ཀྲུང་གོ་བོད་ཀྱི་དྲ་བ།

ཁ་མི་གྲག་པའི་སློབ་མ་ཆུང་ཆུང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : མདོ་ལེགས་པའི་ཤེས་རབ།   སྤེལ་དུས། : 2021-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་རང་དབུལ་ཕྱུག་གང་ཡང་མིན་པའི་འབྲོག་པའི་ཁྱིམ་ཚང་འདིར་སྐྱེ་བ་བླངས་པ་ནི་ཤིན་ཏུ་དགའ་འོས་པ་ཞིག་ཡིན་མོད། འོན་ཀྱང་ཨ་མས་ཁྱོ་ག་གཞན་ཞིག་བཙལ་ནས་གར་སོང་ཆ་མེད་དུ་གྱུར་པས་ང་ལ་ཚད་མེད་པའི་སྐྱོ་ངལ་ལྡན། གང་ལྟར། ཁྱིམ་ཚང་འདིར་ཤུལ་དུ་ལུས་པ་ནི་ཨ་ཕ་དང་ཨ་ཅེ་ངེད་གསུམ་མོ། །

འབྲོག་པའི་ཁྱིམ་ཚང་འདི་ལ་ཁྱིམ་མི་གསུམ་ལས་མེད་ཀྱང་། ངེད་ཕ་བུ་གསུམ་གྱི་བརྩེ་བ་ནི་བཀྲོལ་ཐབས་མེད་པའི་རྡོ་རྗེའི་མདུད་པ་དང་མཚུངས་ལ། ཡལ་ཐབས་མེད་པའི་རྡོ་བརྐོས་ཀྱི་རི་མོ་དང་གཉིས་སུ་མ་མཆིས། མ་གཞི། ལྟ་བ་ལྷ་དང་མཚུངས་ཀྱང་སྤྱོད་པ་མི་དང་བསྟུན་དགོས་པ་ཞིག་ཡིན་སྟབས། ཡོན་ཏན་མེད་པའི་དཀའ་ངལ་ནི་ངེད་ཕ་བུ་གསུམ་པོའི་རྒྱབ་ཀྱི་རྡོག་ཁྲེས་དང་། མདུན་གྱི་བཀག་རྡོ་ཞིག་ཏུ་འཁུམས་ཀྱང་། དེ་ནི་ངེས་པར་དུ་ཁུར་ཐབས་དང་གཡོལ་ཐབས་འཚོལ་དགོས་པ་ཞིག་རེད་ཨང་། གལ་ཏེ་ངའི་ཁྱིམ་ཚང་འདི་ཤེས་རིག་གི་རྨང་རྡོས་བསྐྱང་དགོས་ཚེ། ང་རང་ཅིས་ཀྱང་སློབ་གྲྭར་འགྲིམས་ཏེ་སློབ་གཉེར་བྱ་དགོས་པ་ཡིན་མོད། འོན་ཀྱང“སློབ་གྲྭར་འགྲོ”ཟེར་བ་དེ་ངས་དར་ལུང་རྣ་བས་ཐོས་ཐེངས་རེར་ཉིན་མོའི་ཁ་ཟས་ལ་བྲོ་བ་མེད་པ་དང་། མཚན་མོའི་རྨི་ལམ་ལ་སྐྱིད་ཐབས་རང་མི་འདུག་ཨང་།

ཏག་ཏག་ལོ་འགའི་སྔོན་གྱི་དེ་རིང་གི་དུས་སུ། ཉི་འོད་རབ་ཏུ་འཚེར་ལ། ནམ་མཁའ་སྔོ་ཞིང་བསངས། ས་གཞི་ཡོངས་སུ་དྲོད་འཇམ་གྱིས་ཁེངས་ཏེ་སྨིག་རྒྱུ་ཆུ་བོ་བཞིན་དུ་འོད་ཆེམ་ཆེམ་གྱིས་འགུལ་བར་བྱེད། དེ་ཉིན་ཨ་ཕས་ང་ལ་སྟོད་ཐུང་སྙིང་རྗེ་བོ་ཞིག་འཚེམ་བཟོ་བྱེད་བཞིན་སྒོ་རའི་ནང་དུ་བསྡད་ཡོད་པ་དང་།ངས་ཨ་ཕ་ལ་ཇ་ཕོར་པ་གང་བླུགས་རྗེས། འདྲེན་བྱེད་མིག་གིས་ཡིད་དུ་འོང་བའི་སྟོད་གོས་དེར་ཅེར་ནས་སེམས་པའི་ཁང་དཀྱིལ་དུ་མཛེས་ཤིང་སྡུག་པའི་བུ་ཕྲུག་ཅིག་རྟོག་བཟོ་བྱས། སྐབས་དེར་ཨ་ཅེ་དངངས་སྐྲག་གིས་ཁེངས་བཞིན་ནང་དུ་བརྒྱུགས་ཡོང་སྟེ། “ཨ་ཕ། ཉེན་རྟོག་པ་སླེབས་འདུག”ཅེས་བཤད་མ་ཐག་ཕྱི་རོལ་ནས་རླངས་འཁོར་གྱི་དུང་སྒྲ་གྲག་བྱུང་། དེ་ནས་ཨ་ཕ་འཚུབ་ཆ་ལངས་ཏེ་ང་ལ“ལྷུན་འགྲུབ། མྱུར་དུ་ཡིབས་ཤིག གཅིག་བྱས་ན་སློབ་མ་སྡུད་མཁན་ཡིན་ཡང་སྲིད”ཟེར་ནས་ཕྱི་རུ་བུད་སོང་བ་དང་། ང་རང་མྱུར་དུ་ཅ་དངོས་རྙིང་པ་བསྡུ་སའི་ཁང་མིག་ཏུ་འཛུལ་བར་ཕྱིན།

“དཀའ་ཨེ་ཐལ། ཁྱེད་རྣམ་གཉིས་ནང་དུ་སོང་ནས་ཟ་མ་ཞིག་ཟ་རོགས།”

“ཟ་མ་མི་བཟའ། ངེད་གཉིས་འདིར་ཡོང་དོན་ནི། ལོ་ཚོད་ཆུང་བའི་བུ་ཕྲུག་རྣམས་སློབ་གྲྭར་སྡུད་དུ་ཡོང་བ་ཡིན། ཁྱེད་ཚང་ལ་ལྷུན་འགྲུབ་ཟེར་བའི་བུ་ཕྲུག་ལོ་བཅུ་བཞི་ཅན་ཞིག་ཡོད་པ་མིན་ནམ།”

