ཀྲུང་གོ་བོད་ཀྱི་དྲ་བ།

འདྲེ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : དགྲ་ལྷ་བཀྲ་ཤིས།   སྤེལ་དུས། : 2021-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1

གློག་ཆད་སོང་བ་ཡིན་ནམ། གློག་གཟིམས་བཏང་བ་ཡིན།

2

གློག་ཆད་མི་འདུག་སྟེ། ངའི་སྔས་མགོའི་གཡོན་འགྲམ་དུ་ཡོད་པའི་གློག་གི་དཀར་ཁུང་ངོས་ཀྱི་འོད་ཆུང་ཆུང་དེ་དམར་ལམ་མེར་འདུག་པས། གློག་ཆད་སོང་བ་ག་ལ་ཡིན།

འོ་ན། གློག་རང་ཉིད་ཀྱིས་གཟིམས་པ་ཡིན་ནམ།

ད་ཅི་རང་ཉིད་མལ་སའི་ནང་དུ་གན་རྐྱལ་དུ་ལོག་ནས་ཅང་མ་འགོར་བར་གཉིད་འཐིབས་པོ་ཞིག་བབས་ཏེ་མིག་འབྱེད་མ་བཙུམ་བྱེད་དུས་ཀ་བའི་སྒྲོག་ཤིང་གི་ངོས་ན་མར་དཔྱངས་པའི་ཝ་བརྒྱ་ཅན་གྱི་གློག་འོད་དེ་མིག་ལ་མི་བདེ་བ་ཞིག་ཡིན་ཞིང་། དེ་ལྟ་ནའང་། གློག་གཟིམ་རྒྱུར་ཚེགས་ཀ་སྐྱེས་ཏེ་མིག་བཙུམ་ནས་གཉིད་དུ་ཡུར་བ་རང་གི་སེམས་ན་གསལ་པོར་འདུག

དེས་ན། གློག་སུས་གཟིམས་པ་ཡིན་ནམ། དེ་དགོང་ཡུལ་མི་དག་ཁང་པ་གསར་པ་འདི་རུ་བསྡད་མེད་པར་ཁང་རྙིང་གི་ནང་ན་བསྡད་ཡོད་པས་གློག་མི་གཞན་ཞིག་གིས་གཟིམས་པ་ཡང་ག་ལ་ཡིན།

འོ། དེས་ན། གློག་ཚིག་སོང་བ་མ་ཡིན་ནམ། དེ་ཡང་ཡིན་མི་སྲིད། གློག་རྡོ་སོ་མ་སྤུས་དག་ཅིག་སྤྲད་ནས་ཅང་འགོར་མེད་པ་མ་ཡིན་ནམ།

ངས་གནད་དོན་དེར་དེ་ལྟར་འདང་བརྒྱབ་ནས་མཚམས་དེར་སླེབས་དུས། ངའི་སེམས་པ་གློ་རྡེག་ལ་འཇིགས་སྐྲག་ཅིག་གིས་ཁེངས་བྱུང་། འཇིགས་སྐྲག་དེས་ཁེངས་པའི་མུར་རང་གི་གམ་གྱི་མུན་པའི་ནང་དུ་སུ་ཞིག་ཡོད་པ་འདྲ་ལ། སུ་ཞིག་ཡོད་པ་འདྲ་བ་དེ་ནི་ཉིན་འགའི་སྔོན་དུ་ཚེ་ལས་འདས་པའི་རང་སྡེ་གཅིག་པའི་གྲོགས་པོ་འབྲུག་རྒྱལ་ཡིན་སྣང་བྱུང་།

སྐབས་དེར། དེ་ལྟར་སྣང་བས། དེ་མ་ཉིད་དུ་ལུས་ཀྱི་བ་སྤུ་གཟེངས་ཤིང་མགོའི་སྐྲ་ལོ་ཞོགས་པའི་ཚོར་བ་བྱུང་སྟེ་གཡས་ལག་གིས་སྔས་མགོའི་གཡོན་ཕྱོགས་སུ་ལག་སྙོབ་བྱེད་ཐེངས་གཅིག་གིས་མྱུར་དུ་གློག་བཀར། གློག་བཀར་བའི་སྐད་ཅིག་མར་ཁང་པའི་ནང་ཧྲིལ་པོ་དཀར་གསལ་ལེར་བཏང་བས། མིག་ལམ་དུ་ཅི་ཡང་མི་སྣང་ནའང་། སེམས་སུ་ད་དུང་ཚེ་འདས་གྲོགས་པོ་འབྲུག་རྒྱལ་གསལ་ལེར་སྣང་།

