེ་ནས་མ་འགྲིག་གན་ནས་མ་འགྲིག་ཅེས་ཁ་ཚ་མོ་ཡོད་པ་དང་།ང་ལ་གཡུག་ལས་ཀ་མེད་པ་དང་ཡག་མོ་སྒོ་མི་འདུག་ཅེས་བཤད་རྒྱུ་མང་བས། ང་རང་དངོས་གནས་འདུག་མ་འདོད་ཐལ།དེ་དུས་ང་ཚོའི་སྡེ་བ་ན་ང་ལ་ཆུང་དུས་ནས་འགྲོགས་པའི་དགའ་རོགས་ཤིག་ཡོད།ཁོས་ཀྱང་ང་རང་གནས་ནས་འཐོར་སོང་ན་ཁོའི་ཆུང་མར་ལེན་ཞེས་བཤད་པས།གཉེན་ཉེ་ཚང་མས་ཅི་བཤད་ཀྱང་ཁ་ལ་མ་ཉན་པར་ཨུ་ཚུགས་ཀྱིས་གནས་ནས་འཐོར་བ་ཡིན། ཡིད་སྐྱོ་བ་ཞིག་ལ་ང་གནས་ནས་ཐོར་རྗེས་ངའི་དགའ་རོགས་དེའང་ཚིག་ཐོག་ན་བསྡད་མི་འདུག་པར་ཞི་མོ་གཞན་ཞིག་ཆུང་མར་བླངས་སོང་།ཁོ་མི་ཁྲེལ་མེད་ཅིག་རེད།ཁོའི་ཁ་གཡར་ས་ནི་ཕ་མ་གཉིས་གཏན་ནས་མི་འཐད་ཟེར།དེ་ཡིན་ན་ཐང་། ང་གནས་ནས་ཐོར་བས་ཁོའི་ཕ་མ་གཉིས་འཐད་རྒྱུ་མ་རེད། དྲང་མོར་བཤད་ན་ང་རང་ཉིད་དེར་ཡིད་སྐྱོ་རྒྱུ་ཅི་ཡང་མི་འདུག ང་རང་དུས་རྒྱུན་སེམས་སྐྱོ་བ་ནི་རང་གི་ཞི་ལུ་ཁྱེར་མ་ཡོང་བ་དེ་རེད།རྗེས་ནས་བུ་ལ་བལྟས་མི་ཆོག ང་ལ་ཞི་ལུའི་ཨ་མ་བྱེད་པའི་ཐོབ་ཐང་མི་འདུག་ཟེར།དེ་ནི་ངའི་སེམས་སྐྱོ་བྱེད་གཙོ་བོ་རེད།ང་ད་རག་བར་དུ་ངའི་ཞི་ལུ་ལ་ཐེངས་གཅིག་ཀྱང་ཐུག་མ་མྱོང་།རྒྱང་ནས་ཐེངས་གཅིག་རིག་མྱོང་།ད་གསར་བུར་གྱུར་འདུག དེ་ད་ངའི་སེམས་ཀྱི་ནད་རེད།ཡིན་ནའང་ང་ལ་བཤད་ས་ཞིག་མེད།ཨིན་ཨིན་ཨིན།ད་འགྱོད་ཀྱང་ཅི་བྱ།ང་བུད་མེད་ཅིག་ལ་བཀོད་པ་མེད།ཨིན་ཨིན་ཨིན།

མཚམས་འདིར་སླེབས་དུས་ཁོ་མོ་ངུས་བྱུང་བས། ཁོས་ཁོ་མོར་སེམས་གསོ་བྱས།