“ཨ……ང་ལ་བུ་མོ་འདི་ལས་བུ་རྒྱུད་གཞན་མེད་ཡ།”

“རྫུན་མ་བཤད། ང་ཚོས་ཁྱིམ་ཐོའི་ནང་ནས་གསལ་གསལ་དུ་མཐོང་བྱུང་། མྱུར་དུ་འགྲོ་བའི་གྲ་སྒྲིག་གྱིས་ཤིག”ཅེས་བཤད་རྗེས་ཁོ་ཚོའི་སྐད་ཆའི་མཚམས་ཡོངས་སུ་ཆད།

སྐབས་དེར། ངས་ཁང་པའི་རྩིག་རྡོའི་བར་གསེང་ནས་ཁོ་ཚོར་བལྟས་ནས་བསྡད་པས། ཉེན་རྟོག་པའི་རླངས་འཁོར་སྐོར་མཁན་གྱི་ལས་བྱེད་པ་དེས་ཨ་ཕ་ལ་ཅི་བཤད་མེད་པར་བྱས། དེ་ནས་ཨ་ཕ་སྐྱོ་བའི་ཉམས་ཀྱིས་ནང་དུ་ཡོང་ནས་ལག་པས་ངའི་མགོ་ལ་བྱིལ་བྱིལ་བྱེད་ཞོར“ལྷུན་འགྲུབ། ལས་བྱེད་པ་འདི་ཚོ་སློབ་མ་སྡུད་མཁན་རེད་འདུག ངས་ཐབས་ཅི་ཞིག་བྱས་ཀྱང་མ་འགྲིག་པས། ཁྱོད་རང་ཅིས་ཀྱང་སློབ་གྲྭར་འགྲིམ་དགོས་རྒྱུ་རེད”ཟེར།

“ང……”ངས་ཅི་ཞིག་བཤད་དགོས་པ་མ་ཤེས།

སྐབས་དེར། ཨ་ཅེའི་མིག་ཟུང་མཆི་མས་བརླན་ནས་ང་ལ་མིག་ཧྲིག་ཧྲིག་ཏུ་ལྟ་བཞིན་འདུག

ཡང་ཨ་ཕས་ང་ལ“འདི་ཚོས་སློབ་མ་སྡུད་སྟངས་འདི་གློ་བུར་བ་ཞིག་དང་ཁྱད་མཚར་བ་ཞིག་རེད་ཀྱང་སྐྱོན་མི་འདུག་སྟེ། ཁྱོད་ཀྱི་ལོ་ཚོད་ལ་བསམས་ན། བྱ་ཕྲུག་ཡིན་ན་འཕུར་རྩལ་སྦྱོང་བའི་དུས་དང་། སྟག་ཕྲུག་ཡིན་ན་རྒྱུག་རྩལ་སྦྱོང་བའི་དུས་ལ་སླེབས་ཟིན་པས། ད་ནི་དུས་ཀྱི་འགྲོས་དང་མི་ཡི་གཤིས་དང་བསྟུན་ཐབས་ཀྱིས་ཤེས་ཡོན་པ་ཞིག་བྱ་དགོས། ཨ་ཕའི་གཅེས་ཕྲུག་ཡིན། ད་འགྲོ་བར་གྲ་སྒྲིག་གྱིས་ཤིག ཁྱིམ་གྱི་གཞིས་ནི་ཨ་ཅེ་དང་ངེད་གཉིས་ཡོད་པས་འཐུས”ཟེར།

ངོ་མ་བཤད་ན། ང་ནི་འབྲོག་ཕྲུག་དཀྱུས་མ་ཞིག་སྟེ། སྒོ་ཕྱུགས་ཀྱི་འཚོ་རོགས་ཤིག་ལས་ཅི་ཡང་མིན་པས། སློབ་འབྲིང་དུ་ཞུགས་པ་ལ་ཆ་རྐྱེན་ཅི་ཞིག་དགོས་པ་མི་ཤེས་ལ། སློབ་མ་ཞིག་གི་འགྲོ་ལུགས་འདུག་སྟངས་ཀྱི་ཐད་ལའང་ཉམས་མྱོང་སེན་རྩེ་ཙམ་ཡང་མ་མཆིས་མོད། གང་ལྟར་གློ་བུར་གློ་བུར་གྱི་དོན་རྐྱེན་དེས་ང་རང་རྫོང་གི་སློབ་འབྲིང་དུ་ཁྲིད།

ཉིན་ཁ་ཤས་ཤིག་འདས་རྗེས། ངས་ང་ཚོའི་སློབ་གྲྭའི་མིང་ལ“སློབ་འབྲིང་གཉིས་པ”ཞེས་འབོད་པ་ཤེས་རྟོགས་བྱུང་ཞིང་། སློབ་གྲྭའི་འཚོ་བ་ལ་ཉམས་མྱོང་མེད་མཁན་ནི་ང་གཅིག་པུ་མ་ཡིན་པར། ང་དང་འདྲ་བའི་ཡིག་རྨོངས་པ་བརྒྱ་གྲངས་ཀྱི་ཁ་ལས་འདས་པ་ཞིག་བསྡུས་ཡོད་པའང་མཐོང་བྱུང་།

སྒྲིག་གཞི་བཀོད་སྒྲིག་ལ་བྲེལ་བའི་བར་གསེང་ནས་ཉིན་མང་པོ་ཞིག་ལ་ཚད་ལྡན་གྱི་སློབ་ཁྲིད་ཐུན་གཅིག་ཀྱང་ཉན་རྒྱུ་མ་རག་མོད། འོན་ཀྱང་ངས་ནམ་ཡང་ཨ་ཕའི་རེ་བ་སྟོང་ཟད་དུ་གཏོང་མ་འདོད་པར་ཤེས་ཡོན་པའི་ཕུགས་འདུན་རིང་མོར་དམིགས་ཤིང་། འདུག་སྟེགས་ཀྱི་སྟེང་དུ་ཙོག་པུར་བསྡད་དེ་རེ་བའི་མིག་ཟུང་གིས་བསྟུད་མར་ནག་པང་ལ་ལྟ་བཞིན་སློབ་ཁྲིད་མགོ་རྩོམ་པར་རེ་སྒུག་བྱས།