3

འབྲུག་རྒྱལ་ནི་ངའི་གྲོགས་པོ་བཟང་པོ་ཞིག་ཡིན་ལ། ཁ་ཡ་ན་ཟླ་ཡང་ཡིན། འབྲུག་རྒྱལ་དང་ངེད་གཉིས་ད་ལོར་ལོ་སུམ་ཅུར་བུད་མ་ཐག་ཡིན།

འབྲུག་རྒྱལ་ཚེ་ལས་མ་འདས་པའི་སྔོན་དུ། ཁོ་གློ་རྡེག་ལ་ཚེ་ལས་འདས་འགྲོ་བ་ངའི་ཡིད་ཀྱི་ཟུར་ལའང་དྲན་མ་མྱོང་།

འབྲུག་རྒྱལ་ཚེ་ལས་མ་འདས་པའི་སྔོན་དུ། འབྲུག་རྒྱལ་དང་ཁོ་ཚང་གི་ཡུལ་མི་ཚོས་རྒྱུན་དུ་ཁོ་ལ་སྐྱོན་མི་འདུག་ཟེར་བཞིན་ཡོད་ཚུལ་ངས་སྡེ་མི་ཚོའི་ཁ་ནས་གོ་མྱོང་ལ། ང་ལའང་དངོས་སུ་བཤད་མྱོང་། དེ་ནི་སྨན་པས་འབྲུག་རྒྱལ་གྱི་གློ་ནད་དྲག་སྐྱེད་འབྱུང་ངེས་ཟེར་བའི་སྐད་ཆ་ལྟར་བཤད་པ་རང་རེད། དོན་དུ་ཡང་ནད་དེ་ཚེ་སྲོག་ཁྱེར་འགྲོ་བའི་ནད་ངན་ཞིག་མིན་ཡང་། དངོས་བྱུང་གི་སྣང་ཚུལ་ནི་དེ་ལས་ལྡོག་པར་གྱུར་སོང་།

འབྲུག་རྒྱལ་ཚེ་ལས་འདས་པའི་ཉིན་མོ་དེའི་སྔ་ཉིན། ང་འབྲུག་རྒྱལ་གྱི་གམ་དུ་ནད་འདྲིར་སོང་བ་ཡིན། སྡེ་བའི་གཞུང་ནས་གཡས་ཕྱོགས་ཀྱི་སྲང་ལམ་དེད་ནས་ཁོ་ཚང་གི་ཕྱོགས་སུ་འགྲོ་དུས། རྒས་ཤིང་འཁོགས་པའི་བགྲེས་པོ་གཅིག་རེ་གཅིག་རེ་དལ་བུར་མ་ཎི་ཁང་དུ་འགྲོ་ཞིང་། སེར་པོར་གྱུར་པའི་སྟོན་ལོ་གཉིས་རེ་གསུམ་རེ་ཡང་དལ་བུར་ལང་ཚོའི་ལྗོན་པ་དང་གྱེས་ནས་ས་རུ་ལྷུང་། དེའི་དུས། ངས་སྟོན་ལོ་སེར་པོ་དག་ནི་རྒས་ཤིང་འཁོགས་པའི་བགྲེས་པོ་དག་དང་ཅི་འདྲའི་མཚུངས་ཨང་སྙམ་ལ། སྟོན་ལོ་སེར་པོ་དག་ནི་རྒས་ཤིང་འཁོགས་པའི་བགྲེས་པོ་དག་དང་མཚུངས་ན། འབྲུག་རྒྱལ་དང་རང་ཉིད་ལྟ་བུ་ནི་ད་དུང་དབྱར་ཚུགས་མ་ཐག་གི་ལོ་མ་སྔོན་པོ་ཆུང་ཆུང་ཞིག་མིན་ན་ཅི་ཞིག་ཡིན་ཨང་སྙམ།

ལམ་བར་དུ། ངས་དེ་ལྟར་བསམ་བཞིན་འབྲུག་རྒྱལ་ཚང་དུ་སོང་། ཁོ་ཚང་ན་ཁོ་མ་གཏོགས་མི་འདུག བཟའ་མི་གཞན་དག་སྟོན་ལོག་རྒྱག་ཏུ་སོང་འདུག

ཉིན་དེར། འབྲུག་རྒྱལ་ཁྱམས་ཀྱི་ཉིན་ཁ་རུ་གདན་མཐུག་པོ་ཞིག་གི་སྟེང་ན་མལ་ཐུལ་ལྟེབ་མ་ཞིག་ལ་རྒྱབ་བསྙེས་ཀྱིས་བསྡད་འདུག་ལ། ཁོའི་ལུས་པོ་ཅུང་ཟད་རིད་པར་གྱུར་ཡོད་པ་མ་གཏོགས་ངོ་མདངས་དང་རྣམ་རིག་ཧ་ཅང་བཟང་། མི་སྡུག་པའི་ཉམས་དང་ལྟས་ཅི་ཡང་མི་འདུག དངོས་གནས་དབྱར་ཚུགས་མ་ཐག་པའི་ལོ་མ་སྔོན་པོ་ཆུང་ཆུང་ཞིག་དང་མཚུངས།

