ཀྲུང་གོ་བོད་ཀྱི་དྲ་བ།

དར་ལྕོག་ལྷབ་ལྷུབ་གཡོ་བ་དེ་ཡིས་སུ་ཞིག་ལ་འབོད་པ་བྱེད་པ་དང་མཚུངས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རླངས་ཚང་ལྷ་བུ།   སྤེལ་དུས། : 2021-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག

ཀ་རོང་སྡེ་བའི་འདབས་སུ་བཞེངས་པའི་མཆོད་རྟེན་དེའི་མཐའ་རུ། དེ་རིང་ཡང་ནམ་རྒྱུན་དང་འདྲ་བར་རྒད་པོ་འགྱུར་མེད་ཀྱིས་ངལ་གསོ་ཏོག་ཙམ་ཡང་མི་བྱེད་པར་སྐོར་བ་བྱེད་བཞིན་མཆི།

ཁོས་ནམ་རྒྱུན་བོད་ལྭ་ཁམ་ནག་ཅིག་གོན་ཏེ་ཞོགས་པ་སྔ་མོ་ནས་སྐྱབས་འགྲོ་དང་མཆོད་པ་མཆོད་བཤམས། ལྷ་བསང་གཏོང་བ་སོགས་ལེགས་པར་གྲུབ་རྗེས་སྡེ་འདབས་སུ་ཡོང་ནས་མ་ཎི་འདོན་བཞིན་མཆོད་རྟེན་ལ་སྐོར་བ་བྱེད་རྒྱུ་ནི་གོམས་སྲོལ་ལྟ་བུར་གྱུར་འདུག

སྐབས་ཤིག་ནས་རྒད་པོ་འགྱུར་མེད་ཀྱི་ཚ་བོའི་ཡང་ཚ་གཉིས་ཀྱང་སྡེ་བའི་འདབས་ཀྱི་མཆོད་རྟེན་གྱི་མཐའ་འཁོར་དུ་འོངས་ཏེ་རྩེད་མོ་རྩེ་ཞིང་། མཚམས་རེར་ཁོའི་རྗེས་སུ་འབྲང་བཞིན་སྐོར་བ་བྱེད།

དེ་རིང་སྔ་མོ་ནས་ཉིན་གུང་ཡོལ་རག་བར་ནམ་མཁར་སྤྲིན་པ་འཐིབས་ཏེ་ཉི་མ་དེ་འདྲ་དྲོ་རྒྱུ་མི་འདུག ཕྱི་དྲོའི་དུས་ཚོད་གསུམ་པ་ཙམ་ལ་ནམ་མཁར་འཐིབས་པའི་སྤྲིན་པ་དེ་མགོ་ཐོག་གི་སྒྲིབ་ཡོལ་ཆེན་པོ་ཞིག་ཕར་ཕྱིས་པ་བཞིན་ཡལ་བར་གྱུར་ཏེ་ཉི་འོད་ཐད་ཀར་དུ་ས་གཞིར་འཕྲོས་པས། རྒད་པོ་འགྱུར་མེད་ཀྱི་ཐོད་པ་ནས་རྔུལ་ཆུའི་དོག་པ་མུ་ཏིག་རྡོག་པོ་བཞིན་འཚེར་ཞིང་མར་འགྲིལ་བར་བྱེད། ཡིན་ནའང་། ཁོ་སྐོར་བར་འགྲོ་བ་ལ་བཏང་ལྷོད་ཅི་ཡང་མི་འདུག

སྐབས་དེར། རྒད་པོ་འགྱུར་མེད་ཀྱིས་པགས་པ་ཉོ་མཁན་གྱི་ཁ་ཆེའི་ཚོང་པ་ཞིག་གིས“པགས་པ་ཉོ། པགས་པ་ཉོ”ཟེར་བཞིན་སྡེ་འདབས་ན་ཡར་འགྲོ་བ་མཐོང་བས། ཁོའི་སེམས་སུ་གློ་རྡེག་ལ་ཁོ་ལོ་ཉི་ཤུར་བུད་པའི་དུས་སུ་བྱུང་བའི་འདས་དོན་ཞིག་གསལ་ལེར་ཤར་བྱུང་།

གཉིས།

ཉིན་མོ་དེར། ཨ་ཁུ་དབང་ཆེན་ཚང་གི་བྱི་ལ་དཀར་པོ་དེ་ནམ་རྒྱུན་དང་མི་འདྲ་བར་གང་ལའང་མ་སོང་བར་ཁྱམས་རའི་ཉི་འོད་དྲོ་ས་ཞིག་ཏུ་ཉལ་ནས་སྒྲོལ་མ་འདོན་བཞིན་འདུག་ལ། ཁང་སྟེང་གི་དར་ལྕོག་ལྷབ་ལྷུབ་གཡོ་བ་དེས་སུ་ཞིག་ལ་འབོད་པའི་གཡབ་མོ་བྱེད་པ་དང་མཚུངས།

“ངེད་གཉིས་ནི་ཁྱོད་ཀྱི་ཕ་མ་ངོ་མ་ཡིན་ནི་མ་རེད། ཁྱོད་ཀྱི་ཕ་མ་ངོ་མ་གཉིས་ནི་མི་གཞན་གཉིས་ཡིན་ནི་རེད། ཁྱོད་ཀྱི་སེམས་ཁམས་ལ་གནོད་པར་དོགས་ནས་དོན་དག་འདི་ད་རག་བར་ངེད་གཉིས་ཀྱིས་ཁྱོད་ལ་གསང་ཅི་ཐུབ་བྱས་པ་ཡིན། སྤྱིར་ཡིན་ན་དོན་དག་འདི་ངེད་གཉིས་ཀྱིས་ཁྱོད་ལ་ཚེ་གང་པོར་བཤད་རྩིས་མེད་མོད། ཡིན་ནའང་། ད་དོན་དག་འདི་ཁྱོད་ལ་གསལ་པོར་བཤད་དགོས་བྱུང་། … … ”

འགྱུར་མེད་ཀྱི་མིག་ཀོང་མཆི་མས་ཁེངས་ཏེ་མལ་སའི་ནང་དུ་མགོ་བོ་མལ་ཐུལ་གྱིས་བཏུམས་ནས་ངུ་བཞིན་ཉལ་འདུག དེ་ལྟར་ཉལ་ནས་དུས་ཚོད་ཡུན་རིང་ཞིག་འགོར་སོང་མོད། ནངས་ཇ་འཐུང་དུས་ཨ་ཕ་དབང་ཆེན་གྱིས་སྐྱོ་སྡུག་དང་བཅས་ཏེ་ཤུགས་རིང་ཞིག་འཐེན་བཞིན་སྨྲས་པའི་སྐད་ཆ་དེ་དག་ཁོའི་རྣ་ལམ་དུ་བྲག་ཅ་བཞིན་ཡང་ཡང་འཁོར་བ་དང་། དེ་དང་མཉམ་དུ་སྐབས་དེར་ཨ་མ་སྒྲོལ་དཀར་གྱིས་ངོ་གདོང་ལག་པས་བཀབ་ནས་ངུ་ཤུམ་བྱེད་བཞིན་པའི་རྣམ་པ་ཡང་ཡིད་ལ་ཡང་ཡང་ཤར།

“འདི་ནི་གཉིད་གུང་ནས་རྨིས་པའི་རྨི་ལམ་ཞིག་རེད། ”

སྐབས་ཤིག་ལ། འགྱུར་མེད་ཀྱིས་དེ་ལྟར་ཁེར་བཤད་ཅིག་བརྒྱབ་ཅིང་། དེ་ནས་རང་ཉིད་ཀྱིས་མངོན་སུམ་དང་རྨི་ལམ་གཉིས་ཀྱི་དབྱེ་བ་མ་འཁོར་བ་དང་། རྨི་ལམ་དེ་ཅི་འདྲའི་ངན་པ་ཞིག་རེད་ཨང་སྙམ་བཞིན་མལ་ཐུལ་ཕར་ཕྱིས་ནས་ཡར་ལངས་དུས། སྒེའུ་ཁུང་ལས་སྲིབ་ཀྱི་བསྲོ་ཁང་དེའི་ནང་དུ་འཕྲོས་པའི་ཉི་འོད་ལས་ནམ་ལངས་ནས་ཡུན་རིང་པོ་ཞིག་འགོར་ཟིན་པ་རྟོགས་ལ། རང་གི་གོན་པ་ཡང་གཅིག་ཀྱང་ཕུད་མེད་པར་ཉལ་སའི་ནང་དུ་འཛུལ་འདུག་པ་དང་། སྐབས་དེར། ཨ་མ་སྒྲོལ་དཀར་གྱིས་ཕྱི་ནས་སྐད་གཉོམ་པོ་ཞིག་གིས“ཨ་མའི་གཅེས་ལོ། ད་ཉལ་ནས་མ་འདུག ཡར་ལོངས་ལ་གུང་ཇ་ཐུངས། ད་ཕྱི་དྲོར་ཐོན་འདུག སྔ་རུང་འཕྱི་རུང་དོན་དག་འདི་ཁྱོད་ཀྱིས་ཤེས་དགོས་ནི་རེད། དེ་བས། ད་ནངས་ཨ་ཕས་ཁྱོད་ལ་གསལ་པོར་བཤད་པ་རེད། ད་ཁྱོད་ལོ་ཉི་ཤུར་བུད་ཟིན་ལ་བསམ་ཡང་ཤེས་ཡོད་པ་མིན་ནམ། ད་སེམས་མ་སྡུག འདི་ཚང་མ་འུ་ཅག་གི་ལས་དབང་རེད”ཅེས་སྨྲས་བྱུང་བས། འགྱུར་མེད་ཀྱིས་དོན་དག་དེ་རྨི་ལམ་མིན་པར་མངོན་སུམ་ཡིན་པ་གསལ་པོར་རྟོགས་ཏེ། སེམས་སྐྱ་མོ་སྐྱོ་བ་ལྷིང་ངེར་སླར་ཡང་མགོ་བོ་མལ་ཐུལ་གྱིས་བཏུམས་ཏེ་ཉལ་བ་ལས་ཨ་མ་སྒྲོལ་དཀར་གྱི་སྐད་ཆ་དེར་ལན་ཅི་ཡང་མ་བཏབ།

