ཀྲུང་གོ་བོད་ཀྱི་དྲ་བ།

འབྲོག་ཁྱི།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : བན་ཤུལ་དཔལ་ལོ།   སྤེལ་དུས། : 2021-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག

མུན་ཡོངས་སུ་རུབ་སོང་། མཐོ་སྒང་གི་ས་སྲོད་འདིའི་སྣོད་བཅུད་ཐམས་ཅད་ཁུ་སིམ་དང་ཞི་འཇགས་ཀྱི་ཀློང་ན་མི་སྐད་བྱེའུ་སྐད་ཙམ་ཡང་ཐོས་རྒྱུ་མེད་པར་སྨྲ་བཅད་བསམ་གཏན་རྫུ་ལ་བསྟེན་པའི་སྣང་ཚུལ་འདི་ནི་ཅི་འདྲའི་བག་ཕེབས་ཤིང་དབེན་ཐིང་བ་ལ་ཨང་། འདི་ཡང་སྙན་ངག་ཅིག་ཏུ།“སྲོད་ཁའི་ཉི་མས་གྲིབ་མ་རིང་དུ་བསྲིངས། །སྒོ་ཁྱི་ཟུག་པས་གཅོང་སྐད་རླུང་གིས་ཁྱེར། །སྦྲ་ནག་གོང་ཁ་རལ་བའི་བུ་ག་ན། །ལྷགས་པས་འབྱིན་པའི་སྐར་མ་ཁོང་འདར་རྒྱག །”ཅེས་པའི་བརྗོད་དོན་དང་ཡོངས་སུ་སྦྱར་ཆོག་སྟེ། དགུང་ཁའི་ཐུན་མཚམས་ཀྱི་ཉི་ནུབ་ངོགས་སུ་འབྲི་ཟོག་ལྷས་ལ་འཁོར་ཞིང་བཟའ་མི་གོ་འདུས་བྱུང་ནས་མཐོ་སྒང་གི་སྦྲ་ཁྱིམ་རེ་རེར་དྲོད་ཁོལ་གྱི་མེ་ལྕེ་འབར་ཞིང་ཞིམ་མངར་གྱི་ནུབ་འཚལ་ལ་རོལ་བཞིན་མི་རྣམས་ཀྱིས་ཉིན་གཅིག་གི་ལས་ཀའི་ངལ་དུབ་ལ་རྫོགས་ཚིག་བཀོད་དེ་ཐུན་གསུམ་གྱི་གཉིད་དང་རྨི་ལམ་ཞིང་དུ་འགྲིམ་པའི་སྐབས་སུ། ངེད་ཚང་གི་སྒོ་ཁྱི་སེང་ཕྲུག་དང་ཁྱི་མོ་དོམ་མེ་གཉིས་ཀྱང་བདག་མོས་བླུད་པའི་འོ་རྩམ་དང་ཤ་ཁུ་འདྲེས་མའི་དགོང་ཟས་ལ་རོལ་ཚར་རྗེས། གཞི་ནས་ནམ་རྒྱུན་ལྟར་ལྷས་ཀྱི་ཕྱོགས་བཞིར་སྐོར་བ་བྱེད་བཞིན་ཟུག་སྐད་ལྷང་ལྷང་སྒྲོག་མགོ་བརྩམས་བྱུང་།

ངེད་ཚང་ལ་མཚོན་ན་སྒོ་ཕྱུགས་རྟ་ནོར་ལུག་གསུམ་སོགས་ལྷས་རར་བཀང་བའི་ཕྱུག་པོ་དེ་འདྲ་ཞིག་མིན་མོད། ནོར་ལུག་ཁྱུ་རེ་དང་རྟ་མཆོག་རྐྱང་དམར་སོགས་གནག་ཕྱུགས་སྐོར་རེ་ཡོད་པ་དེ་མགྲོན་པོ་ཕར་འགྲོ་ཚུར་འོང་མང་ཞིང་སྤྱང་ཚོགས་དང་རྐུན་ཇག་གི་ཉེན་ཁ་ཆེ་བའི་ལུང་པ་ཞིག་གི་མདོ་ན་གནས་ཡོད་པས་འབྲོག་ཁྱི་སྟག་སེང་འདྲ་བ་འདི་གཉིས་མེད་ཚེ། ངེད་ཚང་གི་སྒོ་ཁའི་ཕྱུགས་དང་གོ་ཁའི་མི་ཚང་མ་འཇིགས་ཡེར་བའི་མཚན་མོ་རེ་རེའི་རྔམ་ཁ་ལས་སྒྲོལ་བར་དཀའ་བའི་གནས་སུ་གྱུར་ཡོད་དེ། སྒོ་ཁྱི་སེང་ཕྲུག་དང་དོམ་མེ་གཉིས་ནི་ལོ་ན་ཆུང་ངུ་ནས་བཟུང་མཉམ་དུ་འཚར་ལོངས་བྱུང་སྟེ་ཁྱིམ་ཚང་གཅིག་གི་དཀའ་སྡུག་དང་འཐབ་འཛིང་གི་འཚོ་བའི་གཏམ་རྒྱུད་དང་འགྲོགས་ནས། ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་དབྱར་དགུན་སྟོན་དཔྱིད་ཀྱི་རུ་སྤོ་བཀལ་འགེལ་ལ་སོགས་པའི་འཚོ་བ་དང་འབྲལ་མེད་བརྩེ་བ་ཟབ་མོའི་ཨ་ལོང་སྒོར་མོ་དེ་འབྲོག་ཐང་གི་ཁྱིམ་གཞི་འདིའི་རེ་བའི་ལྕགས་ཀྱུ་ལ་དམ་དུ་སྦྲེལ་ཡོད། འདི་འདྲའི་སྣང་བརྙན་རེ་རེ་ངས་ཚོར་བ་གསར་པས་བཞེངས་པའི་སྒྲུང་གཏམ་འདིའི་ཀྱག་ཀྱོག་གི་བྱུང་རིམ་ལས་ཀློག་མཁན་ཁྱོད་ལ་ཕྱི་གསལ་ནང་གསལ་དུ་རྗེན་པར་སྟོན་འདོད་ཕྱིར། འདུ་བྱེད་སོར་མོའི་སྨྱུག་ཁ་འདི་འབྲོག་ཁྱི་ཕོ་མོ་གཉིས་ཀྱི་མགྲིན་ཚབ་ཏུ་དཀར་འཇམ་ཤོག་བུའི་ངོས་སུ་ཚོད་ལྟའི་ཚིག་གི་ཉེར་ལེན་དུ་འབུལ་བར་བགྱིའོ། །

གཉིས།

ངེད་ཚང་ལ་འབྲོག་ཁྱི་གཉིས་ཡོད་པ་ལས་གཅིག་ནི་མིང་ལ་སེང་ཕྲུག་ཅེས་འབོད་ཅིང་། དོན་དུ་ཡང་སེང་གེ་དཀར་མོ་གངས་ནས་འགྱིང་བ་ལྟར་དཔའ་རྩལ་ཆེ་ལ་སྐད་ངག་སྦོམ་ཞིང་། གཟུགས་བོངས་ཆེ་ཞིང་བང་རྩལ་མྱུར་བ། སྤུ་མདོག་ནག་ཅིང་གདོང་གི་དཀྱེལ་ཡངས་ལ་མིག་ཟུང་སྒོར་བའི་ཁར་སྨིན་མ་ཁམ་མདོག་དང་ལྡན་པ་དེ་མིག་ཟུང་གཉིས་ལྡན་ལྟར་སྣང་ཞིང་། རང་གཤིས་གཏུམ་སྤྱོད་ཆེ་བས་དགྲ་ལ་སྡང་ཞིང་ཁྱིམ་མིར་བྱམས་པའི་འབྲོག་ཁྱི་ལ་བོ་འཁྲུལ་མེད་ཅིག་ཡིན། ཅིག་ཤོས་སྟེ་ཁྱི་མོ་དོམ་མེ་ལ་མཚོན་ནའང་སྨིན་མ་གསལ་ཞིང་འཁྱུག་རྩལ་ལྡན་ལ། ཟུག་སྐད་བཙན་ཞིང་བདག་པོར་འདང་རྩིས་ཆེ་བར་མ་ཟད། འགན་འཁྲིའི་འདུ་ཤེས་བརྟན་ཞིང་སྙིང་སྟོབས་དང་དཔའ་མཛངས་ཆེ་བས་ངེས་པ་དོན་གྱི་དོམ་ཕྲུག་འཁྱུག་རྩལ་རྒོད་པོ་ཅན་ཞིག་ཏུ་ངོ་བོ་དབྱེར་མེད་ཡིན། འབྲོག་ཁྱི་འདི་གཉིས་ཀ་ངེད་ཀྱི་ཁྱིམ་དུ་གསོས་པ་ནས་བཟུང་། ངེད་ཀྱི་སྒོ་ཁའི་ཕྱུགས་ལ་རྐུན་ཇག་དང་སྤྱང་ཚོགས་ཀྱི་དཔུང་འཇུག་ཐེབས་མྱོང་མེད་ལ། ནང་མི་ཡོངས་ལ་ལ་རྒྱ་དང་སྙན་གྲགས་ཀྱིས་ཡོངས་སུ་ཁྱོགས་ཏེ་ཞི་འཇགས་བདེ་སྟོང་གི་སྣང་བ་སྟེར་བའི་རྟག་བརྟན་གྱི་ལང་ཚོའི་རྔམ་ཟིལ་ཉམས་པ་མེད་པར་གྱུར་ཏོ། །