དེ་ནས་ལོ་གཉིས་ཀྱི་འཕྲོ་ནས་ང་ཐེངས་གཉིས་པར་གནས་ལ་སོང་།དེ་ཚང་ལ་འགྲོ་དུས་ང་ལོ་ཉི་ཤུ་རྩ་གཅིག་ཡིན། ད་བསམ་ཤེས་འདུག་པས།རང་གིས་ཀྱང་འགྲོ་ཤེས་འདུག་ཤེས་བྱ་བའི་གྲ་སྒྲིག་བྱས་ཡོད།ལས་བཟང་བ་ཞིག་ལ་ཨ་ནེ་དང་ཨ་མྱེས་བཟང་པོ་ཞིག་ལ་འཕྲད་ཅིང་།རང་གི་ཤ་ལས་ཆད་པའི་བུ་མོ་བཞིན་གཅེས་སྐྱོང་བྱེད་པས།ལོ་གཅིག་ལ་དངོས་གནས་སྐྱིད་པོ་བྱས་ནས་བསྡད་པ་ཡིན། ཡིན་ན་ཡང་ལས་མི་བཟང་བ་ཞིག་ནི།རྒད་པོ་ཆང་འཐུང་བར་དགའ་བར་མ་ཟད།དགོང་མོ་རེ་རེར་སྒོ་ཕྱི་ལ་སོང་ནས་ཕྱིར་མི་ཡོང་།ཕྱི་ན་བུད་མེད་ཅིག་ཡོད་པ་ཁོ་ཐག་རེད།དོན་དངོས་ཡོད་མེད་ངས་མི་ཤེས་ཀྱང་།རྗེས་ཀྱི་ལོ་གཅིག་གི་རིང་དུ་ང་ལ་ལག་པས་ཀྱང་རེག་མ་མྱོང་།རྗེས་ནས་ང་ལ་བུ་མོ་ཞིག་སྐྱེས་པས།ངས་དེ་བས་ཀྱང་བསྲན་བཙུགས་ནས་བསྡད་པ་ཡིན། གང་ལྟར་བུ་མོའི་ཆེད་དུ་ད་ནི་གནས་ནས་འཐོར་མི་འོས་བསམ་པ་ཡིན།བུ་མོ་ལོ་གསུམ་ལ་ཐོན་རག་བར་ངས་བཟོད་བསྲན་བྱས་ནས་བསྡད།ལོ་གསུམ་གྱི་རྗེས་ནས།རྒད་པོས་ང་ལ་ངེད་གཉིས་གཉེན་འཐོར་བྱེད་དགོས་པའི་བསམ་ཚུལ་བཏོན། ཁོས་ངེད་གཉིས་ལ་གཅིག་ནས་བཟའ་འདང་མེད་པ་དང་གཉིས་ནས་ཁོ་བུད་མེད་གཞན་ཞིག་ལ་གཉེན་བསྒྲིག་རྒྱུ་ཡིན་ཟེར་བས།དེ་དུས་ང་དངོས་གནས་སྐྱོ་བྱུང་།ཡིན་ནའང་དེ་ལས་དབང་ཡིན་སྲིད།ངས་དོན་དག་ཐམས་ཅད་ངའི་ཨ་མ་ལ་བཤད་པ་ན།ཨ་མས་ང་ལ“ཞི་མོ།དེ་འདྲ་ཞིག་ཡིན་ན་འཐོར་ན་འགྲིག མི་དྲག་ནད་པ་ཤི་ན་དགའ།མི་འགྲིག་བཟའ་ཚང་འཐོར་ན་དགའ་ཟེར་ནི་རེད།བསྡད་མ་བསྡད་ཅང་མེད་པས།ཕྱིར་ཤོག་དང་ཁྱོད་ཀྱི་ཕ་མ་གཉིས་མ་ལྟོགས་ན་ཕོ་བ་ལྟོགས་ནས་འཆི་ནི་མ་རེད”ཟེར་བས།མཇུག་མཐར་ངས་ཁོའི་ཁ་ཐོག་ལ་བཞག་ནས་ཡང་བཟའ་འཐོར་བྱས།ད་ཐེངས་རང་གི་བུ་མོ་ཕྱིར་ཁྲིད་འོངས་པ་ཡིན།ཨ་ནེ་དང་ཨ་མྱེས་གཉིས་ཀས་ཞི་མོ་མི་སྟེར་ཟེར་ཡང་ངས་ཞུ་བ་བྱས་བྱས་པའི་མཐར་འཐད་པ་བྱུང་།ཁོང་བཟའ་མི་གཉིས་ཀྱི་རེ་བ་ནི་ཞི་མོར་ལྟ་བའི་གོ་སྐབས་རེ་སྟེར་དགོས་ཟེར་བར་ངས་ཀྱང་ཁས་ལེན་བྱས།ངས་ང་རང་རང་གི་ཞི་ལུ་ལ་ཐུག་མི་ཐུབ་པ་དྲན་ན་ངོ་མ་སེམས་ཀྱི་སྡུག་བསྔལ་རེད།