ཉིན་འགའི་སྔོན་ཞིག་ལ། ཨ་ཁུ་དབང་ཆེན་བཟའ་ཟླ་གཉིས་ཁུལ་ཐོག་ཏུ་ཉོ་ཆ་ཙག་ཙིག་ཅིག་རྒྱག་ཏུ་སོང་། ཉིན་དེའི་གནམ་གཤིས་ནི་ཧ་ཅང་མི་བཟང་སྟེ། ནམ་མཁའ་ཧྲིལ་པོར་ས་སྨུག་ཅིག་འཐིབས་འདུག་ལ། ས་སྨུག་དེའི་ཁྲོད་ན་ཁྭ་ཏ་འགའ་ཡང་ཡར་འཕུར་མར་འཕུར་བྱེད་བཞིན་ཨག་སྐད་འབྱིན་བཞིན་གདའ།

ཉིན་དེར། ཁོ་གཉིས་དགའ་བདེ་ཁྲོམ་རའི་ཚོང་རྫས་ཡོད་ས་དག་ལ་ཉུལ་དུས། ཡིད་ཀྱི་ཟུར་ལའང་མི་དྲན་པ་ཞིག་ལ་ཁོ་གཉིས་དང་ལོ་ཚོད་མཉམ་པའི་ཁ་ཆེའི་བཟའ་ཟླ་གཉིས་ཁོ་གཉིས་ཀྱི་གམ་དུ་ཡོང་བ་དང་། དེ་ནས་ཁ་ཆེའི་སྐྱེས་པ་དེས་ཧ་ཅང་གསལ་ཆ་ཡོད་མདོག་གིས“ཁྱོད་གཉིས་བདེ་མོ། ངེད་གཉིས་རོང་བོ་རྒྱ་མཁར་གྱི་ཁ་ཆེ་ཡིན། ངེད་གཉིས་ལ་དོན་དག་གལ་ཆེན་ཞིག་ཁྱོད་གཉིས་ལ་བཤད་རྒྱུ་ཡོད་པས། འུ་ཅག་ཕར་ཁའི་མི་མེད་ས་གན་ལ་འགྲོ། མི་གཞན་གྱིས་ཐོས་ན་མི་ལེགས”ཞེས་བོད་པ་ཞིག་གིས་བརྗོད་པ་དང་འདྲ་བར་བོད་སྐད་དག་མོ་ཞིག་གིས་སྨྲས་བྱུང་།

སྐབས་དེར། ཨ་ཁུ་དབང་ཆེན་བཟའ་ཟླ་གཉིས་དར་ཅིག་ལ་ཡ་མཚན་པར་གྱུར་པ་དང་། དེ་ནས་དོན་དག་ཅི་ཡིན་ནམ་སྙམ་ནས་དེ་གཉིས་དང་མཉམ་དུ་ཕར་ཁའི་མི་མེད་ས་དེར་སོང་སྟེ། ཨ་ཁུ་དབང་ཆེན་གྱིས“ཁྱོད་གཉིས་ལ་དོན་དག་ཅི་ཡོད། མི་འཆུག་སོང་བ་མིན་ནམ”ཞེས་སྨྲས་པར། ཁ་ཆེའི་སྐྱེས་པ་དེས“མི་འཆུག་མེད། དོན་དག་འདིས་ཁྱོད་གཉིས་ལ་ཁོང་ཁྲོ་སློང་སྲིད་ལ་སེམས་ཁྲལ་ལ་ཡང་གཏོད་ངེས། ཐོག་མར་ཁྱོད་གཉིས་ལ་བཟོད་གསོལ་ཞུ། ངེད་གཉིས་ནི་འགྱུར་མེད་ཀྱི་ཕ་མ་གཉིས་ཡིན། སྔོན་ཆད། ངེད་ཚང་ནི་ཧ་ཅང་དབུལ་པོ་ཡིན་པའི་ཁར་བྱིས་པ་ཡང་མང་བས། བྱིས་པ་རྗེས་མ་དེ་གསོ་སྐྱོང་བྱེད་དཀའ་རྒྱུ་རེད་བསམས་ནས་བཙས་ནས་ཅང་མ་འགོར་བར་རོང་བོ་རྒྱལ་ཐང་གི་ལམ་འགྲམ་ཞིག་ཏུ་བཞག་སྟེ་ལྐོག་ནས་སུས་ཁྱེར་བར་བལྟས་ནས་བསྡད། ལས་ཡག་པ་ཞིག་ལ་ཁྱོད་བཟའ་ཟླ་གཉིས་ཀྱིས་ཁྱེར་སོང་། ད་རག་བར་ལོ་བཅུ་དགུ་འགོར་སོང་། སྔོན་ཆད་ངེད་ཚང་ཧ་ཅང་དབུལ་ཞིང་ཕོངས་ནའང་། རྗེས་ནས་ཚོང་ཆུང་ངུ་རེ་བརྒྱབ་སྟེ་རིམ་བཞིན་ཆ་རྐྱེན་ཇེ་བཟང་དུ་སོང་ཞིང་། ད་ལྟ་རྒྱུ་ནོར་ཧ་ཅང་མང་བའི་ཕྱུག་ཁྱིམ་ཞིག་ཏུ་གྱུར་ཡོད་པས། ངེད་བཟའ་མི་ཚང་མས་འགྱུར་མེད་ཕྱིར་ཡུལ་དུ་ལེན་རྒྱུ་བྱས་ཡོད་ལ། ངེད་ཚང་གིས་མི་འགྱང་བར་བཟའ་མི་ཚང་མ་ལྷན་དུ་འཛོམས་ཏེ་མ་འོངས་པར་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་བར་རེ་བ་བཅངས་ཡོད”ཅེས་སྨྲས་བྱུང་བ་དང་། དེར་མཐུད་ནས་མིག་མཐར་མཆི་མ་ཞིག་འཁོར་འདུག་པའི་ཁ་ཆེའི་སྐྱེས་པ་དེའི་ཆུང་མས་ཀྱང“ཁྱེད་གཉིས་ཀྱིས་ངའི་བུ་འགྱུར་མེད་ཕྱིར་སྟེར་བར་ཞུ་བ་ཞིག་བྱེད། ང་བཟང་རུང་ངན་རུང་འགྱུར་མེད་ཀྱི་ཨ་མ་ངོ་མ་ཡིན་པས། ད་ང་ཁོ་དང་མཉམ་དུ་ཁྱིམ་གཅིག་ནས་ལྷན་དུ་འདུག་འདོད། འདི་ནི་ངའི་ཚེ་མཇུག་གི་རེ་བ་ཉག་གཅིག་པུ་དེ་ཡིན”ཞེས་སྨྲས་བྱུང་།

ཁ་ཆེའི་བཟའ་ཟླ་དེ་གཉིས་ཀྱིས་དེ་ལྟར་སྨྲས་པ་ན། ཨ་ཁུ་དབང་ཆེན་གྱིས་ཧ་ཅང་མ་རངས་པའི་ཉམས་ཤིག་གིས“ཁྱོད་གཉིས་ཀྱིས་རྫུན་མ་བཤད། འགྱུར་མེད་ནི་ངེད་བཟའ་ཟླ་གཉིས་ཀྱི་བུ་ངོ་མ་ཡིན། ངེད་གཉིས་ཀྱིས་སྔོན་ཆད་རོང་བོ་རྒྱལ་ཐང་གི་ལམ་འགྲམ་དུ་བཞག་པའི་བྱིས་པ་ཞིག་གཏན་ནས་ཁྱེར་མ་མྱོང་། ཁྱོད་གཉིས་ཀྱིས་འཚོལ་བའི་མི་འཆུག་འདུག”ཅེས་སྨྲས་པ་དང་། དེའི་མུར་ངོ་མདོག་དམར་པོར་གྱུར་པའི་ཨ་ཁུ་དབང་ཆེན་གྱི་ཆུང་མ་སྒྲོལ་དཀར་གྱིས“དེ་འདྲའི་དོན་དག་ཅིག་གང་ན་ཡོད། འདི་གཉིས་ཀྱིས་ཁ་བླ་ཡི་འདུག”ཟེར་ཞོར་ཨ་ཁུ་དབང་ཆེན་གྱི་ཕུ་རུང་ནས་བཟུང་སྟེ་ཕྱིར་ལྟ་ཙམ་ཡང་མི་བྱེད་པར་ཕར་ཁྲིད་ནས་བུད་སོང་།

