ཀྲུང་གོ་བོད་ཀྱི་དྲ་བ།

ཤི་བོ་དུང་ཕྱུར་བཅོ་བརྒྱད་ཀྱི་དཔེ་ཀློག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཁྱུང་ཐར་རྒྱལ།   སྤེལ་དུས། : 2021-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དགེ་སྡིག་ལས་འབྲས་ཀྱི་བདག་པོ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དེ་ཉིད། དེ་རིང་ཡང་ནམ་རྒྱུན་དང་མཚུངས་པར་གོས་ཆེན་སེར་ནག་གི་ན་བཟའ་གཡང་ཤམ་བྱས་ཏེ་བྱ་རྒོད་འགྲོས་ཀྱིས་གཤིན་རྗེའི་ཁྲིམས་ཁང་གི་ལས་ཤག་ཏུ་ཕེབས་ནས་ཉིན་གང་པོའི་བྱ་བ་སྒྲུབ་མགོ་བརྩམས། མགྱོགས་པའི་ལས་མཁན་སྐུ་ལྔ་སྟེ། ལས་མཁན་སེངྒེ་རབ་བརྟན། ལས་མཁན་ཨ་བ་གླང་མགོ། ལས་མཁན་དར་མ་སྤྲེལ་མགོ།ལས་མཁན་རྭ་སྐྱེས་ཕག་མགོ། ལས་མཁན་ཞེ་སྡང་སྦྲུལ་མགོ་བཅས་ཀྱིས་རང་རང་གི་ཕྱག་མཚན་བསྣམས་ཏེ། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཀྱི་གཡས་གཡོན་དང་མདུན་རྒྱབ་སོགས་ན་སྲུང་རྒྱ་དམ་པོར་བྱས་ནས་བཞུགས། སྐབས་ཤིག་ནས་ཁོང་གིས་གློ་ལུ་འགའ་བྱས་པར་མགྱོགས་པའི་ལས་མཁན་སྐུ་ལྔ་བྲེལ་འཚུབ་སྐྱེས་ཤིང་སྐད་ཅིག་དེ་ཉིད་ལ་ཚང་མ་ཁོང་གི་མདུན་ལ་རུབ་ནས་པུས་མོ་གཡས་པའི་སླ་ང་ས་ལ་བཙུགས་ཏེ་མགོ་སྒུར་སྒུར་དང་གཉའ་ཞུམ་ཞུམ་གྱིས་བཀའ་གསུང་ཅི་ཞིག་ཡོད་པར་བསྒུགས་ནས་བསྡད། ཡུད་ཙམ་འགོར་རྗེས་ཁོང་གིས་ཙན་དན་དམར་པོའི་མདུན་ཅོག་སྟེང་གི་མུ་ཏིག་ཕོར་བའི་ནང་གི་གསོལ་ཇ་ཧུབ་གང་བཞེས་རྗེས་ཕོར་བ་ཕྱིར་ཅོག་ཙེའི་ཟུར་ཞིག་ཏུ་བཞག མགྱོགས་པའི་ལས་མཁན་སྐུ་ལྔས་ནམ་རྒྱུན་དང་མི་མཚུངས་པའི་ཆོས་རྒྱལ་གྱི་རྣམ་འགྱུར་འདི་ལ་མཉམ་འཇོག་བྱེད་དགོས་བྱུང་། ཁོང་གིས་དོན་དག་གལ་ཆེན་ཞིག་ལ་ཐུགས་བསམ་གནང་གིན་ཡོད་པ་འདྲ་སྟེ། གོས་ཆེན་སེར་ནག་གི་ན་བཟའ་གཡང་ཤམ་གྱིས་ཁྲི་ལས་བབས་ཏེ་ཕར་འགྲོ་ཚུར་ཡོང་འགའ་བྱས་རྗེས་སླར་ཡང་ཁྲི་ལ་བཞུགས། མགྱོགས་པའི་ལས་མཁན་སྐུ་ལྔ་ཁོང་གི་རྣམ་འགྱུར་དེར་དེ་བས་ཀྱང་མཚར་བར་གྱུར། ཚང་མས་དབུགས་ཀྱང་གཏོང་ལེན་མི་བྱེད་པར་ཐག་རིང་ཞིག་ལ་ཉན་པ་བཞིན་བཀའ་གསུང་ཅི་ཞིག་ཡོད་པར་བསྒུགས་ནས་བསྡད། ལས་མཁན་སེངྒེ་རབ་བརྟན་གྱི་བསམ་པ་ལ། དབུ་ལ་སྒོམ་ཞྭ་ཅན། རྒྱབ་ལ་ཆོས་གོས་ཅན།ཕྱག་ན་ད་དྲིལ་ཅན་གྱི་སྐྱེས་བུ་ཆེན་པོ་ཞིག་ཕེབས་རྒྱུ་རེད་སྙམ། ལས་མཁན་ཨ་བ་གླང་མགོས་བསམ་པར། མི་མགོ་སྐམ་པོའི་ཐོད་ཕྲེང་ཅན། མི་ལྤགས་རློན་པ་གཡང་ཤམ་བྱས་ནས་གྱོན་པ། ལག་ན་མདའ་མདུང་དང་རལ་གྲི། མདའ་གཞུ་ཐོགས་པའི་སྡིག་ཅན་གནམ་ལ་མི་ཤོང་བ་ཞིག་ཡོང་རྒྱུ་རེད་བསམས། ཚང་མ་སྟོང་འདང་ཁྲོད་མགོ་བོ་འཁོར་བའི་དུས་དེར་ཆོས་རྒྱལ་གྱིས་གཞི་ནས་གསུང་འབྱོན་བྱུང་།