ངོ་ཚ་བྱེད་ཡིན་ཡང་།ང་གནས་གསུམ་པར་འགྲོ་དུས། ལོ་ཉེར་བདུན་རེད།ད་རྒན་མོ་ཞིག་ཡིན་ཡང་བུད་མེད་ཅིག་གི་སྐྱེ་བ་བླངས་བཏང་ན་གནས་ལ་མི་འགྲོ་ཐབས་མེད་རེད།རང་གི་ཁྱིམ་ཡིན་ཡང་ཚེ་གང་པོར་འདུག་ཐབས་མི་འདུག ངའི་གནས་སྔོན་མ་གཉིས་ནི་ཕ་མའི་དབང་རེད།ད་ཐེངས་ངས་ཀྱང་རང་དབང་གི་གནས་ཤིག་བཙལ་བ་ཡིན།ཧུ་ཧུ། ཡིན་ནའང་།གནས་བདག་བཟང་པོ་ཞིག་ལ་གང་ནས་ཐུག་ཐུབ།ཐུག་མི་ཐུབ།ཁོ་ཡུགས་པོ་ཞིག་རེད།ཁོའི་ཆུང་མ་ན་ནས་ཤི་བ་ཡིན་ཟེར།ཁོའི་ཕ་མ་གཉིས་སྔོན་ནས་མེད་སོང་བས་ཞི་ལུ་དང་ཁོ་གཉིས་མ་གཏོགས་བཟའ་ཚང་གཞན་པ་མེད།ཁོས་ང་ལ་ངེད་གཉིས་བཟའ་ཚང་བཅའ་བའི་བསམ་ཚུལ་བཤད་དུས།ཐོག་མར་ང་རང་མི་འཐད་ནའང་འདང་བརྒྱབ་ཀྱིན་བརྒྱབ་ཀྱིན་དེ་མི་འགྲིག་པ་མི་འདུག་བསམས། ང་རང་ཉིད་ཀྱང་བཟའ་འཐོར་ཐེངས་གཉིས་བྱས་པར་མ་ཟད། ཞི་མོ་ཡང་རྗེས་སུ་ཁྲིད་ཡོད་པས།ད་ནི་རེ་བ་མཐོན་པོ་འཛིན་རྒྱུ་ཅན་པོ་མིན་པས།ཁོའི་རྒན་མོ་བྱེད་པར་འཐད་པ་བྱུང་བ་ཡིན།ཡིན་ནའང་ངའི་ཕ་མ་གཉིས་དེར་གཏན་ནས་འཐད་པ་མ་བྱུང་།ངས་བཙན་པོ་བྱས་ནས་གཉེན་བསྒྲིགས་པ་ཡིན།དེ་ཚང་ལ་ཐོན་དུས་ང་ནི་དཔོན་པོ་ཏོག་ཏོག་པོ་རེད།རྒད་པོ་བཟང་པོ་གསེར་ལྟ་བུ་ཞིག་ཡིན།ངེད་མ་བུ་གཉིས་ལ་ངོ་མས་ཤ་ཚ།རྒད་པོ་འདི་འདྲ་ལག་ཏུ་ཆུད་པ་ནི་རང་གི་བསོད་ནམས་རེད་འདོད།ཁོའི་ཞི་ལུ་ཡང་ངའི་བུ་མོ་ལ་ཧ་ཅང་འདང་ཆེ། མིང་སྲིང་དང་འདྲ།ངའི་ཞི་མོའང་འགྲིག་མཐུན་ཡོང་ནི་ཞིག་ཡིན།ལོ་གཉིས་ཀྱི་རིང་ལ་ངེད་བཟའ་ཚང་གང་པོ་སྐྱིད་པོ་འོངས།སྤྱིར་དེ་དུས་