ཉིན་ཞིག་ལ། དགེ་རྒན་ཞིག་གིས་ང་ཚོར་རྒྱ་ཡིག་ཏུ་བྲིས་པའི་ལོ་རྒྱུས་ཀྱི་དཔེ་དེབ་རེ་དང་། འབྲི་དེབ་རེ་སྤྲད་རྗེས“དཔེ་དེབ་ལ་ལྟོས་ཤིག”ཅེས་བཤད་དེ་གར་སོང་ཆ་མེད་ཀྱིས་བུད་སོང་བ་དང་། ཅུང་ཙམ་འགོར་རྗེས་ཡང་བྲེལ་འཚུབ་ངང་ཕྱིར་ཡོང་སྟེ། “ཚང་མས་དཔེ་དེབ་ཁ་ཕྱེས་ཏེ་ལྟོས། ཁོ་ཚོ་འདིར་བསླེབ་རན་འདུག”ཅེས་ཟེར། ང་ཚོས་སུ་ཞིག་ཡོང་རྒྱུ་ཡིན་པ་མ་ཤེས་ཀྱང་། དགེ་རྒན་གྱི་གཟབ་ཅིང་ནན་པའི་རྣམ་འགྱུར་ལས་མི་དཀྱུས་མ་ཞིག་མ་ཡིན་པ་ཤེས་རྟོགས་བྱུང་བས། ཀློག་མི་ཤེས་པའི་དཔེ་དེབ་ལ་ལྟ་ཁུལ་བྱས་ཏེ་བསྡད། ཡང་ཅུང་ཙམ་འགོར་རྗེས་དགེ་རྒན་དེ་སེམས་ཀྱི་དངངས་སྐྲག་ཞི་བའི་ཟོལ་གྱིས་ཡོང་སྟེ། “ད་ཁོ་ཚོ་བུད་སོང་། ང་ཚོའི་འཛིན་གྲྭར་ལྟ་རུ་ཡོང་རྒྱུ་མ་རེད། ཁྱོད་ཚོས་མི་བྱེད་དགུ་བྱེད་མ་བཟོ་ཨ། ང་ཅུང་ཙམ་གྱི་རྗེས་སུ་ཕྱིར་ཡོང་ངེས་ཡིན”ཞེས་ཟེར་ནས་འགྲོ་རྩིས་བྱེད་སྐབས། ང་ཚོས་ཁྱད་མཚར་བའི་དགེ་རྒན་གྱི་རྣམ་པ་མཐོང་ནས“ཧ་ཧ་ཧ……”ཞེས་ཧབ་ཆ་བརྒྱབ་པས། ངོ་མི་ཤེས་པའི་དགེ་རྒན་དེ་ངོ་གདོང་དམར་པོར་གྱུར་ནས་ཅི་བྱེད་མེད་པར་ཕྱི་རུ་བུད་སོང་།

དུས་ཚོད་ནི་སྐད་ཅིག་ལའང་སྡོད་ཐབས་མེད་པར་འགྲོ་བཞིན་འདུག་ལ། སློབ་ཁང་གི་གྱང་ངོས་སུ་སྦྱར་བའི་སྒྲ་སྒམ་དེས་སློབ་ཚན་ཡར་འཚོགས་པ་དང་མར་གྲོལ་བའི་བརྡ་ལ་དོན་མི་གོ་བའི་རྒྱ་སྐད་དེ་གྲག་ཐེངས་གཅིག་གཉིས་ཙམ་ག་ལ་ཡིན་ཏེ། ཐ་ན་ངས་ཀྱང་དོན་མི་ཤེས་པའི་རྒྱ་སྐད་དེ་འཁྲུལ་མེད་དུ་བསྐྱར་ཟློས་བྱེད་ནུས་པར་གྱུར། ང་ཚོའི་འཛིན་གྲྭ་ནི་ལོ་རིམ་བརྒྱད་པ་ཡིན་ཞིང་། ང་ཚོ་ལྟ་བུའི་ཡིག་རྨོངས་པ་ཤ་སྟག་ཚད་མཐོའི་ལོ་རིམ་དེར་ཞུགས་ཐུབ་པ་ཡང་ཧང་སངས་དགོས་པ་ཞིག་རེད། མ་གཞི་སློབ་གྲྭ་དེ་ནི་ཁྱད་མཚར་བ་ཞིག་སྟེ། རང་མི་རིགས་ཀྱི་སྐད་ཡིག་ཀྱང་ལེགས་པར་མི་ཤེས་པའི་ཡིག་རྨོངས་པ་འབའ་ཞིག་བཙན་གྱིས་བསྡུས་ཏེ་ཚད་མཐོའི་འཛིན་གྲྭར་བཞག་པ་དང་། ཉིན་དེ་འདྲ་མང་པོ་ཞིག་འགོར་ཡང་ང་ཚོར་ཚད་ལྡན་གྱི་སློབ་ཁྲིད་ཐེངས་གཅིག་ཀྱང་མི་འདུག ད་དུང་སྐར་མ་གཅིག་ལའང་སྡོད་མི་ཚུགས་པའི་དགེ་རྒན་གྱི་བྱ་སྤྱོད་སོགས་ཀྱིས་ང་རང་རྩེ་གཉིས་ཀྱི་དོགས་པས་ཡོངས་སུ་བཅིངས། “ཁྱད་མཚར་བ་ལ། གཅིག་བྱས་ན་འདི་ནི་ལས་དང་པོ་པར་སློབ་གསོ་སྤྲོད་སྟངས་ཤིག མ་རེད་མ་རེད། འདི་དག་ནི་ལྐོག་ནས་ང་ཚོའི་ཀུན་སྤྱོད་ལ་རྒྱུས་ལོན་བྱེད་སྟངས་ཤིག”