སྐབས་དེར། འབྲུག་རྒྱལ་གྱིས་ང་ཡོང་བ་མཐོང་མ་ཐག་ཙོག་པུར་བསྡད་ཅིང་། དེ་ནས་གདོང་ལ་འཛུམ་ཞིག་རྒྱས་ཏེ“དེ་ནས་ཙོག”ཟེར་བཞིན་ཁོ་འདུག་སའི་ཉེ་གམ་དུ་བཞག་པའི་རྐུབ་སྟེགས་དེ་མཛུབ་མོས་བསྟན་བྱུང་། ངས་རང་གིས་ཁྱེར་ཡོང་བའི་སིལ་ཏོག་དེ་དག་ཁོའི་ཕྱོགས་སུ་བཞག་རྗེས་རྐུབ་སྟེགས་དེ་རུ་ཙོག་ནས“ད་ལྟ་ཁྱོད་ཀྱི་ནད་བབ་ཅི་འདྲ་རེད། ཁྱོད་ཀྱི་ངོ་མདངས་ཧ་ཅང་ཡག་གི། ན་བ་ཞིག་བྱུང་ཡོད་པའི་ཉམས་ཅུང་ཙམ་ཡང་ཤར་མི་འདུག”ཅེས་སྨྲས་པ་ན། ཁོས“ད་ང་ལ་མི་བདེ་རྒྱུ་ཆེན་པོ་མི་འདུག སྨན་ཁང་ནས་བུད་དེ་ཉིན་ཉི་ཤུ་ལྷག་འགོར་བའི་རིང་ལ་ང་སྔོན་ལས་ཇེ་བདེར་དགའ་ཞིག་བུད་སོང་། ད་མི་འགྱང་བར་དྲག་སྐྱེད་འབྱུང་ངེས། སིལ་ཏོག་འདི་འདྲ་མང་པོ་ཞིག་ཉོས་ནས་ཁྱེར་ཡོང་དགོས་ནི་མ་རེད་ཡ”ཞེས་སྨྲས་བྱུང་།

འབྲུག་རྒྱལ་གྱིས་དེ་ལྟར་བཤད་དུས། ཁོའི་རྣམ་འགྱུར་ལ་བལྟས་ན་དངོས་གནས་མི་འགྱང་བར་གློ་ནད་དེ་དྲག་སྐྱེད་འབྱུང་ངེས་པའི་ཚོར་བ་ཞིག་སྟེར་བར་བྱེད། ཁོས་དེ་ལྟར་སྨྲས་རྗེས་ཐབ་ཚང་དུ་སོང་ནས་ཇ་དེམ་དང་དཀར་ཡོལ་ཁྱེར་ཡོང་བ་དང་། དེ་ནས་ང་ལ“འུ་གཉིས་ཀྱིས་ཇ་འབྱོངས་རྒྱག་བཞིན་ཁ་བརྡ་བྱེད”ཟེར་བཞིན་ཇ་བླུགས་བྱུང་། ཁོ་ཇ་དེམ་དང་དཀར་ཡོལ་ལེན་དུ་འགྲོ་དུས་གོམ་ལག་བརྟན་ཞིང་མྱུར་བས། ནད་པ་ཞིག་དང་གཏན་ནས་མི་འདྲ།

“སྨན་པས་བཤད་པ་ལྟར་ཟས་སྤྱོད་ལ་མཉམ་འཇོག་བྱས་ཏེ་སྨན་འཐུངས་ན་དྲག་སྐྱེད་འབྱུང་ནི་རེད།”

“ཡ་ཡ། ཟ་མར་འཛེམ་རྒྱུ་ཅུང་དཀའ་ནའང་རང་གིས་རང་ལ་འགྲིག་ལམ་བཅོས་ཏེ་རྒྱུན་དུ་མཉམ་འཇོག་བྱས་ནི་ཡིན། སྨན་ཡང་དུས་ལྟར་འཐུང་བཞིན་ཡོད། ཐུན་གཅིག་ལའང་ཆད་མ་མྱོང་། ད་བར་ཉིན་རེ་ནས་ཉིན་རེར་ནད་བབ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བའི་ཚོར་བ་འདུག”

“འོ། བཟང་གི། དེ་ལྟར་བྱས་ན་དྲག་སྐྱེད་མི་འབྱུང་བའི་ནད་ཅིག་ག་ལ་ཡོད། ད་མྱུར་དུ་སངས་དྲག་ཏུ་འགྲོ་ནི་རེད། ”

