ཀྲུང་གོ་བོད་ཀྱི་དྲ་བ།

མོ་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཉི་མ་ནོར་བུ།   སྤེལ་དུས། : 2021-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨ་ཕ་རྫོང་ཐོག་ཏུ་དབྱར་རྩྭ་འཚོང་བར་ཕྱིན་ནས་ཉིན་ལྔ་འགོར་མོད། བདག་གིས་ཨ་ཕར་སེམས་ཁུར་བྱེད་མི་སྲིད། འོན་ཏེ་གསེར་མཚོར་མངལ་སྦྲུམ་ནས་ཟླ་དགུ་ཞག་བཅུ་འགོར་ལ་ཉེ་བས། བདག་གི་སེམས་ཅུང་ཙམ་འཚུབ་དགོས་བྱུང་། ང་ཚོས་ཨ་ཕ་ནམ་ཡོང་སྐོར་གླེང་སྐབས། ཨ་མས་བདག་གི་སེམས་ཁམས་རྟོགས་པ་ལྟར “བྱིས་པ་བཙའ་བ་ནི་ཤིན་ཏུ་སླ་མོ་ཞིག་ཡིན། སྔོན་མ་ཁྱོད་རང་བཙའ་སྐབས།ངས་ནོར་ལྷས་སུ་འབྲི་མོ་དུང་ལི་མ་བཞོ་བཞིན་ཡོད། དེང་སང་གི་འགྲོ་ལུགས་ལྟར་སྨན་ཁང་དུ་འགྲོ་བ་ནི་གཏོར་མ་ཆུང་ཆུང་ལ་གཏོར་རྒྱག་ཆེན་པོ་བྱས་པ་ཡིན་པས། དེ་ལ་བཟའ་ཕ་འཛོམས་མ་འཛོམས་བྱས་ནས་གྲ་སྒྲིག་བྱ་མི་དགོས”ཞེས་བཤད་རྗེས། ཐབ་ཀའི་སྟེང་གི་རྫ་མ་བླངས་ནས་ང་ཚོར་གུང་ཇ་ལྡུད་པར་གྲ་སྒྲིག་བྱས་བྱུང་།