ངེད་ཚང་གི་ཆ་རྐྱེན་མི་བཟང་།མི་གཞན་པས་རླངས་འཁོར་བསྐོར་ནས་འགྲན་རྩོད་བྱེད་དུས།ངེད་ཚང་ལ་འཕྲུལ་རྟ་ཞིག་མ་གཏོགས་མེད།ས་གང་དང་གང་ལ་འགྲོ་ན་འཕྲུལ་རྟ་དེ་ངེད་ཚང་གི་བཞོན་རྟ་གཅིག་པུ་ཡིན།དེ་ཡིན་རུང་མི་ཆོག་པ་མེད།གཞན་ལས་དལ་བ་དང་གྲང་བ་ཙམ་མ་གཏོགས་ཕལ་ཆེར་འདྲ་འདྲ་རེད།ཐོན་ས་ཞིག་ལ་ཐོན་འགྲོ།ཡིན་ནའང་།ངེད་ཚང་གི་རྒད་པོ་དེ་མི་གཉོམ་པོ་ཞིག་ཡིན་པས་མི་གཞན་གྱིས་ཐུབ་ཚོད་བྱེད།དེ་ནི་ངས་ངོ་མ་བཟོད་མི་ཐུབ།ཁྱོད་ཀྱིས་འདང་རྒྱོབ་དང་།ངེད་ཚང་གི་རྒད་པོ་ངེད་གཉིས་ལྷན་དུ་ཉལ་ཡོད་པ་ཤེས་བཞིན་དུ།གསར་བུ་ཁ་ཤས་ངེད་ཚང་གི་ཁྱིམ་དུ་ཡོང་བ་དང་།ཁྱིམ་དུ་ཡོང་ནས་ང་ལ་ཆགས་བཤད་དང་སྐད་ཆ་འདྲ་མིན་སྣ་ཚོགས་བཤད་དེ།ངེད་ཚང་གི་རྒད་པོ་གཏན་ནས་མིག་ལ་མི་འཇོག་པས།ངས་དེ་མ་ཐག་ངོ་རྒོལ་བྱས་ནས་དེ་དག་སྒོར་ཕུད་པ་ཡིན།ཡིན་ནའང་ངེད་ཚང་གི་རྒད་པོས་དེ་དག་ལ་ངོ་ཡ་མི་བྱེད་པར་རྒྱུན་ལྡན་ཞིག་ཏུ་བརྩིས་པས།ང་སྤོ་ལངས་ནས་ཁོའི་སེམས་ལ་གནོད་བྱེད་ཀྱི་སྐད་ཆའང་བཤད་མྱོང་།“དེ་ཁྱོད་ལ་ཐུབ་ཚོད་བྱས་པ་རེད།སྐྱེས་པ་ཞིག་གི་ཚད་དུ་མ་བཞག་པ་རེད། ཁྱོད་ཤི་སོང་ན་རེད་ཨ”ཞེས་བཤད་ཀྱང་།“ཁོས་དྲག་ནི་རེད།སྐྱོན་ཡོད་ནི་མ་རེད”ཟེར།གསར་བུ་དེ་དག་གིས་ངེད་ཚང་གི་རྒད་པོ་མི་ཅི་འདྲ་ཞིག་ཡིན་པ་ཤེས་པས།ནམ་རྒྱུན་ངེད་ཚང་དུ་ཡོང་བས། ང་ལ་སྡེ་བའི་མི་ཁ་མང་པོ་འཁོར་མྱོང་།ཆ་མེད་ཅིག་གིས་ང་ནི་བུད་མེད་མདོ་རྩ་མེད་པ་ཞིག་རེད་བསམ་ཁོ་ཐག་རེད། དེ་ལྟར་དུས་ཚོད་ཡུན་རིང་སོང་ན་ང་རང་ཡང་ཅུང་ཟད་ལོབས་པར་གྱུར།དྲང་མོར་བཤད་ན།རྒད་པོ་མེད་ས་ནས་ཀྱང་ཞི་ལུ་དག་ཡོང་བས།དེ་ལས་ཞི་ལུ་ཞིག་དང་ལུས་འབྲེལ་བྱུང་།ད་ངོ་ཚ་བྱེད་ཡིན་ཡང་གསང་རྒྱུ་ཅང་མི་འདུག