“ད་བར་ཁྱོད་ཀྱིས་ཚོང་ཅི་ཞིག་རྒྱག་བཞིན་ཡོད། ད་ལོའི་དབྱར་རྩྭ་དགུན་འབུའི་ཚོང་ཅི་འདྲ་རེད། རླངས་འཁོར་ནམ་ཞིག་ལ་ཉོ་འཆར་ཡོད།”

“ད་བར་མར་ཚོང་རེ་རྒྱག་བཞིན་ཡོད། ད་ལོའི་དབྱར་རྩྭ་དགུན་འབུའི་ཚོང་དེ་འདྲ་བཟང་རྒྱུ་མི་འདུག ཡོང་སྒོ་ཉུང་ཉུང་ཞིག་མ་གཏོགས་མི་འདུག རླངས་འཁོར་ད་ལོའི་རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ་ཉོ་འཆར་ཡོད།”

“བཟང་གི། བཟང་གི། ཁྱོད་རྒྱུ་བཙལ་ན་ངར་བ་རེད། ངའི་ནད་འདི་དྲག་སྐྱེད་བྱུང་རྗེས། ངས་ཀྱང་ཚོང་ཙག་ཙིག་རེ་རྒྱག་འདོད། ཚོང་བརྒྱབ་ནས་སྒོར་མོ་བཙལ་ཏེ་རྗེས་ནས་ངས་ཀྱང་རླངས་འཁོར་ཞིག་ཉོ་འདོད་ལ། ད་དུང་ཁུལ་ཐོག་ནས་ཁང་པ་ཞིག་ཀྱང་ཉོ་འདོད།”

“… …”

ཉིན་དེར། ངེད་གཉིས་ཀྱིས་དེ་ལྟར་ཕྱོགས་ཡར་མར་གྱི་ལབ་གླེང་མང་པོ་བྱེད་བཞིན་ཡུན་རིང་ཞིག་ལ་མཉམ་དུ་བསྡད།

ང་འབྲུག་རྒྱལ་གྱི་གམ་དུ་ནད་འདྲིར་སོང་བའི་ཕྱི་ཉིན། འབྲུག་རྒྱལ་གློ་རྡེག་ལ་ཚེ་ལས་འདས་པས། དོན་དག་དེས་ང་ལ་འདང་རྒྱག་རྒྱུ་མང་པོ་ཞིག་བྱིན་པར་མ་ཟད། དོན་དག་དེ་འདྲ་བྱུང་བ་ནི་རང་ལ་མཚོན་ན་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཀྱི་རྒྱུན་ལྡན་མ་ཡིན་པའི་སྣང་ཚུལ་ཞིག་ཡིན་པས། དོན་དག་དེ་སེམས་ཀྱི་གཏིང་ཟབ་ས་ཞིག་ལ་རང་བཞིན་གྱིས་འཇགས་པར་གྱུར་ལ། དེ་ནས་བཟུང་། ངས་འབྲུག་རྒྱལ་གྱི་ཕྱོགས་ལ་འདང་བརྒྱབ་ན་སྨོས་ཅི་དགོས། འདང་སྤུ་ཙམ་ཡང་མ་བརྒྱབ་ཀྱང་། རང་དགར་སེམས་སུ་ཁོའི་གཟུགས་བརྙན་གསལ་ལེར་འཆར་ཡོང་།

དུས་ཚོད་ཡུན་རིང་ཞིག་འགོར་སོང་། ཡིན་ནའང་། གཉིད་ནི་རྐུན་མས་བརྐུས་པ་བཞིན་ང་ལ་གཉིད་གཏན་ནས་ཡོང་རྒྱུ་མ་བྱུང་། དེའི་དུས། ངས་གློག་མ་གཟིམ་པར་ཁང་པའི་ནང་གི་དཀར་ས་ལ་ལྟ་བཞིན་དོན་དག་གཞན་ཞིག་ལ་འདང་བརྒྱབ་སྟེ་འབྲུག་རྒྱལ་གྱི་གཟུགས་བརྙན་སེམས་ནས་བརྗེད་ཅི་ཐུབ་བྱས།

4

སྐབས་ཤིག་ལ། ཕྱི་རོལ་ནས་རླུང་གིས་ཤུ་སྒྲ་འབྱིན་མགོ་བརྩམས་བྱུང་། དེ་ནི་ཨ་ཡེ་ཞིག་གི་ངུ་སྐད་གཉོམ་པོ་ཞིག་དང་མཚུངས།

ཏག་ཏག་སྐབས་དེ་ལ། འབྲུག་རྒྱལ་གྱིས་ང་ཉལ་སའི་ཁང་པའི་སྒོ་དལ་བུར་ཕྱེས་ནས་ངའི་གམ་དུ་སླེབས་བྱུང་། ཁོའི་ལུས་པོ་ཅུང་ཟད་རིད་པར་གྱུར་ཡོད་ནའང་། ངོ་མདངས་དང་རྣམ་རིག་ཧ་ཅང་བཟང་།