ཉིན་མང་པོ་ཞིག་བག་མེད་དང་རྣམ་གཡེང་གི་ངང་ནས་ཡལ་སོང་བ་ན། དང་ཐོག་སློབ་མ་ཆིག་སྟོང་ལྷག་ཡོད་པ་དག་ལས་མཐར་ལྔ་བརྒྱ་ཙམ་ལས་མེད་པར་གྱུར་སོང་། འོན་ཀྱང་དགེ་རྒན་རྣམས་ཀྱིས་དེར་དོ་སྣང་ཆེན་པོ་བྱེད་ཀྱིན་མི་འདུག དེ་ལྟར་ན་ངས་ཅི་འདྲ་ཡིན་པ་མ་ཤེས་ཏེ། དུས་ཡུན་ཐུང་ཐུང་ཞིག་ལ་ཁོ་ཚོས་སློབ་མ་སྟོང་ཚོ་ལས་བརྒལ་བ་ཞིག་སྡུད་པའི་ངལ་བ་ལྷོད་མེད་བྱས་མཐར། སློབ་མ་རྣམས་སློབ་གྲྭར་གནས་པའི་སྔ་གཞུག་ཏུ་ང་ཚོའི་དུས་ཚོད་དང་། བསླབ་བྱ། སློབ་གསོ་དང་རིག་གནས་དག་ལ་དོ་སྣང་ཡེ་ནས་མ་བྱས་པར་སྣང་མེད་དུ་གཡུགས་སོང་ཨང་།

གནས་བབ་དེ་འདྲར་སླེབས་ཀྱང་། ང་རང་མུ་མཐུད་དུ་སློབ་གྲྭར་སྡོད་པའི་ཆོད་སེམས་བརྟན་དོན་ནི། ཨ་ཕས་ང་ལ་བསམ་པའི་གཏིང་གི་རེ་བ་གསོན་པོ་ཞིག་བཅངས་ཏེ་ཤེས་ཡོན་པའི་གོ་གནས་བཙལ་དུ་མངགས་པས་ཡིན། འོན་ཀྱང་དུས་ཡུན་རིང་པོ་དེ་འདྲ་འགོར་ཡང་། སློབ་ཁྲིད་མེད་པའི་སློབ་ཁང་ནས་ང་ལ་ཡོན་ཏན་སྤུ་ཙམ་ཡང་མ་ལོབས་ཤིིང་། སྨྱུ་གུ་ལག་ཏུ་ཐོགས་ཏེ“ཨ”ཡིག་གཅིག་ཀྱང་འབྲི་བའི་ཐབས་མ་ལགས་སོ། །

ཉིན་ཞིག་ལ། ང་རང་གསང་སྤྱོད་ཁང་དུ་འཛུལ་ཡོད་སྐབས། གློ་བུར་དུ་སློབ་མ་ཁག་ཅིག་འཚབ་འཚུབ་ཀྱིས་ནང་དུ་ཡོང་ནས་ཕན་ཚུན་ལ་མཆུ་བརྡ་དང་མིག་བརྡ་བསྟན་རེས་ཀྱིས་ངའི་མཐའ་ཡོངས་སུ་བསྐོར་ཏེ་གྱང་གི་ཁུག་སོར་བརྫངས་རྗེས། གཟུགས་སྟོབས་ཆེ་བའི་སློབ་མ་ཞིག་གིས་ང་ལ་མིག་བགྲད་དེ“ཨ་ཉོག་ཁྱོད་ལ་དཔའ་ཨེ་ཡོད། ཁྱོད་ཀྱིས་རྒྱུན་པར་ཁ་མི་གྲག་པའི་ངང་ཚུལ་ལ་བལྟས་ན་ལྐུགས་པ་ཞིག་ཡིན་རྒྱུ་རེད། ཧ་ཧ་ཧ། ངས་ཁྱོད་ལ་སྐད་ཆ་འདྲི་བཞིན་པ་མ་ཐོས་སམ། ཨ་རོག……”ཅེས་ཟེར།

སྐབས་དེར་ངའི་སེམས་ཀྱི་དཔའ་སྤོབས་ཡོངས་སུ་ཞུམ་དེ་ལུས་ཀྱི་ཤ་གནད་ཡོངས་ལ་སྐྲག་འདར་རྒྱས་ཤིང་། ངུ་མ་དགོད་ཀྱི་འཛུམ་ཞིག་སྟོན་བཞིན“ཨ……”ཞེས་སྒྲ་ཤུགས་དམའ་བའི་ངག་འཇམ་གྱིས་ལན་ཞིག་མི་སྤྲོད་ཀ་མེད་བྱུང་བའི་མོད་ལ། མགོ་བོ་དུད་དེ་འཛུབ་མོ་ཁ་རུ་བཟུང་ནས་གཉོམ་ཆུང་བྱས་ནས་བསྡད། དེ་ནས་ཁོ་ན་རེ། “ལྐུགས་པ། ཁྱོད་ཀྱིས་ཉན་ཡག་བྱོས། སློབ་གྲྭའི་རྒྱ་སྒོ་ནས་འཛུལ་རྗེས་ཚང་མ་ང་ཚོའི་ལག་འོག་གི་བྲན་གཡོག་ཡིན། ཁྱོད་ཀྱིས་ཁས་ལེན་ནམ། ཨ……”ཞེས་གློ་སྙིང་འབིགས་པའི་ཚིག་རྩུབ་ཅིག་སྨྲས་བྱུང་ཞིང་། ངས་ལན་མ་སྤྲད་པའི་སྔོན་དུ་བསམ་གཟས་ནས་ངའི་ལག་པ་གཉིས་རྒྱབ་ཕྱོགས་སུ་ངུ་སྐད་ཤོར་རག་བར་དུ་བཀུག

སྐབས་དེའི་གནས་ཚུལ་བརྗོད་ཀྱང་ཉམ་ང་བ་ཞིག་རེད་དེ། ངས་མིག་ཆུ་ས་ལ་གཏོར་བཞིན་ཁོའི་བྲན་གཡོག་བྱེད་ཆོག་པ་ཁས་བླངས་པར་མ་ཟད། པུས་མོ་ས་ལ་བཙུགས་ཏེ་གུས་ཕྱག་བྱེད་ཆོག་པའི་རེ་ཞུ་ཡང་བྱས་མོད། འོན་ཀྱང་ཁོ་ལ་སྙིང་རྗེ་ཟེར་བ་ཡེ་ནས་མི་འདུག་སྟེ། ངའི་ཉམ་ཐག་པའི་སྡར་རྟགས་མཐོང་བ་ན། ཁོའི་གནོད་སེམས་ལ་མེ་ལྕེ་མཆེད་པ་དང་འདྲ་བར་ང་ལ་ཐུབ་ཚོད་དང་གཅར་རྡུང་ཇེ་བྱེད་དུ་གྱུར།