ཧུ་ཧུ།ལུས་འབྲེལ་བྱུང་ན་བྱུང་མོད་སྐྱེས་པ་དེ་ངེད་ཚང་གི་རྒད་པོ་ཡོད་དུས་མེད་དུས་གཉིས་ཀར་ཡོང་བ་དང་།ཡོད་དུས་ངེད་ཚང་གི་རྒད་པོར་ངོ་མཚང་འབྲུ་བ་དང་འཕྱ་སྨོད་བྱེད།ནུབ་མོ་ཞིག་ལ་ཡང་ཁོ་རང་ངེད་ཚང་ལ་ཐོན་པ་དང་ཆང་གིས་བཟི་འདུག་པས།ངའི་རྒད་པོའི་ངོ་ལ་བལྟས་ནས་ངེད་གཉིས་ཀྱི་དོན་དག་ཚང་མ་བཤད་པར་མ་ཟད།རྒད་པོར་མཚང་བྲུས་པས་རྒད་པོ་ཡང་ཁོང་ཁྲོ་ཆེན་པོ་ལངས་ནས་ཁོའི་ལྟོ་བར་གྲིས་འཛེར་བས་ཨེན་ཙམ་མིན་ན་ཤི་སོང་།སྨན་ཁང་ནས་མྱུར་སྐྱོབ་བྱས་པས།གྱོད་ཀྱི་ཁ་ཕྱེས་པར་མ་ཟད་ང་ཡང་མིང་ལ་གྲགས་སོང་བས།ཡང་མི་འཐོར་ཐབས་མེད་བྱུང་སོང་།རྗེས་ནས་ངས་ཞི་མོ་ཁྲིད་ནས་རྫོང་འདབས་ལ་འོངས་པ་དང་།རྫོང་ཐོག་ནས་ལས་ཀ་ཙག་ཙིག་ཅིག་ལས་ནས་ཁ་གསོ་ཐབས་བྱས།ངས་མ་ལས་པ་ཞིག་མེད།ཟ་ཁང་གི་ཞབས་ཞུ་མ་བྱས་མྱོང་།ཆང་ཁང་གི་ཆང་མ་ཡང་བྱས་མྱོང་།ལམ་ལས་པ་བྱས་མྱོང་།བཟའ་ཚང་བར་གྱི་བཟའ་འདྲེ་ཡང་བྱས་མྱོང་།རྫོང་ཐོག་ནས་བསྡད་ན་མི་རྣམ་པ་སྣ་ཚོགས་རེད།ཧུ་ཧུ།དགོད་སྤྱད་ཨེ་རེད།ང་ཆང་ཁང་ཞིག་ནས་རྒད་པོ་ཞིག་ལ་ཐུག་ཐལ།ཁོ་ཡང་རྒད་མོས་བསྐྱུར་ནས་ཤུལ་ན་ཁོའི་ཞི་ལུ་དང་ཁོང་གཉིས་ཀ་མ་གཏོགས་མེད་པ་དང་།ཞི་ལུས་ཟི་ལིང་ན་ཚོང་རྒྱག་གིན་ཡོད་ཟེར།ཁོ་རང་ལས་ཁུངས་ཤིག་གི་ལས་བྱེད་པ་ཞིག་རེད།ཟླ་ཕོགས་འབབ་བཞིན་འདུག་པས།ཁྱིམ་ཚང་གི་འབྱོར་བ་མི་བཟང་རྒྱུ་མེད།གཙོ་བོ་རྒད་པོ་ཁེར་འདུག་ཡིན་པས་འདུག་རོགས་ཤིག་དགོས་མཁོ་ཆེ་བ་དང་།ང་རང་ཡང་དཀའ་ལས་ལ་ཐུག་ཡོད་པས།དཔལ་འབྱོར་གྱི་རོགས་ཤིག་ཤིན་ཏུ་མཁོ་བས།ཡང་ཁོ་དང་མཉམ་དུ་འདུག་ཁུལ་བྱས་པ་ཡིན།ཨ་ཡོ་ཤུ།ཡིན་ན་ཡང་ཁོའི་ཞི་ལུ་མི