ཉིན་དེའི་ནུབ་ཇ་འཐུང་བཞིན་པའི་སྐབས་སུ། ཨ་ཕ་འཕྲུལ་རྟར་བཞོན་ནས་ཁྱིམ་ལ་ལོག་བྱུང་། ཁོས་ང་ཚོར་གོས་ལྷམ་གསར་པ་རེ་དང་གསེར་མཚོར་སིལ་སྐམ་སྣ་ཚོགས་ཉོས་འདུག ང་ཚོས་དབྱར་རྩྭ་དགུན་འབུའི་སྐོར་ནས་ལབ་གླེང་སྣ་ཚོགས་བྱེད་བཞིན་ཡོད་སྐབས། གསེར་མཚོར་ཟུག་གཟེར་བཟོད་དཀའ་བ་འགའ་བསྟུད་མར་བརྒྱུགས་པས། བསྲན་མ་ཚུགས་ཏེ་སྒྱེད་པའི་འགྲམ་ནས་འགྲེ་ལྡོག་བརྒྱབ་བྱུང་། ཚུལ་དེ་མཐོང་བ་ན།ང་ཚོས་ལམ་སང་མོ་རང་སྦྲའི་མ་ལོག་གི་སྒ་སྟན་བརྩིགས་པའི་འགྲམ་གྱི་ཉལ་ས་རུ་བཞག་པ་ན། ཨ་མས“སྐྱེས་པ་ཚོ་ཕྱི་ལ་སོང་།མནོལ་འགྲོ་བ་རེད”ཅེས་བཤད་དེ་རྩམ་ཇ་ཞིག་སྐོལ་བར་གྲ་སྒྲིག་བྱས།བདག་ནི་མི་འདོད་བཞིན་དུ་ཨ་ཕ་དང་འགྲོགས་ནས་ལྷས་འདབས་ཀྱི་རས་གུར་ནང་དུ་ཉལ་བར་སོང་མོད། འོན་ཀྱང་ལུས་པོ་མལ་དུ་ཉལ་ཡང་གཉིད་ཐུན་གཅིག་ཀྱང་མ་བྱས་པར་རྣ་བ་གསེང་གསེང་བྱས་ནས་མཉན་པ་ན། མཚན་དཀྱིལ་ཙམ་ལ་བྱིས་པ་ཞིག་གི་ཨག་སྐད་ཐོས་པས། ཡིད་སེམས་རིམ་བཞིན་བདེ་ལ་བབས་སོང་ལ། ཡིད་སེམས་བདེ་ལ་བབས་པ་དང་བསྟུན་ནས་མིག་ལམ་དུ་བྱིས་པ་ཞིག་གི་གཟུགས་བརྙན་ཤར་བྱུང་བར་མ་ཟད། དེ་བུ་ཞིག་ཡིན་ནམ་བུ་མོ་ཞིག་ཡིན་པ།དེ་ལ་མིང་ཅི་ཞིག་བཏགས་ན་འོས་པར་བསམ་བློ་ཡང་ཡང་གཏང་དགོས་བྱུང་སྟེ།ནམ་གསལ་བར་ཡུན་གྱིས་བསྒུགས་ནའང་། “གཉིད་མི་ཡོང་མཁན་ལ་ནམ་རིང”ཟེར་བ་ལྟར་དོ་དགོང་གི་སྐར་ཆེན་ནི་ཡུལ་གྲུ་གཞན་ཞིག་ལ་རྒྱང་བཞུད་བྱེད་པ་བཞིན་བདག་གིས་མཐོང་བའི་མཁའ་དབྱིངས་དང་གཏན་དུ་བྲལ། གཉིད་ཅོག་ཅིག་བརྒྱབ་ནས་སད་པ་ན། ནམ་ཡོངས་སུ་གསལ་འདུག མྱུར་སྟབས་ཀྱིས་ཡར་ལངས་ནས་རྐང་རྗེན་དུ་དུ་བ་སྔོ་ལྷོག་ལྷོག་རྒྱུ་བའི་སྦྲ་ནང་དུ་བརྒྱུགས་པ་ན།མདང་དགོང་བཙས་པའི་བྱིས་པ་གསེར་མཚོ་ངེད་གཉིས་ཉལ་སའི་ནང་དུ་བསྙལ་འདུག་ལ། གསེར་མཚོ་སྔར་སྲོལ་བཞིན་ནོར་ལྷས་སུ་འབྲི་མོ་བཞོ་བར་ཕྱིན་འདུག ཨ་མ་ཤིན་ཏུ་དགའ་བའི་ངང་ནས“བུ་ཆུང་ཞིག་བཙས་འདུག མགྱོགས་པོར་ཨ་ཕ་བོས་དང་།ཁོ་རང་དགོན་པར་མཆོག་སྤྲུལ་ཀུན་བཟང་འཇིགས་མེད་ཚང་ལ་མིང་སློང་བར་འགྲོ་དགོས”ཞེས་བཤད་བྱུང་། ངས་རང་ཉིད་ཀྱི་འདོད་ཐོག་ཏུ་རྟ་བརྒྱུགས་པས།ཤིན་ཏུ་དགའ་སྟེ་མཆོང་མ་ལྡིང་བྱེད་བཞིན་རས་གུར་གྱི་ཕྱོགས་སུ་བརྒྱུགས།