འབྲུག་རྒྱལ་དེ་ལྟར་ངའི་གམ་དུ་སླེབས་པས། ང་མལ་ལས་ཡར་ལངས་ནས་ཙོག་པུར་བསྡད་དེ། ཁོ་ལ“ཁྱོད་སླེབས་བྱུང་ངམ། དོན་དག་ཅིག་ཡོད་དམ། ཁྱོད་ཀྱི་གློ་ནད་དྲག་སྐྱེད་བྱུང་སོང་ངམ”ཞེས་སྨྲས་པར། ཁོས་སྐད་དམའ་མོས“ངས་ད་ནས་བཟུང་ཚོང་ཙག་ཙིག་ཅིག་རྒྱག་ན་འདོད་པས། ཁྱོད་ལ་དེའི་སྐོར་ནས་བློ་འདྲི་རེ་བྱེད་དུ་ཡོང་བ་ཡིན། ངའི་གློ་ནད་སྔ་མོ་ནས་དྲག་སྐྱེད་བྱུང་སོང”ཞེས་བཤད་བཞིན་ང་ཉལ་སའི་སྔས་མགོའི་གཡས་ཕྱོགས་ཀྱི་གདང་ག་ནས་མར་ཙོག་སྟེ་བསྡད་པ་དང་། དེ་ནས“ཁྱོད་ཀྱིས་བལྟས་ན་ངས་ཚོང་ཅི་ཞིག་བརྒྱབ་ན་བཟང་ངམ”ཞེས་སྨྲས་བྱུང་། ངས་ཡུད་ཙམ་ལ་བསམ་བློ་ཞིག་བཏང་རྗེས“ངས་བསམས་ན། སྔོ་ཚལ་དང་སིལ་ཏོག་གི་ཚོང་བརྒྱབ་ན་བཟང་། ད་བར་སྔོ་ཚལ་དང་སིལ་ཏོག་གི་ཚོང་རྒྱག་མཁན་མང་པོ་མེད་ལ། སྔོ་ཚལ་དང་སིལ་ཏོག་གི་རིགས་ནི་མི་རྣམས་ཀྱི་འཚོ་བར་ནམ་རྒྱུན་ཉེ་བར་མཁོ་བས། དེའི་རིགས་ཀྱི་ཚོང་བརྒྱབ་ན་དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་ཡང་ཁེ་སྤོགས་མི་ཉུང་བ་ཞིག་ལེན་ཐུབ་ངེས”ཞེས་སྨྲས་པར། ཁོས་ཅི་མི་སྙམ་པར“དེས་ན་ངས་ཁྱོད་ཀྱིས་བཤད་པ་ལྟར་སྔོ་ཚལ་དང་སིལ་ཏོག་གི་ཚོང་རྒྱག་རྒྱུ་བྱེད”ཅེས་སྨྲས་བྱུང་། ངས་ཡང་ཁོ་ལ“སྔོ་ཚལ་དང་སིལ་ཏོག་གི་ཚོང་རྒྱག་ན་སྡུག་རུས་ཆེ་དགོས་ནི་རེད”ཅེས་སྨྲས་པར། ཁོས“དེར་སྡུག་རུས་ཅི་འདྲ་ཞིག་བྱེད་དགོས་ཀྱང་ངས་བྱེད་ཐུབ། གཙོ་བོ་ཁེ་སྤོགས་ཤིག་ལེན་ཐུབ་སོང་ན་སྡུག་རུས་བྱེད་དགོས་ཀྱང་ཅི་སྐྱོན”ཞེས་སྨྲས་ཤིང་། དེའི་མུར་ཁོས་སྐད་མཐོན་པོས་གློ་ལུ་འགའ་བསྟུད་མར་བྱས་པས། ང་ཡེར་སེ་བཏང་བྱུང་།

སྐབས་དེར། ང་ལ་རང་ཉིད་གཉིད་ལས་སད་བྱུང་བ་ལྟ་བུའི་ཚོར་སྣང་ཞིག་བྱུང་བ་དང་། དུས་མཚུངས་སུ་ཚོར་སྣང་དེས་རང་གི་རིག་པ་ཡང་སོར་ཆུད་དུ་བཅུག་པས། ངས་རང་གི་ཉེ་འཁོར་ནི་སྨག་ནག་གེར་འདུག་པ་མཐོང་བྱུང་།