མཐར་ཁོའི་སློབ་གྲོགས་ཤིག་གིས་ཤ་ཚ་སྟེ་མནར་གཅོད་མཚམས་གཅོད་ཆེད། ང་ལ“སྤྲང་ཕྲུག་ད་སོང”ཟེར་ནས་རྡོག་ཐོ་ཞིག་གཞུ་ཁུལ་བྱས་པས། ང་རང་རྙི་ལས་ཐར་བའི་རི་དྭགས་བཞིན་ཕྱི་རུ་བྲོས།

དཀར་པོ་སྙིང་རྗེ་དང་བྲལ་ཞིང་ནག་པོ་གདུག་རྩུབ་ཀྱིས་གོས་པའི་སློབ་མ་དེའི་མིང་ལ“དམར་རྒོད”ཟེར་ཞིང་། ཁོ་ལ་སློབ་སྦྱོང་བྱེད་པའི་དམིགས་འདུན་ཡོད་པ་ལྟ་ཞོག གཉོམ་ཆུང་བྱིས་པར་མཐོང་ཆུང་དང་ཐུབ་ཚོད་ཤ་སྟག་བྱེད་མཁན་གྱི་མི་ཁྲེལ་མེད་ཅིག་དང་སྡིག་ཏོ་ཅན་ཞིག་རེད།

དེའི་ཕྱི་ཉིན། ངས་དམར་རྒོད་ཀྱིས་ང་ལ་གཅར་རྡུང་བྱས་པའི་གནས་ཚུལ་དག་དགེ་རྒན་ལ་ཇི་བཞིན་དུ་ཞུ་གཏུག་བྱེད་སྐབས། དགེ་རྒན་དེས་ཅི་མི་སྙམ་པའི་ཚུལ་གྱིས་འདི་ལྟར“ཡ་ཡ། ངས་གཅིག་བལྟ་དང་། སྐྱོན་མི་འདུག སྐྱོན་མི་འདུག ཁྱོད་ལ་རྨས་སྐྱོན་གང་ཡང་ཐེབས་མི་འདུག”ཅེས་ཟེར་ནས་སྣང་མེད་དུ་བསྐྱུར་སོང་།

ཡང་འཁྱག་རླུང་ཧ་ཅང་ཆེ་བའི་ཞོགས་པ་ཞིག་ལ། ངས་གྲང་ངར་གྱིས་མནར་བཞིན་པའི་རང་གི་ལུས་ཕུང་ལ་ཁ་ཡ་མ་བྱས་པར། སྐྲག་མདངས་དོད་པའི་མིག་ཟུང་གིས་གཡས་གཡོན་དུ་ལྟ་ཞོར་དམར་རྒོད་དང་མ་འཕྲད་ན་ཅི་མ་རུང་སྙམ་སྟེ་སློབ་ཁང་ནང་དུ་བརྒྱུགས། ཉིན་གུང་སློབ་ཚན་གྲོལ་རྗེས་སློབ་གྲོགས་ཤིག་ངའི་གམ་དུ་ཡོང་སྟེ། “གྲོགས་པོ། ཁྱོད་ཀྱིས་རྒྱ་ཡིག་འདིའི་དོན་ཤེས་སམ། ཤེས་ན་ང་ལ་གཅིག་བཤད་རོགས”ཞེས་ནན་ཏན་གྱིས་དྲིས་བྱུང་སྐབས། ངས་ལྐོག་ལྐོག་སུད་སུད་ངང་ཕྱིར་མིག་ཅིག་བལྟས་པས་དམར་རྒོད་དང་ཁོའི་དཔུང་རོགས་རྣམས་ངའི་ཕྱོགས་སུ་ཡོང་བཞིན་འདུག་སྟབས། དེ་འཕྲལ་ང་ལ་དངངས་སྐྲག་ལྷག་པར་རྒྱས་ཏེ“དེ······དེ་ངས་མི་ཤེས། ང་རང་སློབ་མ་གསར་པ་ཞིག་ཡིན། ཨོ······ངས་ད་དུང་བྱ་བ་ཞིག་འགྲུབ་མེད”ཅེས་བཤད་ནས་གོམ་པ་ཇེ་མགྱོགས་སུ་བཏང་སྟེ་ཉལ་ཁང་གི་ཕྱོགས་སུ་བྲོས།

ཉིན་བཅོ་ལྔ་ཙམ་གྱི་རྗེས་སུ། ང་ཁོ་ན་ལས་གསར་དུ་བསྡུས་པའི་སློབ་མ་དེ་དག་གཅིག་ཀྱང་མ་ལུས་པར་ཁྱིམ་དུ་ལོག་སོང་ཞིང་། སློབ་གྲྭར་སྡོད་མཁན་ནི་གཏན་སྡོད་ཀྱི་སློབ་མ་ཁ་ཤས་ཡོད་པ་དེ་རང་ངོ་། །ང་ཡང་ཁོ་ཚོ་དང་འདྲ་བར་ཁྱིམ་དུ་ལོག་ན་འདོད་ཀྱང་ང་ནི་ཁོ་ཚོ་དང་གཏན་ནས་མི་འདྲ་སྟེ། “ཤེས་ཡོན་པ་ཞིག་ཆགས་དགོས”ཞེས་པའི་ཨ་ཕའི་སེམས་གཏམ་དེ་ངའི་མ་འོངས་པའི་ཕུགས་འདུན་གཅིག་པུ་ཡིན་པས། མུ་མཐུད་དུ་སློབ་གྲྭར་འགྲིམས་ཏེ་ཨ་ཕའི་རེ་བ་མངོན་འགྱུར་བྱ་དགོས་ཨང་། འོན་ཀྱང་ང་རང་ཡིད་ཆད་དང་། འགྱོད་པ། སྡུག་བསྔལ། མནར་གཅོད་སོགས་ཀྱིས་ཉིན་མཚན་བར་མེད་དུ་མནར་བཞིན་འདུག་སྟེ། དམར་རྒོད་ཟེར་བའི་སློབ་མ་དེས་ང་ལ་བརྙས་བཅོས་ཚད་མེད་བྱས་ཏེ་མཐོང་ཙམ་ནས་སྙིང་རླུང་སྟོད་ལ་འཚང་ངེས་པའི་སྙིང་ནད་ཅིག་བཟོས་སོང་།