ཞོགས་པའི་མཁའ་དབུགས་ནི་དྭངས་ཤིང་གཙང་ལ། ཉི་འོད་ཀྱིས་མ་བཀྲུས་པའི་རི་སྐེད་ཀྱི་ན་བུན་དག་ཞོ་གསར་སྤུངས་པ་བཞིན་དལ་གྱིས་རྒྱུ།རྩྭ་རྩེའི་ཟིལ་བ་རེ་རེས་བདག་གི་རྐང་བར་བྱི་དོར་བྱེད་པ་བཞིན་བརླན་ཞིང་རློན་པར་གྱུར་ནའང་བདག་ལ་གྲང་བའི་སྣང་བ་མ་བྱུང་།ཨ་ཕ་མལ་ལས་བསླངས་ནས་ཁྱིམ་དུ་སླེབས་པ་ན།གསེར་མཚོའི་ནད་ཚབས་ཆེ་རུ་ཕྱིན་ལ་ཟུག་གཟེར་རེ་རེས་མོའི་སྐྲ་གསེང་ནས་རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར་བྱུང་། ཨ་མས་དལ་ལྷོད་ལྷོད་ཀྱིས“ཁྱོད་མགྱོགས་པོར་དགོན་པ་རུ་སོང་། བྱིས་པར་མིང་འདོགས་ཞོར་དུ་གསེར་མཚོ་སྨན་ཁང་ལ་འགྲོ་དགོས་མིན་གྱི་མོ་ཞིག་ཐོབ”ཅེས་དེ་ལྟར་བཤད་དེ་ཨ་ཕ་ལམ་ལ་བསྐྱལ།བདག་གིས་ཁྱིམ་ལས་ལ་འཇུག་བཞིན་པའི་གསེར་མཚོའི་ཟུག་གཟེར་ལས་བྱུང་བའི་འཁུན་སྒྲ་དག་ཐོས་སྐབས། སེམས་སུ་སྨྲ་བསམ་བརྗོད་འདས་ཀྱི་ན་ཟུག་ཅིག་ངང་གིས་འཕྱུར་བྱུང་མོད། འོན་ཀྱང་བདག་ལའང་དྲིན་ཆེན་ཕ་མ་གཉིས་ལས་ཡན་གྱི་ཐབས་དང་བཀོད་པ། བློ་དང་ཤེས་རྒྱ་གང་ཡང་མེད་པས།ཅི་བྱ་གཏོལ་མེད་དུ་གྱུར་ནས་ལག་རས་རློན་པ་རེ་ཡིས་མོའི་ཐོད་པ་དང་འགྲམ་པའི་སྟེང་གི་རྔུལ་ཆུ་དག་ཕྱིས་པ་ན། ཨ་མས་བདག་ལ་སེམས་གསོ་བྱེད་ཆེད“ཟུག་གཟེར་ཆེ་བ་ནི་མཚན་མོ་འགྲུལ་བ་སླེབས་པས་རེད།སྦྲུམ་མ་ཡོད་ན་ཟས་དང་འགྲུལ་བ་ལ་དོགས་ཟོན་ནན་མོ་བྱ་དགོས”ཞེས་བཤད་བྱུང་།

དེ་ལྟར་ཉིན་དེའི་ཕྱི་དྲོ་ཙམ་ལ་སླེབས་པ་ན།ཨ་ཕས་དགོན་པ་ནས་བན་དེ་ཞིག་འཕྲུལ་རྟའི་འཕོངས་ལ་བཞག་ནས་ཕྱིར་སླེབས་བྱུང་། ཁོང་གཉིས་འཕྲུལ་རྟ་ལས་བབས་པ་ན་ཨ་ཕས་རུམ་ནས་ཤོག་དྲིལ་ཞིག་བླངས་ནས་ཁ་ཕྱེ་བྱུང“བྱིས་པའི་མིང་ལ་དོན་འགྲུབ་དབང་འབུམ་ཟེར།”

“ཤི་བླ་མ་རྡུང་། དེ་ངའི་ཨ་མེས་ཀྱི་མིང་མིན་ནམ།”ཨ་མ་མ་དགའ་བའི་ངང་ནས་དེ་ལྟར་ལབ་རྗེས། ཡང་བསྐྱར་ཨ་ཕའི་གདོང་ལ་ལྟ་བཞིན“ཕྱག་མོ་བཏབ་བམ”ཞེས་དྲིས།

“མཆོག་སྤྲུལ་གྱིས་གསུང་ན། འགྲུལ་བ་ཞིག་གདོན་འདུག་ཟེར། སྨན་ཁང་དུ་སོང་མ་སོང་གཅིག་པ་རེད། བཅའ་བ་ཡོད་ཚད་དགོན་པ་རུ་སྐྱབས་འཇུག་ཞུས་ཟིན། ད་དུང་ཁྱིམ་ནས་ཚ་གསུར་དང་གདོན་ཟུང་འཕུད་དགོས་པས། བན་དེ་སྐྱ་རིས་མངགས་པ་རེད།” ཨ་ཕས་དེ་ལྟར་བཤད་ཞོར་ཨ་མཆོད་ཁྲིད་ནས་སྦྲ་ནང་དུ་འཛུལ།