འབྲོག་པ་མང་ཚོགས་ལ་མཚོན་ན། སྒོ་ཁྱི་ནི་ཕྱི་ནང་འཚོ་ཚིས་གང་གི་སྐབས་སུའང་མེད་དུ་མི་རུང་བའི་གཡང་གི་རུ་མ་དང་ཁྱིམ་གྱི་སྲུང་མ་ལྟ་བུའི་སྲོག་ཆགས་འགངས་ཆེན་ཞིག་སྟེ། མེས་པོ་དམ་པ་དག་གི་ལོ་རྒྱུས་རིག་གནས་ཁྲོད་དུ་འབྲོག་ཁྱི་ལ་སུས་ཀྱང་བརྩི་མཐོང་དང་གོང་བཀུར་བྱེད་པར་མ་ཟད། དེར་བག་ལ་ཞ་བའི་ཡོན་ཏན་དང་གཞན་དྲིང་མི་འཇོག་པའི་དཔའ་བོའི་གཏམ་རྒྱུད་སྣ་ཚོགས་བྱུར་བུར་གཏམས་ཡོད་ལ། གངས་ཅན་བོད་པ་ཚང་གི་བུ་རབས་ཚ་རྒྱུད་དང་མི་རབས་ཕྱི་མ་དག་གི་དྲན་པའི་ཡོལ་ངོས་སུ་རིས་མེད་ཕབ་པའི་ཞབས་རྗེས་ཀྱི་རི་མོ་གངས་རིའི་ཀློང་ཡངས་ལ་དུས་རྟག་ཏུ་བསུབ་མེད་དུ་གནས་ཡོད་དེ། འབྲོག་ཁྱིའི་འཚོ་གནས་ཀྱི་ཤེས་རབ་དང་ཞུམ་མེད་ཀྱི་སྙིང་སྟོབས་དེ་འགྲོ་བ་མི་ལས་ཀྱང་འགོངས་པའི་གནས་ལུགས་རྡོག་པོ་ནི་ང་ཚོ་སུས་ཀྱང་ཁས་མི་ལེན་ཐབས་མེད་ལགས་པར་མ་ཟད། མཐོ་སྒང་གི་རི་ལུང་ཐང་གསུམ་དང་གངས་རིའི་ཕྱི་ནང་ཐམས་ཅད་ལས་གཞན་གནའ་དེང་གི་སྲོལ་རྒྱུན་མཁའ་དབུགས་གང་གི་སྐབས་སུ་ཡང་འབྲོག་ཁྱིའི་ལས་དབང་དང་ཐུན་མོང་མིན་པའི་འཐབ་འཛིང་གི་གཤིས་སྤྱོད་སྣ་ཚོགས་ནི་འཇིག་པ་མེད་པའི་བསམ་པའི་རྡོ་རིང་དང་རྙིད་དུ་མེད་པའི་དཔའ་བོའི་མེ་ཏོག་ལྟར། མི་རྣམས་ཀྱི་རང་བྱུང་གི་འཚོ་བ་དང་ཞུམ་མེད་ཀྱི་དཀའ་སྡུག་རྔུལ་ཆུའི་ཁྲོད་ནས་བྱས་རྗེས་བླ་ལྷག་ཐོན་ཞིང་གདུང་འདེགས་ཀ་བ་ལྟ་བུའི་ནུས་པ་འདོན་མཁན་གྱི་འཇིག་རྟེན་སྲིད་པའི་བཟོ་བཀོད་པ་དང་བདེ་སྐྱིད་གླུ་སྒྲ་བསུ་བའི་ཕ་ཡུལ་གྱི་ཕོ་ཉ་དངོས་མ་དེ་ཡིན།