དེ་ནི་དོན་དངོས་ཡིན་ནའང་། ཨ་ཁུ་དབང་ཆེན་བཟའ་ཟླ་གཉིས་ཀྱིས་ཁ་ཆེ་བཟའ་ཟླ་དེ་གཉིས་ཀྱིས་དེ་ལྟར་བཤད་དུས་གཏན་ནས་ཁས་མ་བླངས་ལ། ཁས་ལེན་ཡང་མི་སྲིད། ཁས་མ་བླངས་ཀྱང་ཡིད་ཀྱི་ཟུར་ལའང་མི་དྲན་པའི་ཁ་ཆེའི་བཟའ་ཟླ་དེ་གཉིས་ཀྱི་སྐད་ཆ་དེ་དག་ནི་རྡོ་ལོག་ཅིག་དང་འདྲ་བར་ཁོ་གཉིས་ཀྱི་སེམས་གཏིང་ལ་ལྗིད་ཏིག་གེར་ལྷུང་།

ལོ་བཅུ་དགུའི་སྔོན་དུ། རོང་བོ་རྒྱ་མཁར་གྱི་ཁ་ཆེའི་བཟའ་ཟླ་དེ་བ་ཚང་ལ་བཟའ་མི་མང་ཞིང་ཆ་རྐྱེན་ཧ་ཅང་ཞན།

དེའི་དུས། ཁ་ཆེའི་བཟའ་ཟླ་དེ་གཉིས་ཀྱིས་རྒྱ་སྲང་གི་ལམ་འགྲམ་དུ་ཀུབ་འབྲུ་འཚོང་བཞིན་དེའི་ཡོང་སྒོ་སྒོར་ཟུར་གང་རེ་དོ་རེ་བྱས་ནས་བསོགས་ཤིང་། ཡོང་སྒོ་ཉུང་ཉུང་དེ་ལ་བརྟེན་ནས་བཟའ་མི་དག་གསོ་བཞིན་ཡོད། བྱིས་པ་དྲུག་པ་དེ་སྐྱེས་པ་ན། མ་གཞི་ནས་ཁོ་ཚང་གི་ཆ་རྐྱེན་ཧ་ཅང་ཞན་པའི་ཁར་བྱིས་པ་སྔོན་མ་ལྔ་བོ་ཡང་ནར་སོན་མེད་པར་མ་སོས་མ་ཁེབས་པར་བསྡད་ཡོད་པས། བྱིས་པ་དྲུག་པ་དེ་ཁོ་བཟའ་ཟླ་གཉིས་ཀྱིས་སྙོར་སྐྱོང་བྱེད་དཀའ་བའི་གནས་སུ་གྱུར་ཏེ། ཁོ་བཟའ་ཟླ་གཉིས་ཀྱིས་ཁྲེལ་མེད་ཀྱི་ལས་ཤིག་མི་བསྒྲུབ་ཐབས་མེད་བྱུང་སོང་།

ནངས་མོ་ཞིག་ལ། ཁོ་བཟའ་ཟླ་གཉིས་ཀྱིས་བྱིས་པ་དེ་མལ་ཐུལ་གྱིས་གཅུད་ནས་ཤོག་སྒམ་ཞིག་ཏུ་བཞག་པ་དང་། དེ་ནས་རོང་བོ་རྒྱལ་ཐང་དུ་ཁྱེར་སོང་སྟེ་སུ་ལའང་མཐོང་དུ་མ་བཅུག་པར་ལམ་འགྲམ་ཞིག་ཏུ་བཞག་རྗེས། དེ་དང་ཐག་མི་རིང་བའི་གནས་ཤིག་ཏུ་ཡིབ་སྟེ་ལྐོག་ལྟ་བྱེད་བཞིན། རང་གི་བྱིས་པ་མི་སེམས་བཟང་ཞིག་གིས་ཁྱེར་བར་རེ་བ་བཅངས།

ཁོ་བཟའ་ཟླ་གཉིས་ཀྱིས་དེ་ལྟར་བལྟས་ནས་སྡོད་དུས། ལམ་འགྲོ་པ་མང་པོ་ཞིག་གིས་ཁོ་གཉིས་ཀྱི་བྱིས་པ་མཐོང་ནའང་། དེ་ནི་གད་སྙིགས་ལྟ་བུར་བརྩིས་ཏེ་ཅི་མི་སྙམ་པར་བསྐྱུར་བར་བྱེད། ཡིན་ནའང་། བོད་ལྭ་གོན་པའི་བོད་པ་ལམ་འགྲོ་པ་བཟའ་ཟླ་གཉིས་ཀྱིས་ཁོ་གཉིས་ཀྱི་བྱིས་པ་དེ་མཐོང་བ་ན། ཁྱོ་ག་དེས་ཅི་ཞིག་བཤད་བཞིན་ཁོ་གཉིས་ཀྱི་བྱིས་པ་དེ་ལམ་འགྲམ་གྱི་ཤོག་སྒམ་ནང་ནས་ཡར་བླངས་ཏེ་ཆུང་མའི་རུམ་དུ་བཞག་པ་དང་། ཆུང་མ་དེས་ཀྱང་ཅི་ཞིག་བཤད་བཞིན་རང་གི་བྲང་གི་ནུ་མ་ཁོ་གཉིས་ཀྱི་བྱིས་པའི་ཁ་ནང་དུ་བཞག་རྗེས་ཁྱེར་ནས་བུད་སོང་བ་མཐོང་།

སྐབས་དེར། བོད་ལྭ་གོན་པའི་བོད་པ་བཟའ་ཟླ་གཉིས་ཀྱིས་དེ་ལྟར་ཁོ་གཉིས་ཀྱི་བྱིས་པ་ཁྱེར་བའི་རྣམ་པ་དེས་ཁོ་གཉིས་ལ་སེམས་གཏིང་ནས་ངུ་སྙིང་སྐྱེས་ནའང་། མ་མགལ་སོས་བསྡམས་ནས་བསྲན་པ་དང་། དེ་ནས་ཁོ་གཉིས་ཀྱིས་ལམ་འགྲོ་པ་ཡིན་པའི་ཚུགས་ཀ་ཞིག་བཏོད་ནས་བོད་ལྭ་གོན་པའི་བོད་པ་བཟའ་ཟླ་དེ་གཉིས་ཀྱི་རྗེས་སུ་དེད་དེ། དེ་གཉིས་མི་ཅི་འདྲ་ཞིག་ཡིན་པར་གསལ་པོར་བལྟས་ཏེ་སྡེ་བ་གང་ཞིག་ནས་ཡིན་པ་སོགས་ལ་ལྐོག་ནས་རྩད་གཅོད་ཞིབ་མོ་ཞིག་བྱས།

ཕྱིས་སུ། ཁོ་བཟའ་ཟླ་གཉིས་ཀྱི་བྱིས་པ་ལྔ་བོ་དཀའ་སྡུག་གི་ཁྲོད་ནས་རིམ་བཞིན་ནར་སོན་པ་དང་། དེ་དང་བསྟུན་ནས་ཀུབ་འབྲུ་འཚོང་བའི་ལས་བསྐྱུར་ཏེ་ཚོང་གཞན་ཙག་ཙིག་རེ་བརྒྱབ་ནས་སྒོར་མོ་འགའ་རེ་བཙལ་ཐུབ་པ་བྱུང་ལ། ཡོང་སྒོ་ཇེ་མང་དུ་སོང་བ་དང་བསྟུན་ནས་ཚོང་གི་ལས་སྒོ་དང་ཁྱབ་ཁོངས་ཀྱང་ཇེ་ཆེ་ནས་ཇེ་ཆེར་བཏང་སྟེ་དེའི་ཕྱོགས་ལ་ནུས་པ་ཅི་ཡོད་བཏོན།

གསུམ།

ཕྱིར་ཡུལ་དུ་ཡོང་བའི་ལམ་དུ། ཨ་ཁུ་དབང་ཆེན་བཟའ་ཟླ་གཉིས་ཀྱིས་དོན་དག་དེར་འདང་རྒྱག་བཞིན་ཡོང་བས། ཁོ་གཉིས་ལ་རྒྱབ་ཏུ་ཁུར་པའི་དངོས་པོ་ཙག་ཙིག་དེ་དག་ལྗིད་མོ་ཞིག་ཡིན་པའི་སྣང་བ་ཅི་ཡང་མ་བྱུང་ལ། ལམ་ཐག་རིང་ཡང་ཡུལ་དུ་ཇི་ལྟར་སླེབས་པ་ཡང་མ་ཤེས།

ཉིན་དེའི་ཕྱི་དྲོར་ཨ་ཁུ་དབང་ཆེན་བཟའ་ཟླ་གཉིས་ཡུལ་དུ་ཡོང་སྟེ་འགྱུར་མེད་མཐོང་བ་ནས་ཁོ་གཉིས་ཀྱི་སེམས་སྔར་ལས་ཀྱང་མི་སྐྱིད་པ་ཞིག་ཏུ་གྱུར་ནའང་ཁོའི་གམ་ནས་དོན་དག་ཅི་ཡང་མ་བྱུང་ཁུལ་བྱས་ནས་བསྡད། དེ་ལྟར་ཉིན་མང་པོ་ཞིག་ཕར་ལ་བཏང་། སྐབས་དེ་དག་ཏུ་འགྱུར་མེད་ཁོ་གཉིས་ཀྱི་གམ་ན་མེད་དུས་དོན་དག་དེའི་ཐད་ལ་རང་རང་ས་ནས་བསམ་བློ་མི་གཏོང་རང་གཏོང་དུ་གྱུར་ལ། ལབ་གླེང་ཡང་མི་བྱེད་རང་བྱེད་དུ་གྱུར།

མཚན་མོ་ཞིག་ལ། ཁོ་གཉིས་ཀྱིས་ཡུན་རིང་ཞིག་ལ་དོན་དག་དེའི་ཐད་ནས་ཁ་བརྡ་བྱས།

“དོན་དག་འདི་ད་འགྱུར་མེད་ལ་གསང་ན་མི་འགྲིག རྗེས་ནས་ཁོས་ཤེས་ངེས་ལ། དེའི་དུས་ཁོས་འུ་གཉིས་ལ་ལེ་བདའ་བྱེད་ངེས།”