“མྱུར་མོར་སོང་ལ། ཤི་བོ་དུང་ཕྱུར་བཅོ་བརྒྱད་པོ་ཁྲིད་ཤོག”ཁོང་གིས་དེ་ལྟར་བཀའ་བབས་པར་ཚང་མས་མཉམ་གཅིག་ཏུ་ལགས་སོ་ཞུས་ཤིང་། རླུང་འཚུབ་ཅིག་དང་འདྲ་བར་རང་རང་གི་ལས་གནས་སུ་བརྒྱུགས་ཏེ། ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད། ཨ་ཆུ་ཆུ་སོགས་ན་ཡོད་པའི་དམྱལ་ཁམས་བཅོ་བརྒྱད་ཀྱི་ཤི་བོ་དུང་ཕྱུར་བཅོ་བརྒྱད་པོ་སྐད་ཅིག་དེ་ཉིད་ལ་ཁོང་གི་སྐུ་མདུན་ལ་བཀུག

གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དེ་ཉིད་སེངྒེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་ཁྲི་སྟེང་ན། སྐྲ་ཁམ་ནག་གི་རལ་བ་རྒྱབ་ཏུ་ཁེབས་ཤིང་། གསེར་ནག་གི་རྣ་ལུང་གོར་མོ་གཡུ་ཡི་འདབ་ཚར་དཔྱངས་པ་བཏགས་པ། སྤྱན་ཉི་ཟླ་ལྟར་འཁོར་ཞིང་བཞུགས་ལ། ལས་མཁན་དགུ་བརྒྱ་དགུ་བཅུས་གཡས་གྲལ་ནོན་པ། ལས་མཁན་སྟོང་ཕྲག་དགུས་གཡོན་གྲལ་ནོན་པ། ལས་མཁན་ཁྲི་ཕྲག་དགུས་མདུན་གྲལ་བདར་ཞིང་བཞུགས་པར།གྲི་རིང་འཛིན་པའི་ལས་མཁན་དགུ་བརྒྱ་གྲི་རིང་རྣོ་ངར་ཤ་ལེ། མདའ་གཞུ་འཛིན་པའི་ལས་མཁན་དགུ་བརྒྱ་མདའ་མོ་རྒོད་སྒྲོ་འཚུབ་སེ།སོག་ལེ་འཛིན་པའི་ལས་མཁན་དགུ་བརྒྱ་སོག་ལེ་སོ་ཁ་ཧྲིག་གེ། ལྕགས་ཐག་འཛིན་པའི་ལས་མཁན་དགུ་བརྒྱ་ལྕགས་ཐག་ལྕགས་སྒྲོག་ཤ་ལེ། ཞགས་ནག་འཛིན་པའི་ལས་མཁན་དགུ་བརྒྱ་ཞགས་ནག་ཨ་ལོང་ཁྲིག་གེ། མེ་སྐྱོགས་ཐོགས་པའི་ལས་མཁན་དགུ་བརྒྱ་མེ་ལྕེ་མེ་སྟག་འཚུབ་སེ། མདུང་རིང་ཐོགས་པའི་ལས་མཁན་དགུ་བརྒྱ་མདུང་མོ་བ་དན་ལྷབ་སེ་བཞུགས་པར། ཚང་མས་ཕྱག་གསུམ་འཚལ་སྙམ་ཡང་བལྟ་བ་མིག་གིས་མ་བཟོད་པར་མགོ་བོ་དང་ཁར་ལྷུང་ཞིང་འདར་སིག་སིག་གིས་བསྡད།

“ལས་ངན་བསགས་པའི་ཉེས་ཅན་ཚོས་གོ་བར་གྱིས་ཤིག དེ་རིང་ཅི་ཞིག་གི་ཉིན་མོ་ཡིན་པ་ཨེ་ཤེས”ཁོང་གི་གསུང་གཡུ་འབྲུག་བཞིན་དུ་ངར་སྐད་སྒྲོག་པ། ལྗགས་གློག་དམར་བཞིན་དུ་འཁྱུག་ཅིང་སྒྲིལ་བའི་ངང་དེ་ལྟར་གསུངས་པར། ཤི་བོ་དུང་ཕྱུར་བཅོ་བརྒྱད་པོས་བསམ་པར། དེ་རིང་གཞན་དང་མི་འདྲ་བར་མགོ་ཐོག་ལ་ཉི་མ་དམར་པོ་ཞིག་འཆར་རྒྱུ་རེད་སྙམ་ནས་སྐྲག་ཐག་ཆོད་ཅིང་ཚང་མའི་ངོ་མདངས་སྐྱ་བོར་གྱུར་ལ་མང་ཆེ་བའི་གཅིན་པའང་ཤོར་སོང་།

གཤིན་རྗེ་ཆོས་ཀྱི་རྒྱལ་པོས་སྐྲ་ཁམ་ནག་གི་རལ་བ་རྒྱབ་ཏུ་གཡུགས་ཏེ“དེ་རིང་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་རེད། ང་ཚོ་ཚང་མས་མཉམ་དུ་དཔེ་ཀློག་བྱེད”ཅེས་རྡོ་རྗེའི་གསུང་གི་དབུགས་འབྱུང་བསྩལ་བ་ན་ཚང་མས་གོ་ནོར་ཐེབས་སོང་སྙམ་ནས་ཕན་ཚུན་གྱི་གདོང་ལ་ཐེ་ཚོམ་གྱིས་ལྟ་བར་བྱེད། ཁོང་གིས་ད་དུང་མགྱོགས་པའི་ལས་མཁན་སྐུ་ལྔར“ཚང་མ་གཤིན་རྗེའི་དཔེ་ཁང་དུ་ཁྲིད”ཅེས་བཀའ་བབས་པར། ལས་མཁན་དེ་དག་ཁ་བ་འབབ་འབབ་དང་བུ་ཡུག་འཚུབ་འཚུབ་བྱས་ཏེ། ལས་ངན་བསགས་པའི་ཤི་བོ་དུང་ཕྱུར་བཅོ་བརྒྱད་པོ་གཤིན་རྗེའི་དཔེ་ཁང་དུ་ཁྲིད།