གསུམ།

ང་རང་ལོ་ན་སུམ་ཅུར་རེག་པ་ཙམ་གྱི་དུས་སྐབས་དེར། ངེད་ཚང་གི་འབྲོག་ཁྱི་སེང་ཕྲུག་དང་དོམ་མེ་གཉིས་ལ་མཚོན་ནའང་མི་ཞིག་ཡིན་པའི་དབང་དུ་བཏང་ན་བློ་ཕ་ལ་མི་འདྲི་ཞིང་བྲོ་མ་ལ་མི་སློང་བའི་ལོ་ཚད་དུ་སླེབས་ཡོད་པས། ཉིན་མཚན་དུས་གསུམ་གང་གི་མཚམས་སུའང་རང་ཉིད་ཀྱི་ཕྲག་སྟེང་གི་བྱ་བའི་འགན་འཁྲི་ཁུར་དུ་བླངས་ཏེ། བཟའ་མི་ཀུན་པོའི་ཁྲོད་ཀྱི་ནང་མི་ཞིག་ལྟར་ཁྱིམ་ཚང་ལ་སྲུང་སྐྱོབ་དང་ཐག་རིང་ཐུང་གི་ཡིད་རྟོན་མི་རུང་བའི་མགྲོན་པོ་རྒྱ་བོད་སོག་གསུམ་ལ་རེ་རེ་བཞིན་སོ་ལྟ་དང་རྨུགས་པས་འཆའ་ཞིང་ཞི་དྲག་ཐབས་ཀྱིས་སྐྱེལ་བསུ་བྱས་ཏེ་དཀའ་ཁག་གི་ལོ་ཟླ་གང་མང་ཞིག་གདོང་གིས་བསུས་ལ། ཁྱིམ་ཚང་འདིར་བརྩེ་བ་ཆགས་ཤིང་བདག་པོ་ངའི་མཛའ་བའི་གྲོགས་དང་དགའ་བའི་བཤེས་སུ་གྱུར་པ་ནས། སྒོ་ཁྱི་འདི་གཉིས་ངེད་བཟའ་མི་གང་པོ་སོ་སོར་གང་དུ་འགྲོ་ནའང་རྗེས་དེད་ནས་ཐང་སྐྱ་མོ་ཤོག་བུ་ལྟེབས་ལྟེབས་དང་ལམ་རིང་ཐུང་སྐུད་པ་སྨེལ་སྨེལ་གྱིས་ཕ་ཡུལ་གྱི་རི་ལུང་ཐང་གསུམ་ལ་མཛད་འཕྲིན་གྱི་ཞབས་སེན་གསལ་པོར་བཀོད་ཡོད། ཡང་ན་བདག་པོ་ས་ཕྱོགས་གང་དུ་སོང་ནས་ཕྱིར་ཐོན་ནའང་འབྲོག་ཁྱི་ཡིས་བུ་ཕྲུག་གིས་ཕ་མ་མཐོང་བ་ལྟར་དགའ་བའི་ཉམས་འགྱུར་སྣ་ཚོགས་སྟོན་ཅིང་། ཡུལ་མི་དང་ཡུན་རིང་བྲལ་བའི་གདུང་སེམས་ཀྱི་མཆི་མ་འདོན་པའི་ཡིད་སེམས་སྐྱོམས་པའི་ངང་ཚུལ་སྟོན་པ་འདི་ནི་དངོས་གནས་ཅི་འདྲའི་སྙིང་རྗེ་བོ་ཞིག་འདུག་ཨང་།