“ཁ་ཆེ་དེ་བ་ཚང་གི་ཆ་རྐྱེན་ཧ་ཅང་བཟང་བས། འུ་གཉིས་ཀྱིས་འགྱུར་མེད་ཀྱི་མ་འོངས་པའི་འཚོ་བར་འདང་རྒྱག་དགོས། ཁོ་ཕྱིར་བྱིན་ན་འགྲིག”

“འོ་ལེ། བདེན་གི། ཁོ་འུ་གཉིས་ཀྱི་གམ་ནས་བསྡད་ན་རྗེས་ཕྱོགས་སྐྱིད་ཡོད་རྒྱུ་མ་རེད།”

“ཁོར་དོན་དག་དེ་བཤད་ན་དང་ལེན་བྱེད་རྒྱུ་ཨེ་རེད།”

“དང་ལེན་ལོས་བྱེད། ཕ་མ་ངོ་མ་གསལ་པོར་ཤེས་ན་དེ་གཉིས་ཀྱི་གམ་ལ་མི་འགྲོ་ནི་ཞིག་ག་ལ་ཡོད།”

“ … … ”

དེ་ལྟར་ཁོ་གཉིས་ཀྱིས་དོན་དག་དེའི་ཐད་ནས་ཁ་བརྡ་མང་པོ་ཞིག་བྱས་མཐར། དོན་དག་དེ་འགྱུར་མེད་ལ་གསལ་པོར་བཤད་རྒྱུ་བྱས་ལ། ཁོའི་ཕ་མ་ངོ་མ་ཁ་ཆེའི་བཟའ་ཟླ་དེ་གཉིས་ཀྱི་རེ་བ་ལྟར་འགྱུར་མེད་ཀྱང་ཁོ་གཉིས་ལ་སྟེར་རྒྱུ་བྱས།

ཕྱི་ཉིན་སྔ་མོར་ནངས་ཇ་འཐུང་བའི་སྐབས་དེར། ཨ་ཁུ་དབང་ཆེན་གྱིས་དོན་དག་དེ་འགྱུར་མེད་ལ་གསལ་པོར་བཤད་པ་ན། འགྱུར་མེད་གློ་རྡེག་ལ་རེ་ཞིག་ཧོན་འཐོར་བར་གྱུར་པ་དང་། དེ་ནས“ཨ་ཕ། ཁྱོད་འདིས་ཅི་ཟེར་ཨང་། རྫུན་མ་བཤད། དེ་འདྲ་ཞིག་གཏན་ནས་ཡིན་མི་སྲིད”ཅེས་སྨྲས་ནས་ངུ་སྐད་ལྷང་ངེ་བ་ཞིག་ཕྱུང་སྟེ་སྒོའི་ཕྱི་ལ་རྒྱུག་མགོ་བརྩམས་པ་ཨ་ཕ་དབང་ཆེན་གྱིས་བཀག་པ་ན། འགྱུར་མེད་བསྲོ་ཁང་ནང་དུ་སོང་སྟེ་ནང་གཏད་བརྒྱབ་རྗེས་དེ་གར་མགོ་བོ་མལ་ཐུལ་གྱིས་བཏུམས་ཏེ་ངུས།

འགྱུར་མེད་ལོ་ཉི་ཤུར་སླེབས་རག་བར་ཕ་མ་གཉིས་ནི་རང་གི་ཕ་མ་ངོ་མ་མིན་པར་དོགས་པ་སྤུ་ཙམ་ཡང་སྐྱེས་མ་མྱོང་ལ། ཕ་མ་གཉིས་ནི་རང་གི་ཕ་མ་ངོ་མ་མིན་པའི་སྐད་ཆ་ཞིག་གི་ཟུར་ཙམ་ཡང་ཐོས་མ་མྱོང་།

ཆུང་དུས་ནས་བཟུང་། འགྱུར་མེད་ཀྱིས་ཕ་མ་གཉིས་ཨ་ཅེ་གཉིས་ལས་ཀྱང་རང་ཉིད་ལ་ཧ་ཅང་ཤ་ཚ་ཞིང་སྙིང་ཉེ་བ་དང་། ཕ་མ་གཉིས་ཀྱིས་ཁོའི་ཆེད་དུ་མི་ཚེ་འདིར་དཀའ་སྡུག་མང་པོ་ཞིག་མྱངས་པ་སོགས་མི་ཤེས་ཟེར་རྒྱུ་ཅི་ཡོད།

ལྷག་པར་དུ། སྔོན་ཆད། བུ་འགྱུར་མེད་ཁོ་བྱིས་པ་ཡིན་དུས་རོང་བོ་དགུ་ཆུའི་འགྲམ་དུ་སོང་ནས་བྱིས་པ་འགའ་དང་མཉམ་དུ་རྩེད་མོ་རྩེ་དུས། སྟབས་མ་ལེགས་པར་དགུ་ཆུའི་ནང་དུ་ལྷུང་སྟེ་དགུ་ཆུས་ཁུར་ནས་འགྲོ་བ་ནམ་རྒྱུན་ཁོ་གར་འདུག་གར་སོང་ལ་རྒྱང་མིག་གིས་འཚོས་ནས་བསྡད་ཡོད་པའི་ཨ་ཕ་དབང་ཆེན་གྱིས་མཐོང་འཕྲལ། རྒྱུག་ཐེངས་གཅིག་གིས་དགུ་ཆུའི་འགྲམ་དུ་སླེབས་ཤིང་། དེ་མ་ཐག་ཆུ་ནང་དུ་མཆོངས་ཏེ་ཁོ་བསྐྱབས། དེའི་དུས། དགུ་ཆུའི་ནང་ནས་ཨ་ཕ་དབང་ཆེན་གྱི་རྐང་པ་གཡས་པ་རྡོ་སྲུབས་ཤིག་ཏུ་ཤོར་ཏེ་རྨས་ལྕི་མོ་ཞིག་ཕོག་པ་དང་། དེ་ནས་བཟུང་ཨ་ཕ་དབང་ཆེན་གྱོལ་བོ་ཞིག་ཏུ་གྱུར་པ་ཁོའི་སེམས་ན་གསལ་གྱི་ལེར་ཡོད།

འགྱུར་མེད་ཁོ་བྱིས་པ་ཡིན་དུས་ཀྱི་དབྱར་གཞུང་ཞིག་ལ། ཁོ་ཨ་མ་སྒྲོལ་དཀར་ཡོད་སའི་ཞིང་ཁར་རྩེ་རུ་སོང་། ཨ་མ་སྒྲོལ་དཀར་གྱི་གམ་དུ་བསླེབ་ལ་ཉེ་དུས། གང་ནས་ཡོང་བ་མི་ཤེས་པའི་ཁྱི་ཚོགས་ཤིག་ཁོའི་སྟེང་དུ་བརྒྱུགས་བྱུང་བར། ཨ་མ་སྒྲོལ་དཀར་གྱིས་ངུ་ངག་དང་བཅས་ཏེ“ཨ་ཧོ་ཧོ། ཁྱི་ངན་འདི་ཚོས་ངའི་བུ་འཆའ་རྒྱུ་རེད”ཟེར་བཞིན་ཟོར་བ་ཁྱེར་ནས་མྱུར་དུ་ཡོང་སྟེ། ཁ་སྦུབ་ཏུ་ལོག་ནས་ལུས་ཀྱིས་བུ་འགྱུར་མེད་འགེབ་ཀྱིན་ཟོར་བ་དེ་ཕར་གཡུག་ཚུར་གཡུག་བྱས། སྐབས་དེར། ཁྱི་ཚོགས་དེས་ཨ་མ་སྒྲོལ་དཀར་གྱི་རྐང་པའི་ཉྭ་སྟེང་ལ་རྨུག་བྱུང་མོད། མོས་ཟོར་བ་དེ་མཚམས་ཆད་དུ་མ་བཅུག་པར་ཤེད་ཀྱིས་ཕར་གཡུག་ཚུར་གཡུག་བྱས་པས། ཁྱི་ཚོགས་དེས་རྨུག་མཚམས་བཞག་ནས་བུད་སོང་། དེ་ནས་བཟུང་། ཨ་མ་སྒྲོལ་དཀར་གྱི་རྐང་པའི་ཉྭ་སྟེང་དུ་རྨ་ཤུལ་འགའ་ལུས་པ་དེ་ཡང་ཁོའི་སེམས་ན་གསལ་གྱི་ལེར་ཡོད།

འགྱུར་མེད་ཁོ་ལོ་བཅུ་བདུན་ཡིན་དུས་མཁལ་མ་མ་བདེ་བར་ཞིང་ཆེན་སྨན་ཁང་དུ་འགྲོ་དགོས་བྱུང་བ་དང་། དེའི་དུས། སྨན་པས་སྨན་རིན་ལ་སྒོར་མང་པོ་ཞིག་དགོས་པ་དང་། གལ་ཏེ་མཁལ་ནད་དེ་དྲག་སྐྱེད་མ་བྱུང་ན་མཁལ་མ་གཅིག་བརྗེ་དགོས་པའི་རེ་བ་བཏོན་པས། ཕ་མ་གཉིས་ཀྱིས་མྱུར་དུ་སྒོ་ཟོག་དང་ཞིང་ས་ཚང་མ་བཙོངས་ནས་སྨན་རིན་གྲ་སྒྲིག་བྱས་པ་དང་། ཞིང་ཆེན་སྨན་ཁང་ནས་ཁོ་གཉིས་ཀྱིས་འདང་སྤུ་ཙམ་ཡང་མི་རྒྱག་པར་སུའི་མཁལ་མ་འགྱུར་མེད་ལ་འཕྲོད་ན་སྟེར་རྒྱུ་བྱས། ལས་བཟང་བ་ཞིག་ལ་འགྱུར་མེད་ཀྱི་མཁལ་ནད་དྲག་སྐྱེད་བྱུང་སྟེ་བརྗེ་མ་དགོས་ལ། སྨན་རིན་ལ་སྒོར་མོ་ཧ་ཅང་མང་པོ་ཞིག་ཤོར་བས་མི་ཚད། ཁོ་གཉིས་དོམ་ཁུད་དུ་ལྷུང་ནའང་སེར་སྣ་དང་སྡུག་སྣང་ཅི་ཡང་མེད་ལ། འགྱུར་མེད་དྲག་སྐྱེད་བྱུང་བ་ན་སེམས་པ་སྤྲོ་སྣང་གིས་བརྟས་པའི་རྣམ་པ་ཉམས་དགའ་བ་དེ་ཡང་ཁོའི་སེམས་ན་གསལ་གྱི་ལེར་ཡོད།

ད་ལྟ་ཡིན་ནའང་། ཨ་ཁུ་དབང་ཆེན་བཟའ་ཟླ་གཉིས་ཀྱིས་རང་གི་བུ་མོ་གཉིས་གནས་ལ་བྱིན་པ་དང་། བུ་འགྱུར་མེད་ཁོ་ལ་ཆུང་མ་བླངས་ཏེ་ཁྱིམ་གཞི་འཛིན་དུ་འཇུག་ལ་ཉེ་བ་ཡང་ཁོའི་སེམས་ན་གསལ་གྱི་ལེར་ཡོད།

རེད་དེ། དེ་དག་བསམས་ན་བུ་འགྱུར་མེད་ཁོ་ནི་ཨ་ཕ་དབང་ཆེན་དང་ཨ་མ་སྒྲོལ་དཀར་གཉིས་ཀྱི་བུ་ངོ་མ་མིན་ཞེས་སྨྲས་པ་དེ་ནི་བསམ་གཟས་ནས་བསྙོན་འཛུགས་བྱས་པ་རང་མ་ཡིན་ནམ།

དེར་བརྟེན། འགྱུར་མེད་ཀྱིས་དོན་དག་དེ་དང་དུ་ག་ལ་ལེན། ཁོས་དེ་ནི་རྫུན་ཞིག་ཏུ་བརྩིས་པར་ཡང་ཁག་ཅི་ཡོད།

བཞི།

འགྱུར་མེད་བསྲོ་ཁང་ནང་དུ་སོང་ནས་དེ་ལྟར་བསྡད་རྗེས། ཨ་ཁུ་དབང་ཆེན་བཟའ་ཟླ་གཉིས་ཀྱིས་ཡུན་རིང་ཞིག་ལ་ཅི་ཡང་མི་སྨྲ་བར་ཁ་རོག་གེར་བསྡད་པ་དང་། དེ་ནས་ཨ་མ་སྒྲོལ་དཀར་ཐབ་ཚང་དུ་སོང་སྟེ་གུང་ཇ་སྐོལ་མགོ་བརྩམས་བྱུང་།

“དོན་དག་འདིས་ཁྱོད་གཉིས་ལ་ཁོང་ཁྲོ་སློང་སྲིད་ལ་སེམས་ཁྲལ་ལ་ཡང་གཏོད་ངེས། ཐོག་མར་ཁྱོད་གཉིས་ལ་བཟོད་གསོལ་ཞུ། ངེད་གཉིས་ནི་འགྱུར་མེད་ཀྱི་ཕ་མ་གཉིས་ཡིན། སྔོན་ཆད། ངེད་ཚང་ནི་ཧ་ཅང་དབུལ་པོ་ཡིན་པའི་ཁར་བྱིས་པ་ཡང་མང་བས། བྱིས་པ་རྗེས་མ་དེ་གསོ་སྐྱོང་བྱེད་དཀའ་རྒྱུ་རེད་བསམས་ནས་བཙས་ནས་ཅང་མ་འགོར་བར་རོང་བོ་རྒྱལ་ཐང་གི་ལམ་འགྲམ་ཞིག་ཏུ་བཞག་སྟེ་ལྐོག་ནས་སུས་འཁྱེར་བར་བལྟས་ནས་བསྡད། ལས་ཡག་པ་ཞིག་ལ་ཁྱོད་བཟའ་ཟླ་གཉིས་ཀྱིས་ཁྱེར་སོང་། … … ”

སྐབས་དེར། ཁྱམས་ར་ན་ཙོག་པུར་བསྡད་ཡོད་པའི་ཨ་ཁུ་དབང་ཆེན་གྱི་སེམས་སུ་ཁ་ཆེའི་སྐྱེས་པ་དེས་བཤད་པའི་སྐད་ཆ་དེ་དག་ག་ལེར་འཁོར་ཡོང་བ་དང་། དུས་མཚུངས་སུ་འགྱུར་མེད་ལོ་བཅུ་དགུའི་སྔོན་དུ་རོང་བོ་རྒྱལ་ཐང་གི་ལམ་འགྲམ་ཞིག་ནས་ཁོ་བཟའ་ཟླ་གཉིས་ཀྱིས་ཇི་ལྟར་རྙེད་པ་ཡང་གསལ་ལེར་དྲན་བྱུང་།

དེ་ནི་དགུན་བསླེབ་ལ་ཉེ་བའི་ཉིན་མོ་ཞིག་སྟེ། ཉིན་མོ་དེར་རླུང་བུ་འཁྱག་པོ་ཞིག་མཚམས་མེད་དུ་གང་སར་ལྡང་བར་བྱེད། རླུང་བུ་འཁྱག་པོ་དེས་ལོ་མ་དག་སར་ལྷུང་བའི་རོང་བོ་རྒྱལ་ཐང་གི་ལམ་འགྲམ་གྱི་སྡོང་བོའི་ཡལ་ག་དག་ཀྱང་ཡང་ཡང་སྒུལ་ཞིང་སྐྱོམ།

ཉིན་དེའི་སྔ་དྲོར། ཨ་ཁུ་དབང་ཆེན་བཟའ་ཟླ་གཉིས་ཀྱིས་བུ་མོ་གཉིས་ཀ་ཨ་ཞང་ཚང་ལ་བཅོལ་རྗེས། ལག་སྐྱོར་འཕྲུལ་འཁོར་ཞིག་གླས་ཏེ་དེའི་ནང་དུ་འབུད་ཤིང་གང་བརྩིགས་ནས་རོང་བོ་རྒྱ་མཁར་ལ་བཙོང་དུ་སོང་། འབུད་ཤིང་བཙོངས་རྗེས་རོང་བོ་རྒྱལ་ཐང་བརྒྱུད་ནས་ཕྱིར་ཡུལ་ལ་ཡོང་། དེའི་དུས། དུས་ཚོད་ཅུང་སྔ་བས། རོང་བོ་རྒྱལ་ཐང་གི་རྒྱ་ལམ་དུ་ཕར་ཚུར་དུ་འགྲོ་བའི་རླངས་འཁོར་དང་མི་རེ་གཉིས་ཤིག་མ་གཏོགས་མི་འདུག་པས། ཁོར་ཡུག་ཐམས་ཅད་ལྷིང་འཇགས་སེ་འདུག ལྷིང་འཇགས་སུ་གནས་པའི་རྒྱ་ལམ་དེའི་གཡས་ཕྱོགས་ཀྱི་ལམ་འགྲམ་ནས། ཨ་ཁུ་དབང་ཆེན་བཟའ་ཟླ་གཉིས་སྔ་ཕྱི་བྱས་ནས་དལ་བུར་ཡར་ཡོང་བའི་ཚེ་ན། ལམ་འགྲམ་གྱི་སྡོང་རྩ་ཞིག་ནས་གློ་རྡེག་ལ་བྱིས་པ་ཞིག་གི་ངུ་སྐད་སིང་ངེ་བ་ཞིག་གྲག་པས། ཁོ་གཉིས་ཡེར་སེ་བཏང་།

“ཨ་ཙི། ངུ་སྐད་དེ་ནི་ཅི་ཡིན་ནམ།”

སྐབས་དེར། སྒྲོལ་དཀར་གྱི་ངག་ནས་དེ་ལྟར་སྐད་ངན་ཞིག་ཤོར་ཞིང་། དེ་ནས་མཚར་སྣང་དང་བཅས་ཏེ་ཁོ་གཉིས་ཀ་སྡོང་བོ་དེའི་གམ་དུ་སོང་བ་ན། མ་གཞིར་སྡོང་བོ་དེའི་རྩིབ་ན་ཤོག་སྒམ་ཞིག་བཞག་འདུག་ལ། དེའི་ནང་ལ་མལ་ཐུལ་ཆུང་ངུ་ཞིག་གིས་གཅུད་པའི་བྱིས་པ་ཞིག་བཞག་འདུག་པ་མཐོང་། བལྟས་ཚོད་དུ་བྱིས་པ་དེའི་ལུས་པོ་ཧ་ཅང་ཆུང་བས་ཕལ་ཆེར་བཙས་ནས་ཉིན་འགའ་མ་གཏོགས་འགོར་མེད་པ་འདྲ།