གཤིན་རྗེའི་དཔེ་ཁང་ནི་གཤིན་རྗེའི་ཁྲིམས་ཁང་གི་གཡས་ཕྱོགས་སུ་ཕལ་ཆེར་སྤྱི་ལེ་གཅིག་གི་མཚམས་སུ་ནོར་བུ་དགའ་འཁྱིལ་གྱི་དབྱིབས་སུ་བཞེངས་ཡོད་ལ་ཐོག་སོ་རིམ་པ་སུམ་ཅུ་འདུག ཕྱི་གྱང་གི་བཀྲག་རྩི་དམར་ནག་ལ་སྤེན་རྒྱན་ནག་པོ་དང་། རྒྱ་ཕིབས་ཀྱི་ཚབ་ཏུ་མཐོ་ཞིང་བརྗིད་ཆགས་པའི་རལ་གྲི་ཞིག་བཞེངས་འདུག དེ་རིང་གི་དཔེ་ཀློག་བྱེད་ས་ཐོག་སོ་རིམ་པ་གཉིས་པ་ཡིན་ལ། དེ་རུ་རྒྱལ་ཁབ་མི་གཅིག་ཅིང་ཤ་མདོག་མི་གཅིག་པའི་མི་རིགས་སྣ་ཚོགས་ཀྱིས་ཡིག་རིགས་སུམ་བརྒྱ་དྲུག་ཅུའི་བརྩམས་ཆོས་སྣ་ཚོགས་ཀློག་གིན་འདུག དཔེ་ཁང་ནང་དུ་དཔེ་སྒྲོམ་ལ་དཔེ་སྒྲོམ་མཐུད་དེ་དཔེ་ཆ་སྣ་ཚོགས་རི་ལྟར་སྤུངས་འདུག་ལ། དེ་དག་ལ་རིགས་དབྱེ་དང་དཀར་ཆག་དགར་ནས་བཙལ་ན་སྟབས་བདེ་བྱས་འདུག དེ་ལས་ཆེས་མང་བ་ནི་ཁྲིམས་གཞུང་ཡིན་ངེས་ཏེ། ཁྲིམས་གཞུང་ཁོ་ནར། ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས་ལ་པོ་ཏི་བརྒྱ་དང་བརྒྱད། བཀའ་ཡི་ཁྲིམས་ཡིག་ཆེན་པོ་དྲུག་ལ་པོ་ཏི་བརྒྱ་དང་བརྒྱད། འབུམ་གསེར་ཏོག་ཤ་བ་ཅན་གྱི་ཁྲིམས་ལ་པོ་ཏི་བརྒྱ་དང་བརྒྱད། རྒྱལ་ཁམས་དཔེར་བླངས་ཀྱི་ཁྲིམས་ལ་པོ་ཏི་བརྒྱ་དང་བརྒྱད། བདེན་རྫུན་བརྟག་པའི་ཞལ་ལྕེ་ལ་པོ་ཏི་བརྒྱ་དང་བརྒྱད། དམངས་དོན་ཁྲིམས་གཞུང་ལ་པོ་ཏི་བརྒྱ་དང་བརྒྱད་སོགས་བཞུགས་ལ། ད་དུང་དཀར་ནག་རྩིས་ཀྱི་སྐོར།གསོ་དཔྱད་སྨན་གྱི་སྐོར། ལྷ་གསོལ་ཐབས་དང་འདྲེ་དགར་ཐབས་སོགས་ཀྱང་དཔེ་སྒྲོམ་དུ་ལེགས་པར་བསྒྲིགས་ཏེ། བལྟས་པ་ཙམ་གྱིས་དད་པའི་སྤུ་ལོང་དབང་མེད་དུ་ལྡང་བར་བྱེད། སྐབས་དེར་ལས་དགེ་སྡིག་གི་བདག་པོ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དེས་ཞལ་འཛུམ་ཉི་མ་འདྲ་ཞིག