་འཐད།ནམ་རྒྱུན་ཁྱིམ་དུ་ཡོང་ཐེངས་རེར་སྐད་ཆ་གནོད་བྱེད་དང་ངོ་མདོག་ནག་ནག་ཏག་ཏག་སྟོན།དེ་བྱས་ན་བྱས།ཉིན་ཞིག་ལ་ཁོས་ཁོའི་ཨ་མ་ཁྲིད་འོངས་ནས་ཁོའི་ཕ་མ་གཉིས་སླར་འགྲིག་རྒྱུ་རེད་ཟེར།གནམ་རྒན་མ་དེ་དུས་རྒད་པོས་ཅི་ཟེར་བ་ཨེ་ཤེས།ཁོ་རང་ཡང་སླར་འགྲིག་པར་འཐད་པ་ཡིན།ང་དང་ཁོ་གཉིས་ལ་འབྲེལ་བ་ཅི་ཡང་མེད་པར་མ་ཟད།ང་ནི་ཁོ་ཚང་གིས་གླས་པའི་གླ་བ་ཞིག་ཡིན་ཟེར་བས།ང་རང་ཁྱི་བཞིན་དུ་སྒོར་ཕུད་པས་ད་མི་འགྲོ་ཟེར་རྒྱུ་མེད་ཨ།ཧུ་ཧུ།ངའི་གཏམ་རྒྱུད་དེ་འདྲ་ཞིག་ཡིན།ཁྱོད་ཀྱིས་གོ་མ་གོ་གཉིས་ཀ་ཡོད་རྒྱུ་རེད།ཁྱོད་ཀྱིས་ང་ལ་མཐོང་ཆུང་མ་བྱེད་ཨ།

“མཐོང་ཆུང་བྱེད་མི་སྲིད།ངས་ཁྱོད་ཀྱི་གནས་ཚུལ་རེ་གོ་མྱོང་ཡོད།དེ་རིང་འདི་ལྟ་བུའི་གསལ་པོ་ཞིག་གོ་མྱོང་མེད།”

ཁྱོད་ཀྱིས་ཤེས་ནི་མ་རེད།ངས་བཤད་པ་འདི་ང་མ་གཏོགས་གཞན་གྱིས་གསལ་པོར་ཤེས་སྲོལ་མེད།ང་རང་ཉིད་ཀྱི་གསང་བ་ཡང་ཡིན།ཨིན།གང་ཡིན་མི་ཤེས།དེ་རིང་ཁྱོད་ལ་བཤད་འདོད་བྱུང་ཐལ།ད་གང་ལྟར་ངའི་མི་ཚེ་འདི་ལྟར་ཚར་དགོས་ནི་རེད།ང་ལ་སེམས་ཁུར་ཞིག་ཡོད་པ་ནི་ངའི་ཞི་མོ་ཡིན།ངའི་ཞི་མོས་དམའ་འབྲིང་ནས་མཐོ་འབྲིང་ལ་རྒྱུགས་མ་འཕྲོད་པས།སློབ་གྲོགས་སྐོར་ཞིག་དང་མཉམ་དུ་ན་གོར་མོ་ལ་ལས་ཀ་ལས་པར་བུད་སོང་།རྐྱལ་སྟོང་མགོ་སྟོང་གི་གྲལ་ལ་མ་སོང་ན་དེས་ཆོག་ཀྱང་།ད་སུས་ཤེས།ངས་ཞི་མོ་ལ་དེ་འདྲའི་ཐག་རིང་ཞིག་ལ་མི་འགྲོ་བར་འདིར་བསྡད་ནས་ཨ་མར་རོགས་བྱོས།ད་ཨ་མ་ལ་ཡང་རོགས་པ་ཞིག་དགོས་ཞེས་བཤད་ཀྱང་།མོས་ངའི་ཁ་ལ་མི་ཉན་པས་ང་ལ་བཀོད་པ་མི་འདུག