ཨ་ཁུ་དབང་ཆེན་བཟའ་ཟླ་གཉིས་དེ་ལྟར་ཤོག་སྒམ་དུ་བཞག་འདུག་པའི་བྱིས་པ་དེའི་གམ་དུ་ཡོང་ནས་ལྟ་དུས། བྱིས་པ་དེས་སླར་ཡང་ངུ་སྐད་སིང་ངེ་བ་ཞིག་བཏོན་པ་དང་། དེ་ནས་ཁ་མུར་མུར་གྱིས་ཁོ་གཉིས་ལ་བལྟས་ནས་འཛུམ་ཙམ་འཛུམ་ཙམ་བྱས་བྱུང་།

དེ་ལྟར། ཁོ་གཉིས་ཤོག་སྒམ་དུ་བཞག་ཡོད་པའི་བྱིས་པ་དེའི་གམ་དུ་སྡོད་དུས། ལམ་འགྲོ་པ་གཞན་འགའ་ཡང་དེར་བལྟ་རུ་ཡོང་མོད། བལྟས་མ་ཐག་ཁ་ཡ་ཅི་ཡང་མི་བྱེད་པར་ཤར་སེ་བུད་འགྲོ།

སྐབས་དེར།ཨ་ཁུ་དབང་ཆེན་གྱིས་ཆུང་མ་སྒྲོལ་དཀར་ལ་བལྟས་ནས“བྱིས་པ་འདི་སུ་ཞིག་གིས་འདི་གར་བསྐྱུར་བ་ཡིན་ནམ། ཅི་འདྲའི་ཕ་མ་འཇོག་མེད་ཅིག་རེད་ཨང་། ད་བྱིས་པ་འདི་འུ་གཉིས་ཀྱིས་འཁྱེར་རྒྱུ་བྱེད། བྱིས་པ་འདི་འདི་གར་བསྐྱུར་ན་ཁྱིས་ཟ་ངེས་ལ། གྲང་ནས་ཤི་ཡང་སྲིད་པས། འུ་གཉིས་ཀྱིས་བསྐྱུར་མི་རུང”ཟེར་བཞིན་བྱིས་པ་དེ་ཤོག་སྒམ་ནང་ནས་ཡར་བླངས་ཤིང་། རང་གི་རུམ་ན་དངོས་པོ་ཙག་ཙིག་ཅིག་ཡོད་པས་སྒྲོལ་དཀར་གྱི་རུམ་དུ་བཞག་བྱུང་། དེའི་མུར་སྒྲོལ་དཀར་གྱིས་མལ་ཐུལ་གྱིས་གཅུད་ཡོད་པ་དལ་བུར་ལྷོད་བཞིན“བཟང་གི ངས་ཀྱང་དེ་ལྟར་འདོད། སྙིང་རྗེ། ད་འདི་སྐོམ་གྱིན་ཡོད་ངེས། ད་དུང་བྱིས་པ་འདི་ཞི་ལུ་ཞིག་རེད”ཅེས་ཟེར་བཞིན་བྲང་གི་ནུ་མ་བྱིས་པ་དེའི་ཁ་ནང་དུ་བཙུགས་བྱུང་།

དེའི་དུས། ཨ་ཁུ་དབང་ཆེན་བཟའ་ཟླ་གཉིས་ཀྱི་བུ་མོ་ཆུང་བ་ལོ་གཅིག་ཙམ་ལ་སོན་མ་ཐག་ཡིན་པས། སྒྲོལ་དཀར་གྱི་བྲང་གི་ནུ་མ་ད་དུང་ཆད་མེད། མོས་དེ་ནས་བཟུང་བྲང་གི་ནུ་མ་དེ་བྱིས་པ་གཉིས་ཀར་བླུད་ནས་བསྐྱངས། བྱིས་པ་དེ་ཡུལ་དུ་ཁྱེར་ཡོང་སྟེ་ཉིན་བདུན་འགོར་བའི་བདུན་ཁའི་ཉིན་ལ་རླངས་ཚང་སྔགས་རྒན་ཚང་ཞུས་ཏེ་མིང་ལ་འགྱུར་མེད་ཅེས་བཏགས།

དེ་ནས་བཟུང་། ཨ་ཁུ་དབང་ཆེན་བཟའ་ཟླ་གཉིས་ཀྱིས་བྱིས་པ་དེ་ཡང་ཁོ་གཉིས་ཀྱི་བྱིས་པ་ཡིན་ཤག་ཤག་བྱས་ནས་རོང་བོ་རྒྱལ་ཐང་གི་ལམ་འགྲམ་ཞིག་ནས་རྙེད་པ་སུ་ལའང་ཤེས་སུ་མ་བཅུག

དེ་ནས་བཟུང་། ཨ་ཁུ་དབང་ཆེན་ཚང་གི་ཆ་རྐྱེན་ཧ་ཅང་ཞན་ཡང་། བྱིས་པ་གསུམ་པོ་དགའ་དགའ་སྤྲོ་སྤྲོའི་ངང་ནས་བདེ་ཐང་ངང་འཚར་ལོངས་འབྱུང་དུ་བཅུག

ལྔ།

ཉིན་གུང་གཟུར་ལ་ཉེ་བའི་མཚམས་དེར། ཕྱི་རོལ་ནས་རླུང་བུ་ལྡོམ་པོ་ཞིག་ཡང་ཡང་ལྡང་ཡོང་སྟེ་ཨ་ཁུ་དབང་ཆེན་ཚང་གི་ལྷས་དཀྱིལ་དུ་འཚུབ་མ་འགའ་རེ་བསླངས་བྱུང་ལ། དེ་དང་བསྟུན་ནས་ཁང་སྟེང་གི་དར་ལྕོག་ཤུགས་ཀྱིས་ལྷབ་ལྷུབ་གཡོས་བྱུང་།

ཨ་མ་སྒྲོལ་དཀར་གྱིས་གུང་ཇ་བསྐོལ་རྗེས། བསྲོ་ཁང་གི་ཁང་པའི་སྒོ་མདུན་དུ་སོང་སྟེ་འགྱུར་མེད་ལ་སེམས་གསོའི་སྐད་ཆ་ཞིག་བཤད་བཞིན་གུང་ཇ་འཐུང་དུ་བོས་པར། འགྱུར་མེད་ཀྱིས་མ་གོ་བ་བཞིན་ལན་ཅི་ཡང་བཏབ་མ་བྱུང་། དེ་ནས་ཨ་ཁུ་དབང་ཆེན་དང་མོ་གཉིས་ཁྱམས་ར་ནས་ཙོག་པུར་སྡོད་བཞིན་འགྱུར་མེད་གུང་ཇ་འཐུང་དུ་ཡོང་བར་བསྒུགས་ནས་བསྡད། སྐབས་དེར། མི་ཞིག་གིས་ཁང་པའི་རྒྱ་སྒོ་ཙིར་སྒྲ་དང་བཅས་ཏེ་ཕྱེས་ནས“ཨ་རོགས་ཚང”ཟེར་བཞིན་ནང་དུ་སླེབས་བྱུང་། དེ་ནི་སྡེ་དཔོན་རྣམ་རྒྱལ་རེད།

སྐབས་དེར། ཨ་ཁུ་དབང་ཆེན་བཟའ་ཟླ་གཉིས་ཡར་ལང་བཞིན་སྡེ་དཔོན་རྣམ་རྒྱལ་ཅིའི་ཕྱིར་ཡོང་བ་ཡིན་ནམ་སྙམ་སྟེ་གཉིས་ཀས“ཡར་ཤོག ཡར་ཤོག”ཅེས་སྨྲས་པ་དང་། སྡེ་དཔོན་རྣམ་རྒྱལ་ལྷས་ནས་ཡར་ཁྱམས་རར་ཡོང་། དེ་ནས་ཁོ་གཉིས་ཀྱིས“མར་ཙོག་ལ་ཇ་ཐུངས”ཞེས་སྨྲས་པར། སྡེ་དཔོན་རྣམ་རྒྱལ་གྱིས“ཇ་མི་དགོས། སྔོན་ཏག་ཏག་འདིར་འཐུང་ཟིན། ང་ཁྱོད་གཉིས་ལ་དོན་དག་ཅིག་བཤད་དུ་ཡོང་བ་ཡིན། སྔོན་འདིར་རོང་བོ་རྒྱ་མཁར་གྱི་ཁ་ཆེའི་བཟའ་ཟླ་གཉིས་ཀྱིས་ང་བཙལ་ནས་ཡོང་སྟེ། དོན་དག་ཅིག་ང་ལ་གསལ་པོར་བཤད་བྱུང་། དོན་དག་དེ་ཁྱོད་གཉིས་ལའང་གསལ་པོར་བཤད་ཡོད་ཟེར། དོན་དག་དེའི་ཐད་ནས་ཁྱོད་གཉིས་ཀྱིས་སེམས་འཁུར་མ་བྱེད། དེ་དང་ལེན་མ་བྱས་ཀྱང་ཆོག ཁ་ཆེའི་བཟའ་ཟླ་དེ་གཉིས་ཀྱི་རེ་བ་ནི་དེ་རིང་དོན་དག་དེའི་ཐད་ནས་ཁྱོད་གཉིས་ལ་དངོས་སུ་འཕྲད་ནས་གྲོས་ཤིག་བྱེད་འདོད་ཟེར། ཡིན་ནའང་། ཁོ་གཉིས་ཐད་ཀར་དུ་ཡོང་ཕོད་ཀྱི་མི་འདུག་པས། ང་ཁྱོད་ཚང་ལ་སོང་སྟེ་དེ་ལྟར་བྱེད་རྒྱུར་འཐད་མིན་ཁྱོད་གཉིས་ལ་འདྲི་རོགས་ཟེར་གི”ཞེས་སྨྲས་བྱུང་།