ངོ་མ་བྱས་ན། ངས་ཁོ་ལ་མི་སྙན་པའི་ཚིག་རྩུབ་གང་ཡང་སྨྲས་མ་མྱོང་ཞིང་། མི་དགའ་བའི་རྣམ་འགྱུར་གང་ཡང་བསྟན་མ་མྱོང་། དེ་ལས་ལྡོག་སྟེ། ཁོ་ལ་མི་བཟང་བའི་སྐྱོན་དང་མི་ལེགས་པའི་ཆ་གང་ཡང་མེད་ཚུལ་སོགས་སྨྲས་ཏེ་ཁ་ཡག་ངོ་དགའ་གྲངས་མེད་ཅིག་བྱས་མྱོང་། འོན་ཀྱང་དེ་དག་ནི་དུད་འགྲོ་ལ་སློབ་གསོ་དང་སྤྱང་ཀི་ལ་ཆོས་བཤད་བྱེད་པ་དང་གཉིས་སུ་མེད་པས་ང་རང་ཐབས་ཟད་དེ་མིག་གིས་མཐོང་ནའང་མ་རིག་ཁུལ་གྱིས་རྒྱང་བཀྱེད་ནས་འགྲོ་དགོས་བྱུང་།

ང་ནི་རྒྱུན་པར་ཁ་མི་གྲག་པའི་སློབ་མ་ཞིག་ཡིན་པས་ཁོ་དང་འཕྲད་པ་ན“ལྐུགས་པ། ངེད་གཉིས་ཀྱི་རྩེད་མོ་ད་དུང་མཐའ་རྫོགས་མེད”ཅེས་དང་། “ད་དུང་ཡིད་ཚིམས་མ་སོང”ཞེས་སོགས་ཟེར་བཞིན་ང་རང་དྲག་རྩལ་སྦྱོང་བྱེད་ཀྱི་ཤིང་ཐོ་ཡིན་ཁུལ་གྱིས་སྟོད་སྨད་ཡོངས་ལ་ཁུ་ཚུར་དང་རྡོག་ཐོ་གྲངས་མེད་གཞུ་བར་བྱེད།

ཨ། དུས་སྐབས་དེར་ང་ལ་བློ་མཐུན་པའི་སློབ་གྲོགས་ཤིག་དང་། སེམས་གསོ་མཁན་གྱི་དགེ་རྒན་ཞིག སྡུག་བརྗོད་སའི་ཉེ་གྲོགས་ཤིག་ཡོད་ན་ཅི་མ་རུང་།

ཡང་ཉིན་ཞིག་ལ་དམར་རྒོད་དང་གློ་བུར་དུ་འཕྲད་པ་ན། ཁོས་ཁྱད་མཚར་བའི་ཉམས་ཤིག་བསྟན་ཏེ་ན་རེ། “ངས་ཉིན་འདི་དག་ལ་འགྲན་ཟླ་བྲལ་བའི་དྲག་རྩལ་ཞིག་ཤེས་སོང་། ཁྱོད་ལ་གཅིག་སྟོན་ཨ”ཟེར་ནས་ཕུ་ཁ་བསྒྱུར། “ངས་ཅི་ཞིག་བྱ་དགོས་སམ། ངས······ད་ནི་ཐབས་ཟད་སོང་། འདི་ལྟར་ཤ་ཁྲག་གི་རོ་གདོས་ལྟར་བྱས་ནས་བསྡད་ན་མི་ཡོང”ངས་དེ་ལྟར་སྙམ་ནས་ངག་གི་སྨྲ་སྒོ་མི་ཕྱེ་ཀ་མེད་བྱུང་བ་དང་། ངུ་སྔངས་བྱེད་བཞིན་དམར་རྒོད་ལ་འདིར་ལྟར་བཤད། “ཨུན་ཨུན······ཅིའི་ཕྱིར། ཅིའི་ཕྱིར་ང་ལ་འདི་འདྲའི་བརྙས་བཅོས་བྱེད་དགོས་པ་ཡིན་ནམ། ཨང་ཨུན······ཁྱོད་ཀྱིས་ངའི་སྡུག་བསྔལ་ལ་བསམ་བློ་བཏང་ཨེ་མྱོང་། ཨ······”

“ཅི་ཟེར། ཅི་ཟེར། ཤ་ཚ་བའི་གཏམ་ལ་སྙན་པོ་མེད། བཤད་མ་ཡོང་ཁོ་རེ།”

“ཁྱོད་དང་འཕྲད་པ་ནས་ངས་ཁོར་ཡུག་འདི་སྡུག་བསྔལ་གྱི་རྒྱ་མཚོ་ཞིག་ཏུ་མཐོང་། ཨུན······ཁ་བགད་རུང་ཁོག་ན་སྡུག་ཡོད། མིག་ཁྲ་རིལ་མཐིལ་ན་ཆུ་ཡོད། ངས་ཁྱོད་ལ་ཞུ་བ་ཅི་ཙམ་བྱས་པ་མ་དྲན་ནམ། ངས་ཟས་ཟ་འདོད་མེད་དོན་ཁྱོད་ཡིན། མཚན་མོར་ཚང་མ་གཉིད་ཟིན་སྐབས། མལ་ཐུལ་གྱིས་མགོ་བཏུམས་ཏེ་རང་གཅིག་པུས་མིག་ཆུ་ཤོར་དོན་ཡང་ཁྱོད་ཡིན། ཁྱོད་ཀྱིས་ངའི་དགའ་བ་ཚང་མ་ཕྲོགས་ཐལ། ངས་ཨ་ཕ་རེ་ཆད་དུ་གཏོང་མི་འདོད་ཀྱང་གནོན་ཤུགས་ཀྱི་ཁྲོད་ནས་ངས་སློབ་སྦྱོང་ཇི་ལྟར་བྱ་དགོས་སམ། ཁྱོད་ནི་ཕ་མའི་ཁ་ལ་མི་ཉན་པའི་མི་ཁྲེལ་མེད་ཅིག་རེད། ཨུན་ཨུན······ད་ཁྱོད་བློ་ཡིད་ཚིམས་སོང་ངམ།”

“ཁྱོད······”