ཕ་ཞིག་ཡོད་ན་ཁ་ལ་ཉན་ན་ཐང་མོད།ད་ང་བུད་མེད་ཅིག་གིས་བཤད་ན་ངག་ལ་མི་ཉན་པར་མ་ཟད།ལྷག་ཏུ་བྱིས་པ་དག་ལག་ཆགས་རྗེས་ཁ་ལ་མི་ཉན་པས།ཨིན།ད་ངས་བཤད་བཤད་ནས་ཁྱོད་ལ་སུན་སྣང་སྐྱེ་སྲིད།ད་མི་བཤད། ད་མི་བཤད།རྡོ་བརྟན་གྱིས་ཁོ་མོའི་སྐད་ཆའི་སྣེར་མཐུད་དེ“སྐྱོན་ཡོད་ནི་མ་རེད།ང་ལ་བཤད་ན་ཅི་སྐྱོན།བཤད་ས་ཞིག་ལ་བཤད་ནི་རེད།ཆ་མེད་རྒྱུས་མེད་ཅིག་མ་རེད།ཁྱོད་ཀྱིས་དེ་ལྟར་བཤད་ན་ངོ་མ་ཁག་མི་འདུག་ཨང”ཞེས་བཤད་པ་ལས་གཞན་ཅི་ཞིག་བཤད་དགོས་པ་མ་ཤེས།གལ་ཏེ་མི་གཞན་ཞིག་ཡིན་ན་ཁོས་ཁྱིམ་ཚང་སློབ་གསོའི་གལ་ཆེན་རང་བཞིན་བཤད་སྲིད་མོད།ད་ལྟ་ཁོ་མོར་མཚོན་ན་དེ་བཤད་འོས་སམ།མི་འོས་མི་འོས།ཁོས་དེ་ལྟར་བསམ་བཞིན་ཁྱིམ་ཚང་སློབ་གསོ་ཟེར་བ་ཅི་ཞིག་ཡིན་ནམ་ཞེས་བསམ་བློ་གཏོང་མགོ་བརྩམས།

ཉིན་དེར།མི་མང་པོ་ཞིག་མགྲོན་ཁང་ཆེན་མོ་ཞིག་གི་སྒོ་ཁར་འཛོམས་ཡོད་པ་དང་།ཚང་མས་འཕྱོར་ལྭ་སྣ་ཚོགས་གོན་ནས་ཁྲ་ལམ་ལམ་དང་འུར་ཟང་ཟིང་བྱེད།བདེ་སྐྱིད་ལྷ་མོས་བག་ལྭ་ཞིག་གྱོན་ཡོད་པ་དང་རྒྱན་གོས་སྣ་ཚོགས་བཏགས་ནས་རླངས་འཁོར་ལས་བབས་ཏེ་ཁོའི་ལག་པར་འཇུས་ཤིང་།ཁོས་ཀྱང་ཚར་ལྭ་དང་འཇུར་རྟ་བརྗོད་དུ་མེད་པ་ཞིག་གྱོན་འདུག་པ་དང་།བྱིས་པ་སྐོར་ཞིག་གིས་ཁོ་གཉིས་བསྐོར་ནས་ཕར་རྒྱུག་ཚུར་རྒྱུག་བྱས།ཁོ་གཉིས་ཀྱིས་ལག་པའི་ནང་ལ་ལག་པ་བཞག་ནས་གཉེན་སྟོན་བྱེད་སའི་སྒོ་ཆེན་ལས་ཡར་འཛུལ་མ་ཐག་ཏུ།ཤོག་སྦག་སྐད་ཆེན་པོ་གློ་བུར་དུ་སྐག་དིར་བྱས་ནས་བཀད་པས།ཁོ་རང་གློ་བུར་དུ་གཉིད་ལས་སད་པས།ཁོས་མིག་ཕྱེས་ནས“ཨོ་ཨོ།མ་གཞི་དེ་ནི་རྨི་ལམ་ཞིག་ཡིན་ནམ”ཞེས་ངག་ལས་ཤོར་ཞིང་།ལོགས་སུ་གཉིད་དུ་ཡུར་བའི་ཆུང་མར་བལྟས་ཏེ“རྨི་ལམ་ནི་རྨི་ལམ་ཙམ་ཡིན་པར་ཤོག”ཅེས་བཤད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།