་བསྟན་ཏེ། ལས་ངན་བསགས་པའི་ཤི་བོ་དུང་ཕྱུར་བཅོ་བརྒྱད་པོར“དེ་རིང་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་རེད། ང་ཚོ་ཚང་མས་མཉམ་དུ་དཔེ་ཀློག་བྱེད། དེ་རིང་ང་ཚོ་ཚང་མ་འདྲ་མཉམ་ཡིན། སུས་ཀྱང་སྐྲག་སྣང་དང་དོགས་སྣང་བྱེད་མི་དགོས། དཀྲུགས་ཇ་དང་ཁཱོ་ཧྥེ་འཐུང་ཞོར། ཞོར་ཟས་སྣ་ཚོགས་ཟ་ཞོར་རང་རང་གིས་ཀློག་འདོད་པའི་དཔེ་ཆ་བདམས་ཏེ་བློ་བདེ་བག་ཕེབས་ཀྱིས་དཔེ་ཀློག་གྱིས”ཞེས་ཞལ་གསུང་གསེར་གྱི་དབུགས་འབྱུང་བསྩལ་པ་ན། ལས་ངན་བསགས་པའི་ཤི་བོ་དུང་ཕྱུར་བཅོ་བརྒྱད་པོར་ཡིད་འགུལ་ཐེབས་ནས་མིག་ཆུ་ཤོར། བལྟས་ཀྱིན་བལྟས་ཀྱིན་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དེ་བྱམས་དང་སྙིང་རྗེ་ཡི་བདག་ཉིད་ཅིག་དང་། ཡང་ན་རང་གི་དྲིན་ཅན་གྱི་ཕ་མའམ་འདང་ཅན་གྱི་གཉེན་ཉེ་ཞིག་ཡིན་སྣང་ཤར། རིམ་བཞིན་སྐྲག་སྣང་ཞི་ནས་ཚང་མའི་སེམས་ལྷོད་ལ་བབས་བྱུང་། འགའ་རེས་སྤོབས་པ་ཆེན་པོས་གཤིན་རྗེའི་དཔེ་ཁང་གི་ནང་གི་བཀོད་པར་ཞིབ་ཏུ་རོལ་མྱོང་བྱས། མཐོ་དམའ་མི་མཉམ་པའི་དཔེ་སྒྲོམ་སྣ་ཚོགས་མུ་ནས་མུ་རུ་འབྲེལ་ཞིང་། དཔེ་སྒྲོམ་གྱི་ཡར་སྟོད་དང་བར་སྟོང་ཡོད་སར་དཔེ་ཀློག་སྐོར་གྱི་ལེགས་བཤད་སྣ་ཚོགས་ཀྱི་འགེལ་བྱང་བཀལ་ཡོད་མོད། ཁོ་ཚོས“རིག་པ་ནངས་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །”ཞེས་པའི་བོད་ཡིག་གི་ལེགས་བཤད་དེ་ལས་ཡིག་རིགས་གཞན་དག་གི་ལེགས་བཤད་ཅི་ཡང་མ་རྟོགས། ལས་ངན་བསགས་པའི་ཤི་བོ་དུང་ཕྱུར་བཅོ་བརྒྱད་པོས་དེ་ལྟར་བློ་བདེ་བག་ཕེབས་ཀྱིས་དཀྲུགས་ཇ་དང་ཁཱོ་ཧྥེ་འཐུང་ཞོར་དཔེ་ཀློག་བྱེད་ཅིང་།འགའ་རེ་ད་དུང་མཉམ་འཛོམས་ཀྱིས་རང་རང་གི་ལས་དབང་གླེང་བྱུང་།