དམར་རྒོད་ཀྱི་ངོ་གདོང་དམར་པོར་གྱུར་པ་དང་། དཔྲལ་བའི་གཉེར་མ་བསྡུས་ཏེ་ཅི་བཤད་མེད་པར་གྱུར་པས་སླར་ཡང་ང་ལ་གཅར་རྡུང་བྱེད་གྲབས་བྱས་པ་ན། འཁྲིས་སུ་ཡོད་པའི་སློབ་མ་ཁ་ཤས་ཀྱིས“དམར་རྒོད་ཁྲེལ་མེད་རེད། དམར་རྒོད་མི་ངན་ཁྱི་དང་འདྲ”ཞེས་འུར་བརྒྱབ་པས། ཁོ་རང་དོགས་མི་བདེ་བར་གྱུར་ཏེ་བརྒྱུགས་སོང་།

ཕྱི་ཉིན་གྱི་ཞོགས་པར་རང་གཅིག་པུ་སློབ་ཁང་གི་རྒྱབ་ཕྱོགས་སུ་ཡིབས་ཏེ་བསྡད་པས། ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་། ཁྱིམ་ཚང་གི་བདེ་སྐྱིད་དྲོན་མོ་རྣམས་དབང་མེད་དུ་ཡིད་ལ་འཁོར་བཞིན། ཨ་ཕ་དང་ཨ་ཅེ་དྲན་པའི་ངུ་ངག་གིས་རང་སེམས་སྡུག་བསྔལ་གྱི་རི་མོ་དག་ཐབས་བྱས་ཀྱང་ཕན་ཐོགས་ཅི་ཡང་མ་བྱུང་། དེ་དུས་སློབ་ཁང་གི་གྱང་རྩར་སྐྱེས་པའི་རྩི་ཤིང་ཡང་ངུ་བཞིན་པ་འདྲ།

“ད་ནི་ཕྱིར་ཕ་ཡུལ་དུ་ལོག་པར་བྱ། ཁྱིམ་དུ་སླེབས་རྗེས། ངས་རང་གི་གནས་བབ་འདི་ཚོ་ཨ་ཕ་ལ་ཇི་བཞིན་དུ་བཤད་ན། ཨ་ཕས་གུ་ཡངས་གནང་ངེས་ཡིན། གང་ལྟར་སློབ་གྲྭ་འདི་ནས་མི་ལ་དགོས་པའི་ཡོན་ཏན་དང་ཤིང་ལ་དགོས་པའི་ལོ་མ་སྨིན་མི་སྲིད་པས། ད་དུང་འདིར་བསྡད་ན། སྡུག་བསྔལ་གྱི་ཁུར་པོ་རང་གིས་བསྣན་པ་ཡིན་པས་ཅིས་ཀྱང་ཕ་ཡུལ་དུ་ལོག་པར་བྱ།”

ངས་རང་ཐག་རང་གིས་བཅད་དེ་སློབ་གྲྭའི་ར་བ་བརྒལ་ཏེ་ཕྱི་རོལ་ཏུ་བྲོས་བྱོལ་བྱས། རྫོང་གི་སྲང་ལམ་དུ་སླེབས་སྐབས། མི་ཚོགས་བརྒྱ་ཕྲག་མང་པོ་ཡར་འགྲོ་མར་འོང་བྱེད་བཞིན་འདུག་ཀྱང་། མཆི་མས་བརླན་པའི་མིག་ལམ་དུ་རང་སྡེའི་ཡུལ་མི་གཅིག་ཀྱང་མངོན་མ་བྱུང་།

ངས་མིག་ཆུ་གཙང་མར་ཕྱིས་ཏེ་གདོང་ལ་འཛུམ་མདངས་བཏོད་སྐབས། “ཁ་དྲོ། སྒོར་མོ་ཏོག་ཙམ་གནང་རོགས། ནད་མེད་ཚེ་རིང་།” དབུལ་པོ་ཞིག་གིས་འགྲམ་ནས་སློང་མོ་བྱས་བྱུང་། བལྟས་ཚོད་ལ་མོ་ནི་ལོ་ན་ཉེར་གཉིས་ཙམ་ལས་མིན་པའི་ན་གཞོན་མ་ཞིག་རེད་ལ། ཤ་མདོག་དཀར་ཞིང་ལུས་པོ་སྨྱུག་མ་ལྟར་དྲང་བ་ཞིག་འདུག ངས“ཨ་ཧོ། དགོས་པའི་ཆ་རྐྱེན་མཐའ་དག་ཚང་ནས་འདུག་ཀྱང་། སློང་མོ་བྱེད་དོན་ཅི་ཡིན་ན་མ”སྙམ་ཞིང་། སྐྱོ་བའི་ཉམས་ཤིག་བསྟན་ཏེ། “ང་ཁྱོད་ལས་ཐབས་རྡུགས”ཞེས་བཤད་པས། བུ་མོ་དེར་ངོ་ཚ་བའི་ཉམས་ཤིག་དོད་ནས་ཅི་ཡང་མ་བཤད་པར་བུད་སོང་།

ང་རང་གླ་འཁོར་འགྲོ་འདུག་གི་ཆ་ལ་ཉམས་མྱོང་ཡེ་ནས་མེད་པས། ཕྱོགས་གཉིས་སུ་གྱེས་པའི་གཞུང་ལམ་གྱི་དཀྱོགས་མཚམས་སུ་རེ་ཞིག་ཅི་བྱེད་མེད་པར་ལུས། དགའ་འོས་པ་ཞིག་ལ། ཏག་ཏག་ཟོང་འཁོར་ཞིག་ཁྱིམ་གྱི་ཕྱོགས་སུ་འགྲོ་གྲབས་བྱེད་བཞིན་པ་མཐོང་སྟབས། མྱུར་དུ་ས་མཐོ་སར་འཛེགས་ཏེ་ཟོང་འཁོར་མདུན་ནས་བསྐྱོད་པའི་སྐད་ཅིག་དེར་འཁོར་སྒམ་གྱི་ནང་དུ་མཆོངས། དེ་ནས་ངས་གྲོགས་མེད་ཁེར་རྐྱང་གི་དམྱལ་ཁམས་དེ་རྒྱབ་ཏུ་བསྐྱུར་ནས་བྱམས་བརྩེ་བདེ་སྐྱིད་ཀྱིས་གྲུབ་པའི་རང་ཁྱིམ་དུ་ལོག