ཉིན་ཞིག་གི་མཚན་མོར། ངེད་ཚང་གི་སྒོ་ཁྱི་སེང་ཕྲུག་དེ་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་སོང་བས། ང་ཚོས་ཁྱིམ་མཚེས་གཡས་གཡོན་དང་སྡེ་བའི་གྲུ་ག་གང་སར་བཙལ་ཡང་མ་རྙེད་ལ། སུས་ཀྱང་སྒོ་ཁྱི་གར་མཐོང་གི་སྐད་ཆ་ཕྲ་མོ་ཙམ་ཡང་མ་ཐོས་པས། ང་ཚོས་ཉེ་ཆར་བོད་ཀྱི་ས་ཆ་མང་པོ་ཞིག་ཏུ་སྒོ་ཁྱིའི་རིན་གོང་གནམ་ལ་འཕར་ཏེ་ཉོ་ཚོང་བྱེད་བཞིན་པའི་ཚུལ་ལ་གཞིགས་ནས་ངེད་ཀྱི་འབྲོག་ཁྱི་དེ་ཡང་ལམ་འགྲོ་བ་རྔམ་སེམས་ཅན་ཞིག་གིས་ཐབས་ཀྱིས་བཀུག་སྟེ་ཁྱེར་སོང་བ་ཤེས་པས། བཟའ་མི་གང་པོ་སེམས་ཁྲལ་དང་འུ་ཐུག་གི་ཀློང་དུ་ཚུད་དེ་བསྡད། ཉིན་ཞིག་གི་ཕྱི་དྲོར་ངེད་ཚང་གི་འབྲོག་ཁྱི་སེང་ཕྲུག་དེ་གཞུ་རྒྱུད་ལས་ཤོར་བའི་མདའ་མོ་བཞིན་སྦྲ་འདབས་ཀྱི་ཧྲག་བར་དུ་སླེབས་འདུག་པས་ང་ཚོ་ཚང་མ་ཧ་ལས་ཤིང་ཧང་སངས་སོང་། རྒྱུ་མཚན་ནི་རྗེས་སུ་ཤེས་པ་ལྟར་ན། ངེད་ཚང་གི་འབྲོག་ཁྱི་དེ་རྒྱུ་མ་མཁན་ཞིག་གིས་བརྐུས་ནས་ཟི་ལིང་དུ་ཁྱེར་ཏེ་སྨད་ཀྱི་ནང་ལོགས་ཤིག་ཏུ་འཚོང་རྩིས་བྱེད་པའི་སྐབས་དེར། སྟེས་དབང་ཞིག་གིས་སྐེ་ཐག་ལས་གྲོལ་ཏེ་བྲོས་སྟབས་ཀྱིས་ཕ་ཡུལ་གྱི་ཕྱོགས་འདིར་རྨ་ཆུ་ལུ་མ་བརྒལ་ནས་ལམ་རིང་པོ་ཉིན་སྣེར་མཚན་མཐུད་དེ་བགྲོད་ནས་ཕྱིར་སླེབས་པ་ཡིན་ཞིང་། ཡུན་རིང་ལ་ཕ་ཡུལ་དང་ཁ་བྲལ་བར་མ་ཟད་གྲོང་ཁྱེར་གྱི་འུར་ཟིང་དང་ཚ་བ་སོགས་ལས་སྡུག་བསྔལ་མང་པོ་མྱངས་པས། ད་ལྟ་ནི་འབྲོག་ཁྱིས་ཡུལ་མི་ཚོ་རིག་ན་འདང་བརྩེ་སྔར་ལས་ཆེ་བར་སོང་ཡོད་ལ། ཁ་བའི་འདབ་མ་དང་ཆར་ཟིམ་མེ་ཏོག་སོགས་མཐོང་ཚེ་དགའ་སྐྱིད་ཀྱིས་ས་རྩེད་གནམ་རྩེད་བྱེད་པའི་ཡུལ་དུངས་དེ་སྔར་ལས་ཆེ་རུ་ཕྱིན་ཡོད།

རེད་དེ། འདི་ལས་ང་ཚོས་འབྲོག་ཁྱི་ནི་ཁྲེལ་གཞུང་དང་ཕྱི་ཐག་རིང་བའི་ཁྱིམ་རྒྱུད་ཀྱི་ནོར་བུ་ཞིག་ཡིན་པ་གཞི་ནས་ངེས་ཤེས་འདྲོངས་ཐུབ་ལ། དེ་ལས་ཀྱང་ཁོ་ཚོ་ནི་རང་གི་བདག་པོར་རྨུགས་ཤིང་རང་མིའི་གདོང་ལ་གཅིན་པ་གཏོང་བའི་གོམས་སྲོལ་ཡེ་ནས་མེད་ས་ཞིག་ཡིན་པ་རྨང་ནས་རྟོགས་པར་མ་ཟད། དེ་ནི་རི་ལུང་ཐང་གསུམ་ཉུལ་ཏེ་གཞན་སྲོག་ཅི་འདོད་ལེན་པའི་སྤྱང་ཁྱི་དང་མི་འདྲ་ལ། གྲོང་དང་གྲོང་ཁྱེར་ན་གཅེས་ལང་དུ་བཏང་བའི་ཧྭ་པ་མདོ་མེད་དག་ལྟར་རང་གཤིས་དོར་ཏེ་རང་གི་ཁེ་གྲགས་གཉེར་ཕྱིར་ངོ་དགའ་སྤྲེལ་ལད་ཀྱི་ཚུལ་འཆོས་གསོག་གསོབ་སོགས་ཀྱི་བྱ་སྤྱོད་རིང་དུ་དོར་ཏེ། གངས་རིའི་ལྗོངས་ཀྱི་ཕ་ནོར་སྲུང་ཕྱིར་སྲོག་བསྡོས་ཀྱིས་མེལ་ཚེ་བྱེད་པའི་དུས་རབས་ཀྱི་དཔའ་བོ་འགྲན་ཟླ་མེད་པའི་སེམས་ཅན་ཞིག་ཡིན་པ་ཀུན་ལ་གྲགས་ཡོད་དོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།