“ངའི་ཁྱོ་གས་ངའི་དགེ་རྩར་མ་ཎི་དུང་ཕྱུར་ཞིག་འདོན་ངེས་སྙམ་མོད། ད་དུང་ཡང་གྲག་འགུལ་ཅི་ཡང་མི་འདུག”ཤི་མོ་ཞིག་གིས་ཧ་ཅང་སེམས་ཕམ་པའི་ངང་དེ་ལྟར་སྨྲས།

“ང་ཚོ་འཇིག་རྟེན་ན་ཡོད་དུས་དགེ་བ་བསྒྲུབ་རྒྱུ་དེ་རང་དབང་རེད་མོད། དེ་དུས་རྣམ་གཡེང་དང་ལེ་ལོས་ཁྱེར་བ་རེད། ད་ནི་ཡོད་ཚད་འཕྱིས་དྲགས་སོང”ཤི་བོ་ཞིག་གིས་དེ་ལྟར་ཕངས་སེམས་དང་བཅས་སྨྲས།

“ངའི་དགེ་རྩ་ལ་ཕ་མ་དང་གཉེན་ཉེ་རྣམས་ཀྱིས་སྟོང་མཆོད་ཅིག་བཟུང་འདུག་མོད། ང་ནི་སྡིག་ཅན་ཡིན་པས་དེ་ཙམ་གྱིས་འདྲེན་ག་ལ་ནུས”ཡང་ཤི་བོ་ཞིག་གིས་དེ་ལྟར་སྨྲས།

“རྡོ་རྗེ་ཁ་ལྟིག་གིས་ད་དུང་ང་ལ་སྒོར་ལྔ་བཅུའི་དོམ་ཆད་ཡོད”ཤི་བོ་ཞིག་གིས་དེ་ལྟར་སྨྲ་ཞོར་མཛུབ་རྩིས་ཤིག་རྒྱག་གིན་འདུག

“ངས་བུ་ཆུང་དྲན་གི། ང་ལ་ད་དུང་བྱུ་རུའི་སྐེ་རྒྱན་བ་སོའི་ཕྲ་རྒྱན་ཅན་ཞིག་ཀྱང་ཡོད”ཤི་མོ་ཞིག་གིས་ཀྱང་དེ་ལྟར་སྨྲས།

སྐབས་དེར་ལས་མཁན་ཨ་བ་གླང་མགོ་དང་རྭ་སྐྱེས་ཕག་མགོ་གཉིས་སྐོར་ཞིབ་ལ་ཐོན་པས་ཚང་མ་དལ་ཅག་གེར་གྱུར་ལ་རང་རང་ས་ནས་དཔེ་ཀློག་ལ་བྲེལ། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཟ་འོག་སུམ་རྩེག་གི་འབོལ་ཁྲི་སེར་པོ་ཞིག་གི་སྟེང་དུ་བཞུགས་ཤིང་གོས་ཆེན་སེར་ནག་གི་ན་བཟའ་གཡང་ཤམ་བྱས་ཤིང་། སྐྲ་ཁམ་ནག་གི་རལ་བ་སྐུ་རྒྱབ་ཏུ་གཡུགས་ཏེ། ཨ་རི་ནས་ཡིན་པ་འདྲ་བའི་ཁཱོ་ཧྥེ་དམར་སེར་ཞིག་འཐུང་བཞིན《བཀའ་འགྱུར》གྱི་ལེའུ་ཇ་པར་གཟིགས་བཞིན་འདུག་ལ། སྐབས་སྐབས་སུ་ཟིན་བྲིས་རེ་ཡང་འདེབས་པར་བྱེད། སྐབས་དེར་ལས་མཁན་སེངྒེ་རབ་བརྟན་ཡོང་ནས་ཁོང་གི་མདུན་དུ་པུས་མོ་གཡས་པའི་སླ་ང་ས་ལ་བཙུགས་ཏེ།“ཆོས་རྒྱལ་རིན་པོ་ཆེ་ལགས། ཡི་གེ་མི་ཤེས་པའི་ལས་ངན་ཡང་མང་པོ་ཞིག་འདུག དེ་ཚོས་ད་དུང་ཡུམ་ཆེན་མོའི་མགོ་འཇུག་ལྡོག་སྟེ་ལྟ་ཁུལ་བྱེད་བཞིན་འདུག”ཅེས་ཞུས། ཆོས་རྒྱལ་གྱིས་ཡུད་ཙམ་ལ་བསམ་བློ་བཏང་རྗེས“དེ་ཚོར་དུས་ཐུང་གི་ཟབ་སྦྱོང་འཛིན་གྲྭ་ཞིག་བསྒྲུབས། མ་མཐའ་ཡང་ཁོ་ཚོར་རང་གི་མིང་ཡིག་འབྲི་ཤེས་སུ་ཆུགས”ཞེས་བཀའ་ཕབ།