ཨ། ངས་སྐྱོ་བས་ཁེངས་པའི་སློབ་གྲྭ་ནས་དུས་བཟང་པོ་དེ་འདྲ་ཞིག་ཤར་ཡོད་པ་མ་ཚོར་ཏེ། དབྱར་གསུམ་གྱི་དཔལ་ཡོན་མངོན་སུམ་དུ་ཤར་ནས་འདུག་ཨང་། སྔོ་བསངས་ཀྱི་ནམ་མཁའ་ལ་སྤྲིན་དཀར་གྱི་ཕུང་པོ་འགའ་བརྗིད་ཉམས་ཀྱིས་ཆགས་ཤིང་། མུ་མེད་ཀྱི་རྩྭ་ཐང་ལ་མཛེས་སྡུག་གི་མེ་ཏོག་མཐའ་མེད་དུ་བཀྲ་ནས་འདུག དེ་ལྟར་ན། མེ་ཏོག་སྣ་བརྒྱའི་དྲི་བསུང་གཞི་གཅིག་ཏུ་འདྲེས་པའི་བསིལ་རླུང་འཇམ་པོ་ཞིག་དལ་བུར་ལྡང་བར་བྱེད་ལ། སྲོག་ལྡན་སྐྱེ་འགྲོ་ཡོངས་ཀྱིས་དགའ་ཚོགས་ཀྱི་དཔལ་ལ་རོལ་བཞིན་སྤྲོ་སྣང་ལ་བྲེལ་ནས་གདའ།

མུ་མཐུད་དུ་བསྐྱོད་དེ་སོང་བ་ན། བྱམས་བརྩེའི་དྲོད་ཁོལ་གྱིས་གང་བའི་ཁྱིམ་ཚང་དང་རྒྱང་ཐག་མི་རིང་བའི་སར་སླེབས། དེ་དུས་ཁྲ་ཆུང་མིག་གི་མཐོང་ལམ་དུ་ཕ་ཁྱིམ་སྦྲ་ནག་གྲུ་བཞི་མངོན་སུམ་དུ་ཤར་བྱུང་བ་དང་། དྲི་ཤེས་སྣ་ཡི་ཚོར་ལམ་དུ་ཕྱུགས་ལྷས་གྲུ་བཞིའི་ཨོང་དྲི་འཁྲུལ་མེད་དུ་འཐུལ་བྱུང་། ངས་ཐག་མི་རིང་བའི་ཁྱིམ་ཚང་ལ་ཅེ་རེར་ལྟ་བཞིན་ཤ་མཆོག་སེམས་ཀྱི་ཁང་པ་ལ་གསོན་ཤུགས་རྒྱས་ཏེ་དབང་མེད་དུ་མཆོངས་ལྡིང་བྱས་བྱུང་།

དེ་ནས་གཞུང་ལམ་གྱི་འགྲམ་དུ་ཕུབ་པའི་སྦྲ་ནག་དང་ཇེ་ཉེ་ནས་ཇེ་ཉེར་སོང་སྐབས། ཨ་ཅེས་ལག་ཏུ་འུར་རྡོ་བཟུང་ནས་སྒོ་ཕྱུགས་ལྷས་ལ་སྐོར་བཞིན་འདུག སྐབས་དེར་ཡལ་ཐབས་མེད་པའི་མིང་སྲིང་གི་བརྩེ་མདངས་ཟབ་མོས་ངའི་ཡིད་ཀྱི་བརྟན་པ་དབང་མེད་དུ་བཀུག་སོང་བའི་མོད་ལ། ཟོང་འཁོར་གྱི་འཁོར་སྒམ་ནས་ས་ལ་མཆོངས་པ་དང་། མཆོངས་ནས་ཀྱང་དགའ་སྐྱོ་ཟུང་གི་མིག་ཆུ་ས་ལ་གཏོར་བཞིན་ཨ་ཅེ་ལ་དམ་གྱིས་འཁྱུད་པ་ན། ཨ་ཅེ་ལ་དངངས་སྐྲག་ཅིག་སྐྱེས་པའི་མོད་ལ་ང་རང་ཡིན་པར་ཤེས་ཏེ། “ནུ་བོ……ངས་ཁྱོད་རང་ཧ་ཅང་དྲན”ཟེར་ནས་དགའ་ངུ་བྱས་བྱུང་།སྐབས་དེར་ཁ་ལོ་པས་ང་རང་འཁོར་སྒམ་དུ་འཛུལ་ཡོད་པ་གཞི་ནས་རྟོགས་ཤིང་། ཧང་སངས་ཏེ་ཟོང་འཁོར་གྱི་སྒེའུ་ཁུང་ནས་ང་ལ་ཅེ་རེར་བལྟས་ནས་འདུག

དེ་ནས་ཨ་ཕས་ངའི་ངུ་སྐད་ཐོས་ཏེ་སྦྲའི་ཕྱི་རུ་བུད་བྱུང་བ་དང་། གདོང་ལ་འཛུམ་ཞིག་རྒྱས་ཏེ། “ཨེ······དཀའ་ཨེ་ཐལ། ངས་ཅི་ཡིན་ན་བསམས། ད་བྱས་ན་ངེད་ཚང་གི་བུ་ཕྲུག་ཡིན་འདུག སྐྱེས་པ་ཕོ་མ་རེད་དམ། ངུ་རྒྱུ་ཅི་ཡོད། ཧ་ཧ་ཧ······”ཟེར་ནས་བྱམས་པའི་ལག་ཟུང་གིས་ངའི་གདོང་གི་མིག་ཆུ་ཕྱིས། སྐབས་དེར། ངས་མིག་སྔར་གྱི་གནས་བབ་མཐའ་དག་སྟབས་གཅིག་ཏུ་བཤད་ན་འདོད་ཀྱང་། བདེ་སྡུག་ཟུང་གི་སྣང་བས་ཀུན་ནས་བསླངས་ཏེ།དབང་མེད་དུ་ཤོར་བའི་བཅོས་མིན་གྱི་ངུ་ངག་གིས་སྐད་ཆའི་སྨྲ་སྒོ་ཡོངས་སུ་བཅད་དེ་ཅི་དང་གང་ཡང་སྨྲ་མ་ནུས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།