ཨ་ཙི། ཡང་གློག་གཟིམས་འདུག་པ་འདི་ཅི། ད་ཅི་ངས་གློག་བཀར་ནས་བཞག་པ་མ་ཡིན་ནམ། འབྲུག་རྒྱལ་སྔོན་ཏག་ཏག་འདིར་རང་གི་གམ་དུ་སླེབས་པ་ནི་ཅི་ཡིན་ནམ། ཁོ་ཉིན་འགའི་སྔོན་ནས་ཚེ་ལས་འདས་སོང་བ་མ་ཡིན་ནམ། ངས་དེ་ལྟར་བསམ་དུས་རང་གི་གམ་དུ་འབྲུག་རྒྱལ་གྱིས་ཅི་ཡང་མི་སྨྲ་བར་བསྡད་འདུག་སྙམ་པ་ཞིག་ཤར་བས། ངའི་སེམས་པ་སྔར་ལས་ཀྱང་ལྷག་པའི་འཇིགས་སྐྲག་ཅིག་གིས་ཁེངས་པར་གྱུར་ཅིང་། དེ་ནས་གཡས་ལག་གིས་སྔས་མགོའི་གཡོན་ཕྱོགས་སུ་ལག་སྙོབ་བྱེད་ཐེངས་གཅིག་གིས་གློག་བཀར་བ་ན། ངའི་མཐོང་ལམ་ཧྲིལ་པོ་དཀར་གསལ་ལེར་བཏང་ཞིང་། ཡར་སྔོན་ལ་རང་གི་ཉེ་གམ་དུ་སླེབས་པའི་འབྲུག་རྒྱལ་མཐོང་ལམ་དུ་མངོན་མ་བྱུང་།

འདི་ནི་ཅི་ཡིན་ནམ། འདི་ནི་རྨི་ལམ་ཡིན་ཡང་ཆོག་ལ། མངོན་སུམ་ཡིན་ཡང་རུང་། ད་ཅི་ཡང་ཡར་སྔོན་དང་འདྲ་བར་ངས་གློག་མ་གཟིམ་པར་བཀར་ནས་བཞག་པ་ང་ལ་ཤིན་ཏུ་གསལ་ཞིང་། འབྲུག་རྒྱལ་ཉིན་འགའི་སྔོན་ནས་ཚེ་ལས་འདས་སོང་བ་ཡང་ང་ལ་ཤིན་ཏུ་གསལ།

5

མལ་སའི་ནང་ཧྲིལ་པོ་དཀར་གསལ་ལེར་འདུག་ཀྱང་། ངའི་སེམས་སུ་ཡར་སྔོན་སྨག་ནག་གེར་འདུག་པའི་རྣམ་པ་དེ་ཡལ་དཀའ་ལ། སྨག་ནག་པའི་མུན་པ་དེའི་ཁྲོད་དུ་འབྲུག་རྒྱལ་ཡོད་པའི་ཚོར་བ་སྔར་བཞིན་གདའ།

འབྲུག་རྒྱལ་འདྲེ་རུ་སྐྱེས་འདུག་པ་མ་ཡིན་ནམ། འདྲེ་མེའམ་འོད་ལ་སྐྲག་ཟེར་བ་མ་ཡིན་ནམ། འབྲུག་རྒྱལ་འདྲེ་རུ་སྐྱེས་པས་ད་གཟོད་ཁོ་མཚན་མོར་ངའི་གམ་དུ་ཡོང་བ་མ་ཡིན་ནམ། འདྲེ་མེའམ་འོད་ལ་སྐྲག་པས་ད་གཟོད་ཁོས་གློག་ཐེངས་གཉིས་ལ་གཟིམས་པ་མ་ཡིན་ནམ།

མཚན་མོ་ནི་འདྲེ་རྒྱུ་བའི་དུས་ཡིན་ལ། འདྲེ་སྒྲུང་གི་དཔེ་ཆ་དང་གློག་བརྙན་གྱི་ནང་ནས་ཀྱང་མཚན་མོར་འདྲེ་ཡོང་དུས་དཀར་མེ་བཅིལ་འགྲོ་བ་མ་ཡིན་ནམ།

འབྲུག་རྒྱལ་དང་ངེད་གཉིས་ཀྱི་བར་ན་གྲོགས་པོའམ་ན་ཟླ་ཙམ་གྱི་འབྲེལ་བ་མ་གཏོགས་འབྲེལ་བ་གཞན་ཅི་ཡང་མེད་པས། ཁོ་ངའི་གམ་དུ་ཡོང་དོན་ཅི་ཡིན་ནམ།