སྡེ་དཔོན་རྣམ་རྒྱལ་གྱིས་དེ་ལྟར་སྨྲས་པ་ན། ཨ་ཁུ་དབང་ཆེན་གྱིས་འདང་སྤུ་ཙམ་ཡང་མི་རྒྱག་པར་སྡེ་དཔོན་རྣམ་རྒྱལ་ལ“ངེད་བཟའ་ཟླ་གཉིས་དོན་དག་དེར་འཐད་པ་ཡིན། ཁ་ཆེའི་བཟའ་ཟླ་དེ་གཉིས་ཀྱིས་འཛེམ་དོགས་བྱེད་མི་དགོས་པར་ད་ངེད་ཚང་ལ་ཡོང་ཆོག”ཅེས་སྨྲས་པར། སྡེ་དཔོན་རྣམ་རྒྱལ་གྱིས“ཡ་ཡ། ངས་དེ་ལྟར་བཤད”ཅེས་ཟེར་བཞིན་ཕྱིར་བུད་སོང་།

སྡེ་དཔོན་རྣམ་རྒྱལ་དང་ཨ་ཁུ་དབང་ཆེན་གཉིས་ཀྱིས་དེ་ལྟར་ཁྱམས་ར་ནས་ཁ་བརྡ་བྱས་པ་ཚང་མ་འགྱུར་མེད་ཀྱིས་བསྲོ་ཁང་ནང་ནས་གསལ་པོར་ཐོས་པ་དང་། དེའི་དུས། ཁོའི་སེམས་ནང་ནས་སྡང་བ་དང་ཞུམ་པ། ཞེད་པ་སོགས་ཚོར་ཚོགས་མང་པོ་རྐྱ་འཐབ་སྟེ་ཤེད་ཀྱིས་ངུ་བསམ་ཡང་ཨམ་གཙིགས་བསྡམས་ཏེ་ཁ་རོག་གེར་བཙན་གྱིས་བསྲན་ནས་བསྡད།

ཅང་མ་འགོར་བར། ཁ་ཆེའི་བཟའ་ཟླ་དེ་གཉིས་ཀྱིས་ལག་ཏུ་སིལ་ཏོག་ངང་ལག་དང་ཨ་མྲ། རྒུན་འབྲུམ་སོགས་ཐུབ་ཚོད་ཅིག་བཟུང་ནས་སླེབས་ཤིང་། དེ་ནས་ཁང་པའི་ཁྱམས་ར་ནས་མར་ཙོག་རྗེས། ཁ་ཆེའི་སྐྱེས་པ་དེས་རྒྱབ་ཏུ་ཁུར་ཡོད་པའི་ཀོ་ཁུག་ནག་པོ་དེའི་ནང་ནས་སྒོར་མོ་བརྩེགས་མ་མང་པོ་ཞིག་བླངས་ནས་མདུན་དུ་བཞག་བྱུང་།

སྒོར་མོ་བརྩེགས་མ་མང་པོ་ཞིག་དེ་ལྟར་མདུན་དུ་བཞག་པའི་རྣམ་པ་དེ་ནི་ཤོ་ཁང་ཆེན་པོ་ཞིག་ཏུ་ཤོ་རྒྱག་མཁན་སྟོབས་ཅན་ཞིག་གིས་སྒོར་མོ་བརྩེགས་མ་མང་པོ་མདུན་གྱི་ཅོག་ཙེའི་སྟེང་སྤུངས་པའི་རྣམ་པ་དེ་དང་འདྲ།

སྐབས་དེར། ཁ་ཆེའི་སྐྱེས་པ་དེས“ཐོག་མར་ཁྱོད་གཉིས་ཀྱིས་ལོ་ཉི་ཤུའི་རིང་ལ་ངེད་གཉིས་ཀྱི་བུ་རང་གི་བུ་ངོ་མ་ཞིག་གི་ཚད་དུ་བཞག་ནས་བསྐྱངས་ཏེ་ནར་སོན་དུ་བཅུག་པར་བཀའ་དྲིན་ཆེ་ཞུ། ངེད་གཉིས་ཀྱི་བུ་འགྱུར་མེད་ཀྱི་དོན་དག་དེ་ཉེ་སྔོན་ཁྱོད་གཉིས་ལ་གསལ་པོར་བཤད་ཟིན། དེ་རིང་ངེད་གཉིས་བུ་འགྱུར་མེད་ལེན་དུ་ཡོང་བ་མིན། ཁྱོད་གཉིས་ལ་བཀའ་དྲིན་ཞུ་རུ་ཡོང་བ་ཡིན། ཞོར་ནས་བུ་འགྱུར་མེད་ཀྱི་དོན་དག་དེའི་ཐད་ནས་གྲོས་ཤིག་བྱེད་འདོད་པ་ཡིན། འདི་ན་སྒོར་མོ་ཁྲི་ལྔ་བཅུ་ཙམ་ཡོད། འདི་ནི་ངེད་གཉིས་ཀྱི་སེམས་མཚོན་བྱེད་དུ་ཁྱེར་ཡོང་བ་ཡིན”ཞེས་སྨྲས་པ་ན། ཨ་ཁུ་དབང་ཆེན་གྱིས“བཀའ་དྲིན་ཞུ་དགོས་ནི་མ་རེད། འགྱུར་མེད་ནི་ངེད་གཉིས་ཀྱི་ཤ་ལས་ཆད་པའི་བུ་ཕྲུག་མིན་ཡང་། ངེད་གཉིས་ལ་ལས་ཀྱིས་གནང་བའི་བུ་ཕྲུག་ཡིན་པས། ཁོ་བསྐྱངས་ནས་ནར་སོན་དུ་བཅུག་པ་ནི་ངེད་གཉིས་ཀྱིས་དཀའ་ལས་ཤིག་ཏུ་བརྩིས་མེད་པར་བདེ་སྐྱིད་ཅིག་ཏུ་བརྩིས་ཡོད། ད་ངེད་གཉིས་ཀྱི་བུ་འགྱུར་མེད་ཀྱི་དོན་དག་དེའི་ཐད་ནས་གྲོས་བྱེད་མི་དགོས། ངེད་གཉིས་དོན་དག་དེར་འཐད་པ་ཡིན། ངེད་གཉིས་ཀྱི་བུ་འགྱུར་མེད་ནི་ཁོའི་ཕ་མ་ངོ་མ་གཉིས་ལ་དབང་ན་དེ་ནི་ལས་རྒྱུ་འབྲས་དང་མཐུན་པ་ཞིག་རེད། དེ་ངེད་གཉིས་ཀྱིས་ལོས་ཤེས། ཁྱོད་གཉིས་ཀྱིས་ཁོ་དེ་རིང་ཁྲིད་སོང་ནའང་ཆོག་མོད། དེ་རིང་མི་ཁྲིད་རྒྱུ་བྱོས། ཟླ་གསུམ་བཞི་ཞིག་གི་རྗེས་ཤིག་ལ་ཁྱོད་གཉིས་ཁོ་ལེན་དུ་ཤོག སྤྱིར་ཡིན་ན་ཁྱོད་གཉིས་ཀྱིས་ཁོ་ཁྲིད་སོང་ན་ངེད་བཟའ་ཟླ་གཉིས་ཀྱི་བྲང་གི་སྙིང་བཀོག་སྟེ་ཁྱེར་སོང་བ་དང་ཁྱད་པར་ཅི་ཡོད། ཡིན་ནའང་། འདི་ནི་ངེད་བཟའ་ཟླ་གཉིས་ཀྱི་ལས་དབང་ཡིན་པས། ད་བཟོད་བསྲན་བྱེད་དགོས་སོང་ནི་རེད། ཁྱོད་གཉིས་ཀྱིས་ཁྱེར་ཡོང་བའི་སྒོར་མོ་འདི་དག་ཕྱིར་ཁྱེར་ལ་སོང་། ངེད་གཉིས་ལ་སྒོར་མོ་སྐར་གང་ཡང་མི་དགོས”ཞེས་སྨྲས་པ་ན། ཁ་ཆེའི་བཟའ་ཟླ་དེ་གཉིས་ཀྱི་གདོང་ལ་བཅོས་མིན་གྱི་འཛུམ་མདངས་ཤིག་རྒྱས་བྱུང་ལ། དེ་ནས་ཁ་ཆེའི་སྐྱེས་པ་དེའི་ཆུང་མས“བུ་འགྱུར་མེད་གང་དུ་བུད་སོང་ངམ། དེ་རིང་ཁོ་ངེད་གཉིས་ལ་འཕྲད་དུ་བཅུག་ན་ཨེ་ཆོག”ཅེས་སྨྲས་མ་ཐག འགྱུར་མེད་ཀྱིས་བསྲོ་ཁང་གི་སྒོ་ཁྲོག་སྒྲ་དང་བཅས་ཕྱེས་ནས་ཁོ་ཚོ་ཡོད་སར་བརྒྱུགས་ཡོང་སྟེ། ཁ་ཆེའི་བཟའ་ཟླ་དེ་གཉིས་ལ་བལྟས་ནས“ང་ཁྱོད་གཉིས་ཀྱི་བུ་མིན། ང་ལ་ཁྱོད་གཉིས་ལྟ་བུའི་ཕ་མ་ཞིག་མེད། ངའི་ཕ་མ་ངོ་མ་གཉིས་ནི་ཨ་ཕ་དབང་ཆེན་དང་ཨ་མ་སྒྲོལ་དཀར་ཁོ་གཉིས་ཡིན། ཁྱོད་གཉིས་ད་སྒོར་སོང”ཞེས་ངུ་སྐད་དང་བཅས་ཏེ་བཤད་བཞིན། ཁ་ཆེའི་བཟའ་ཟླ་གཉིས་ཀྱིས་ཁྱེར་ཡོང་བའི་སྒོར་མོ་བརྩེགས་མ་དེ་དག་དང་སིལ་ཏོག་ངང་ལག་སོགས་རྒྱ་སྒོའི་ཕྱིར་འཕངས་བྱུང་།