“ལགས་སོ། །”

གཤིན་རྗེ་དཔེ་ཁང་གི་དཔེ་ཀློག་ཁོར་ཡུག་ཧ་ཅང་ལྷིང་ཞིང་འཇགས་ཏེ། འདི་འདྲའི་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་ཁྱོད་ཀྱིས་གང་ནས་བཙལ་ཀྱང་རྙེད་རེ་སྐན། ཕན་ཚུན་དབུགས་ཀྱི་རྒྱུ་བའང་མི་ཐོས་པས་འཇིག་རྟེན་ཧྲིལ་པོ་ཤི་ཟིན་པ་ལྟར་སྣང་། རྒྱོབ་རྒྱོབ་སོད་སོད་དང་ཨ་ཚ་ཨ་ནའི་ངུ་འབོད་མེད་པའི་ལྷིང་འཇགས་ཀྱི་རྣམ་པ་དེས་ཡོད་ཚད་ལ་ལྷོད་གཡེང་དང་བག་ཕེབས་ཀྱི་སྣང་བ་ཞིག་བྱིན། ཡིན་ནའང་། དུས་ཡུན་རིང་པོ་མ་འགོར་བར་ལྷིང་འཇགས་ཀྱི་རྣམ་པ་དེ་ལས་མཁན་སེངྒེ་རབ་བརྟན་གྱིས་དཀྲོགས་སོང་།

“ཆོས་རྒྱལ་རིན་པོ་ཆེ་ལགས། ལས་ངན་འགའ་རེས་ཡི་གེ་མི་སློབ་པར་མ་ཟད། ད་དུང་སྐད་འཕྲིན་རྩེ་ན་འདོད་ཟེར། འགའ་རེས་ད་དུང་མཱ་ཅང་བརྒྱབ་ན་ཆོག་མིན་གྱི་གནང་འཁྲོལ་ལེན་བཞིན་འདུག”

གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དེ་ཁོང་ཁྲོ་མེ་ལྕེ་འབར་འབར་བྱས་ཏེ་ངར་ཤུགས་ཀྱིས་ཡར་བཞེངས་ཤིང་། ཞབས་ས་ལ་བརྡབས་ན་རྫ་རི་སྙིལ་བ། ས་གཞི་ཐམས་ཅད་འགུལ་ཤིག་ཤིག ལྗོན་ཤིང་ཐམས་ཅད་འདར་ལྡེམ་ལྡེམ་ཞིག་བྱས་ཏེ། “སྐྱོབ་ཐབས་མེད་པ་དེ་ཚོ་ཅིས་ཀྱང་སྐྱོབ་ཐབས་མི་འདུག ཕྱིར་རང་རང་གི་གནས་སུ་སྐྱོལ་ལ་ཆད་པ་ནན་མོ་ཆོད”ཅེས་བཀའ་ཕབ།

དོན་དག་ཅི་ཡང་མ་བྱུང་བ་ལྟར་གཤིན་རྗེ་དཔེ་ཁང་ནི་སྔར་བཞིན་ལྷིང་འཇགས་སུ་གནས་ལ། དཔེ་ཀློག་གི་སྒྲ་ཐན་ཐུན་རེ་ལས་འཇིག་རྟེན་ཧྲིལ་པོ་ཤི་ཟིན་པ་ལྟར་ཅི་ཡང་ཐོས་རྒྱུ་མེད་པར་གྱུར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།