འོ། ཁོ་ངའི་གམ་དུ་ཡོང་དོན་ནི་ཚོང་གི་དོན་དག་དེའི་རྐྱེན་གྱིས་ཡིན་པ་ཁོས་གསལ་པོར་བཤད་སོང་བ་མ་ཡིན་ནམ། ཚེ་ལས་འདས་པའི་སེམས་ཅན་ཞིག་ལ་ཚོང་གི་དོན་དག་གིས་ཅི་བྱེད་ཨང་། མ་རེད། མ་རེད། མི་ཚེ་ལས་འདས་རྗེས་འདྲེ་རུ་སྐྱེས་ཚེ། ཁོ་ལའང་དོན་དག་བསྒྲུབ་རྒྱུ་ཞིག་ཡོད་པ་འདྲ་སྟེ། སྔོན་ཆད། མི་ཞིག་ཚེ་ལས་འདས་རྗེས་འདྲེ་རུ་སྐྱེས་པ་དང་། དེ་ནས་ཁོས་ཁ་ལོ་པ་ཞིག་ལ་རླངས་འཁོར་དོན་རྐྱེན་བྱུང་དུ་བཅུག་ནས་ཚེ་སྲོག་ཕྲོགས་ཏེ་རླངས་འཁོར་དུ་བླངས་རྗེས། ཁོས་བུ་མོ་ཞིག་བཟུང་བ་དང་། བུ་མོ་དེས་ཁ་བླས་ནས་ད་ང་ལ་ཁ་ལོ་པ་ཞིག་ཡོད། ད་ང་ལ་མེད་པ་ནི་ཇ་མ་ཞིག་རེད། ད་ང་ལ་ཇ་མ་ཞིག་དགོས་ཞེས་བཤད་ནི་རེད་ཟེར་བ་དེར་བསམས་ན་ཤེས་ཐུབ་པ་མ་ཡིན་ནམ།

རེད་དེ། དོན་དག་འདི་སང་ཉིན་སྔ་མོར་ཨ་ལགས་ཁྱབ་གདལ་ཚང་གི་སྐུ་མདུན་དུ་སོང་སྟེ་ཁོང་ཚང་ལ་གསལ་པོར་ཞུ་དགོས་རྒྱུ་རེད། ཨ་ལགས་ཁྱབ་གདལ་ཚང་ལ་ཞུས་ན་བཅའ་བ་རིམ་གྲོ་མང་པོ་ཞིག་ཡོད་ངེས། ད་དུང་ངས་ཚོང་ལས་བསྐྱུར་དགོས་ཀྱང་སྲིད། ཚོང་ལས་བསྐྱུར་དགོས་ན་དགོས། ལས་ཀ་གཞན་ལས་ཆོག ངས་ཚོང་གི་ལས་ཀ་མ་བསྐྱུར་ཚེ་རྗེས་ནས་བར་ཆད་རེ་འབྱུང་ན་ཐང་།

ཨེ། དེ་ལྟར་བྱེད་དགོས་དོན་མི་འདུག ཡང་མིན་ན་དོན་དག་འདི་འབྲུག་རྒྱལ་ཚང་གི་ཁྱིམ་མིར་བཤད་དགོས་རྒྱུ་རེད། ཁོའི་ཁྱིམ་མིར་བཤད་ཚེ་ཨ་ལགས་ཁྱབ་གདལ་ཚང་ལའང་ཁོ་ཚོས་ཞུ་ངེས་ལ། བཅའ་བ་རིམ་གྲོ་སོགས་ཀྱང་ཁོ་ཚོས་བསྒྲུབ་ངེས། མ་རེད། མ་རེད། ཁོ་ཚོར་བཤད་ཉན་རྒྱུ་མ་རེད། ཁོ་ཚོས་ངས་རྫུན་གཏམ་སོང་། ཤི་བོའི་བླ་བསྒུལ་སོང་། ཤུལ་མིར་བརྙས་བཅོས་བྱས་སོང་སྙམ་ནས་ང་ལ་སྡིགས་དམོད་བྱེད་ངེས་ལ། གཅར་རྡུང་ཡང་བྱེད་ངེས། གཅར་རྡུང་བྱས་ཏེ་སྨན་ཁང་དུ་བསྐྱལ་ཚེ་སྡེ་མིས་ཀྱང་ཆང་རྐྱལ་བཀྲ་ཤིས་ཆང་གིས་བཟི་སྟེ་མི་བཤད་དགུ་བཤད་བྱས་པས་ཁོ་ཚོས་གཅར་རྡུང་བྱས་པ་རེད་ཟེར་ངེས། སྡུག་གྱོང་རེད་ཟེར་ངེས། བཀྲ་ཤིས་ལ་དེ་འདྲ་ཞིག་འབབ་ཟེར་ངེས།