འགྱུར་མེད་ཀྱིས་ཁ་ཆེའི་བཟའ་ཟླ་དེ་གཉིས་ལ་དེ་ལྟར་བཤད་དུས་ཀྱི་ངུ་སྐད་ནི་ཐོས་ན་ཞེད་སྣང་སྟེར་ཡོང་བ་ཞིག་རེད་ལ། སྒོར་མོ་བརྩེགས་མ་དེ་དག་དང་སིལ་ཏོག་ངང་ལག་སོགས་རྒྱ་སྒོའི་ཕྱིར་འཕེན་དུས་སྨྱོས་ཡོད་པ་དང་མཚུངས།

འགྱུར་མེད་ཀྱི་སྐད་ཆ་དང་བྱ་སྤྱོད་དེས་ཁོའི་ཕ་མ་ངོ་མ་གཉིས་ཏེ་ཁ་ཆེའི་བཟའ་ཟླ་དེ་གཉིས་ཀྱང་འུ་ཐུག་ཏུ་བཅུག་སྟེ་གཉིས་ཀས་མིག་ཆུ་ཕུད་བཞིན་མྱུར་དུ་ཕྱིར་མི་འགྲོ་ཀ་མེད་བྱུང་སོང་། ཁ་ཆེའི་བཟའ་ཟླ་གཉིས་དེ་ལྟར་ཕྱིར་འགྲོ་དུས་སྒོར་མོ་བརྩེགས་མ་དེ་དག་མ་ཁྱེར་བར་འགྲོ་བས། ཨ་ཁུ་དབང་ཆེན་གྱིས་རྒྱ་སྒོའི་ཕྱིའི་ཐང་ནས་སྒོར་མོ་བརྩེགས་མ་དེ་དག་ཡར་བླངས་པ་དང་། དེ་ནས་ཁ་ཆེའི་སྐྱེས་པ་དེའི་རྗེས་སུ་བརྒྱུགས་ནས་སོང་སྟེ་ལག་ཏུ་བཞག་མོད། ཡིན་ནའང་། ཁ་ཆེའི་སྐྱེས་པ་དེས་ཀྱང་སྒོར་མོ་བརྩེགས་མ་དེ་དག་ཁྱེར་རྩིས་མ་བྱས་པས། ཨ་ཁུ་དབང་ཆེན་གྱིས“ཁྱོད་གཉིས་ལ་རང་གི་བུ་དགོས་ན་སྒོར་མོ་འདི་དག་ཕྱིར་ཁྱེར་ལ་སོང་། དེ་རིང་འགྱུར་མེད་ཀྱིས་ཁྱོད་གཉིས་ལ་འདི་འདྲ་ཞིག་བྱས་འཇོག་པ་ངེད་བཟའ་ཟླ་གཉིས་ཀྱི་ཡིད་ཀྱི་ཟུར་ལའང་དྲན་མེད། དེ་ནི་ངེད་གཉིས་ཀྱིས་ཁོར་སློབ་གསོ་བཏང་བ་མ་འགྲིག་པའི་རྐྱེན་གྱིས་རེད། ངས་ཁྱོད་གཉིས་ལ་དགོངས་དག་ཞུ། ད་རྗེས་ནས་ཁོའི་སེམས་ལྷོད་ལ་བབས་ན་ཁྱོད་གཉིས་ཀྱི་ཁ་ལེན་ནི་རེད། ད་ཁྱོད་གཉིས་ཟླ་གསུམ་བཞི་ཞིག་གི་རྗེས་ནས་ཤོག ཡིད་ལ་འཛིན་རྒྱུ་ཞིག་ལ་དེའི་དུས་ཁྱོད་གཉིས་ཀྱིས་སྒོར་མོ་སྐར་གང་ཡང་ཁྱེར་ནས་མ་ཡོང་། གལ་ཏེ་སྒོར་མོ་ཁྱེར་ཡོང་རྒྱུ་ཡིན་ན་ཁོ་ཁྱོད་གཉིས་དང་འགྲོགས་ནས་འགྲོ་རྒྱུ་ཟེར་ནའང་། ངེད་བཟའ་ཟླ་གཉིས་ཀྱིས་ཁོ་འགྲོ་རུ་མི་འཇུག་ཁོ་ཐག་ཡིན”ཞེས་ཧ་ཅང་གཟབ་ནན་གྱི་ཉམས་ཤིག་གིས་སྨྲས་པ་ན། ཁ་ཆེའི་སྐྱེས་པ་དེས“ཡ་ཡ། ངེད་གཉིས་ཀྱིས་ཁྱོད་ཀྱིས་བཤད་པ་ལྟར་བསྒྲུབ། ད་བདེ་མོ། ད་ངེད་གཉིས་རྗེས་ནས་ཡོང”ཞེས་སྨྲས་ཏེ་སྒོར་མོ་བརྩེགས་མ་དེ་དག་ཁྱེར་ནས་བུད་སོང་།

དྲུག

ཟླ་གསུམ་གྱི་རྗེས་སུ། ཁ་ཆེའི་བཟའ་ཟླ་དེ་གཉིས་སླར་ཡང་ཨ་ཁུ་དབང་ཆེན་ཚང་ལ་འགྱུར་མེད་ལེན་དུ་ཡོང་། ཡིན་ནའང་། དེའི་དུས་ཀྱང་འགྱུར་མེད་ཀྱིས་རང་གི་ཕ་མ་ངོ་མ་གཉིས་ཏེ་ཁ་ཆེའི་བཟའ་ཟླ་དེ་གཉིས་ཀྱི་རེ་བ་དང་ལེན་མ་བྱས། དེའི་རྗེས་ནས་ཀྱང་དེ་ལྟར་ཐེངས་འགར་ཁོ་ལེན་དུ་ཡོང་། སྐབས་དེ་དག་ཏུ་ཡང་ཁོས་སྔར་ལྟར་རེ་བ་དེ་དང་ལེན་མ་བྱས། … …

དེ་ལྟར། འགྱུར་མེད་ཀྱིས་རེ་བ་དེ་གཏན་ནས་དང་ལེན་མ་བྱས་པས། ཁོའི་ཕ་མ་ངོ་མ་གཉིས་ཏེ་ཁ་ཆེའི་བཟའ་ཟླ་གཉིས་ཀྱིས་ཀྱང་དོན་དག་དེའི་ཐད་ནས་ཞེ་འགྲས་སུ་འགྱུར་བ་མ་གཏོགས་འབྲས་བུ་མེད་པ་ཤེས་པས། ཕྱིས་སུ་ཁ་ཆེའི་བཟའ་ཟླ་གཉིས་ཀྱིས་རེ་བ་དེ་བུ་འགྱུར་མེད་ལ་གཏན་ནས་མ་བཏོན་པར་ཁོ་ཨ་ཁུ་དབང་ཆེན་བཟའ་ཟླ་གཉིས་ཀྱི་གམ་ནས་བསྐྱུར་རྒྱུ་བྱས།

དེ་ནས་བཟུང་། བུ་འགྱུར་མེད་ཀྱིས་ཀྱང་ཁ་ཆེའི་བཟའ་ཟླ་གཉིས་རང་ལ་ལྟ་རུ་ཡོང་དུས་རྣམ་འགྱུར་ངན་པ་མ་བསྟན་པར་ཁོ་གཉིས་ཕ་མ་ངོ་མ་ཡིན་པའི་འདུ་ཤེས་བཟུང་སྟེ་བརྩི་འཇོག་བྱས་ཤིང་། དེའི་དུས། ཁོའི་ཁ་ཆེའི་ཕ་མ་གཉིས་ཡོང་དུས་མཚམས་རེར་ཕུ་བོ་དག་ཀྱང་ཁྲིད་ནས་འོངས་པས། ཅང་མ་འགོར་བར་ཁོ་ཕུ་བོ་དག་ལའང་འདྲིས་ཤིང་ལོབས་པར་གྱུར། ཕུ་བོ་དག་ཀྱང་ཁོའི་སྟེང་ལ་ཧ་ཅང་བཟང་། ཨ་ཁུ་དབང་ཆེན་བཟའ་ཟླ་གཉིས་ཀྱིས་ཀྱང་ཁོ་ཚོ་སླེབས་ཐེངས་རེ་རེར་སེམས་པ་དགའ་བས་ཁེངས་ཏེ་ཁྱིམ་དུ་བསུས་པས། རིམ་བཞིན་ཁོ་ཚོའི་བར་དུ་བརྩེ་བ་ཡང་ངེས་ཅན་ཞིག་ཆགས་པར་གྱུར།

དེ་ནས་ཅང་མ་འགོར་བར། འགྱུར་མེད་ཀྱིས་རང་སྡེའི་ནང་གི་བུ་མོ་ལྷ་མཚོ་ཆུང་མར་བླངས་ཏེ། ཨ་ཕ་དབང་ཆེན་དང་ཨ་མ་སྒྲོལ་དཀར་གཉིས་ལ་སྲི་ཞུ་དང་བདག་སྐྱོང་གང་ལེགས་བྱེད་བཞིན་ཁྱིམ་གཞི་བསྐྱངས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།