ཨིན། ཅུང་མིན་ན་དེ་ལྟར་བྱེད་རྒྱུ་བྱས་སོང་། དོན་དག་འདི་འབྲུག་རྒྱལ་ཚང་གི་ཁྱིམ་མི་སྨོས་ཅི་དགོས། སྡེ་མི་ཞིག་ལའང་བཤད་ཉན་རྒྱུ་མ་རེད། གལ་ཏེ་སྡེ་མི་ཞིག་ལ་བཤད་ཚེ་ཁོས་མི་གཞན་ཞིག་ལ་བཤད་ངེས་ལ། མི་གཞན་དེས་ཡང་མི་གཞན་ཞིག་ལ་བཤད་ངེས། དེ་ལྟར་གཅིག་གིས་གཅིག་ལ་བཤད་ནས་མཐར་འབྲུག་རྒྱལ་ཚང་གི་ཁྱིམ་མི་ཞིག་གི་རྣ་ནང་དུ་མི་འགྲོ་བའི་ངེས་པ་མེད་པས། དེའི་དུས་ཀྱང་ངས་ཐད་ཀར་བཤད་པ་དང་འདྲ་བར་མཇུག་འབྲས་མི་ལེགས་པ་ཞིག་འབྱུང་ངེས།

འོ། དོན་དག་འདི་རང་གི་ཁྱིམ་མིར་མ་གཏོགས་སུ་གཅིག་ལའང་བཤད་མི་རུང་། མ་རེད། དེ་ཡང་མ་རེད། དོན་དག་འདི་ཨ་ཕ་གཅིག་པུར་མ་གཏོགས་བཤད་མི་རུང་། ཨ་མ་དང་སྲིང་མོར་བཤད་ཚེ། ཁོ་གཉིས་ཀྱིས་མི་གཞན་ལ་མི་བཤད་རུང་བུད་མེད་ཀྱི་སེམས་ཆུང་བས་ཁོ་གཉིས་ཀྱིས་ང་ལ་སེམས་འཁུར་ཆེན་པོ་བྱེད་ངེས་ལ། ཁོ་གཉིས་ཀྱང་སྐྲག་ཏུ་འཇུག་ངེས། ད་ནི་ཨ་ཕ་གཅིག་པུར་བཤད་དེ་ངེད་གཉིས་སང་ཉིན་སྔ་མོར་ཨ་ལགས་ཁྱབ་གདལ་ཚང་ལ་ཞུ་རུ་སོང་ན་བཟང་། རེད། རེད། དེ་ལྟར་བྱས་ན་ད་འགྲིག་འདུག མི་གྲུང་པོ་ཞིག་གི་སྒྲུབ་སྟངས་རེད།

ངས་དེ་ལྟར་བསམ་ཞིང་བསམས་པ་དང་བསྟུན་ནས། ངའི་སེམས་ཀྱི་འཇིགས་སྐྲག་ཀྱང་ཇེ་ཆེ་ནས་ཇེ་ཆེར་གྱུར། འཇིགས་སྐྲག་དེ་དང་ལྷན་དུ་གོ་རིམ་འཆོལ་ཞིང་སྒྲ་མི་དག་པའི་སྒྲོལ་འདོན་གྱི་ཚིག་འགའ་རེ་ཡང་ངག་ནས་ཡང་ནས་ཡང་དུ་ཤོར།

དུས་མཚུངས་སུ། ངས་རང་གི་རྣམ་ཤེས་གཅིག་ཏུ་བསྒྲིམས་ཏེ་ཀ་བའི་སྒྲོག་ཤིང་གི་ངོས་ན་མར་བསྣར་ཡོད་པའི་གློག་གཟིམ་བྱེད་ཀྱི་སྐུད་པའི་ཕྱོགས་ལ་མིག་གིས་ཅར་རེར་བལྟས་ནས་བསྡད།

6

དུས་ཚོད་ཡུན་རིང་ཞིག་འགོར་སོང་། ད་ནི་ནམ་གསལ་ལ་ཉེ།

སྐབས་དེར། གནམ་རྒྱན་གྱི་སྲུབས་ཀ་ཞིག་ནས་ཙི་གུ་ཞིག་གི་མགོ་བོ་འབུར་ཙམ་འབུར་ཙམ་བྱས་ཤིང་། དེ་ནས་མར་ཀ་བའི་སྒྲོག་ཤིང་གི་ངོས་ན་གློག་གཟིམ་བྱེད་ཀྱི་སྐུད་པ་བསྣར་ཡོད་པའི་དྲང་ཐད་དེར་ཡོང་སྟེ། གློག་གཟིམ་བྱེད་ཀྱི་སྐུད་པའི་སྟེང་ནས་མར་ཡོང་གྲབས་ཤིག་བྱས་རྗེས་ཕྱིར་སོང་བ་དང་། དེ་ནས་སྔར་ཡོང་སའི་གནམ་རྒྱན་གྱི་སྲུབས་ཀ་དེའི་ནང་དུ་འཛུལ་སོང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།