སྦྲ་ནང་ནས་བྱིས་པ་ལྟོགས་པའི་ངུ་སྐད་ཅིག་གྲག་པ་ན།ཨ་མས་སྐད་གསང་མཐོན་པོས“གསེར་མཚོ། བྱིས་པར་ནུ་མ་བསྣུན་ཡ”ཞེས་བོས་བྱུང་། སྐབས་དེར་མུན་ཡང་རུབ་ལ་ཉེ་བས།འབྲི་དང་བེའུའི་ངུར་སྒྲ་ལས་ནོར་ལྷས་འུར་འུར་ཟིང་ཟིང་དུ་གྱུར། གསེར་མཚོ་ནི་ཟུག་གཟེར་གྱིས་ཡོངས་སུ་བཅུམས་ཏེ་ལྷས་རའི་ནང་གི་འབྲི་མོའི་དབོ་འོག་ནས་འགུལ་ཙམ་འགུལ་ཙམ་ལས་བྱེད་མི་ཐུབ།

དེ་ལྟར་ཉིན་གཉིས་ཙམ་འདས་པ་ན། གསེར་མཚོའི་ན་ཚ་ལྷག་ཏུ་ཆེ་རུ་ཕྱིན་ནས་མལ་ལས་ལངས་ཀྱང་མི་ཐུབ་པར་གྱུར། སྐབས་དེར་ཨ་ཕ་ཡང་སེམས་ཁུར་ཆེ་རུ་ཕྱིན་ནས་ཨ་མ་ལ་གསེར་མཚོ་སྨན་ཁང་དུ་འགྲོ་བའི་གྲོས་བྱས་མོད། ཨ་མས་ཤིན་ཏུ་མ་རངས་པའི་ངང་ནས“དེང་སང་ཟས་རིགས་སྣ་ཚོགས་དང་འཐུང་ཆུ་འདྲ་མིན་གྱི་བཀའ་དྲིན་ལ་བུ་མོ་ཚོས་བྱིས་པ་ཞིག་ཀྱང་བཙའ་མི་ཐུབ་པ་རེད”ཅེས་བཤད་བྱུང་། དེ་ནི་ནམ་རྒྱུན་ཨ་ཕས་གསེར་མཚོར་རྩིས་འདང་ཤིན་ཏུ་ཆེ་བས། མོས་ཟ་འདོད་པའི་སིལ་ཟས་ཀྱི་རིགས་མང་པོ་ཉོས་ན། ཨ་མའི་སེམས་སུ་སྒོར་མོ་འཕྲོ་བརླག་ཡིན་པར་འདོད་པས་ལོས་ཡིན།

ཞོགས་པའི་སྐྱ་རེངས་ཀྱི་འོད་མདངས་དབྱར་སའི་རི་སྒང་དེར་འཕྲོས་པ་ན།ཨ་ཕ་ངེད་གཉིས་འཕྲུལ་རྟར་བཞོན་ནས་གསེར་མཚོ་ཧོར་རྫོང་དུ་སྨན་པར་སྟོན་དུ་སོང་། ང་ཚོས་དུས་ཚོད་བཅུ་ལྷག་ལ་ལ་ལུང་མང་པོ་བརྒྱུད་དེ་མཐར་ཧོར་རྫོང་གི་རྫོང་སྨན་ཁང་གི་སྒོ་རུ་སླེབས་པ་ན། ཆེད་དུ་བོད་སྐད་གོ་བའི་སྨན་པ་ཞིག་བཙལ་ནས་སྡོད་བཅོས་བྱས། དེ་ལྟར་ཉིན་མཚན་ལྟོས་མེད་དུ་གནམ་ཁབ་ཀྱི་སྐུད་པ་ལས་སྨན་ཆུ་དག་ཕངས་མེད་དུ་གསེར་མཚོའི་ལུས་ཟུང་ཀུན་ལ་ཁྱབ་པར་གྱུར་ལ། དཀར་སེར་དམར་ལྗང་སོགས་ཁ་དོག་དང་གཟུགས་དབྱིབས་མི་འདྲ་བའི་སྨན་རྫས་དག་གསེར་མཚོའི་མིད་པ་བརྒྱུད་དེ་དོན་ལྔ་སྣོད་དྲུག་ཏུ་ཁྱབ་པ་ན། ད་གཟོད་མོའི་ཟུག་གཟེར་ཇེ་ཆུང་དུ་ཕྱིན་ལ་གསང་གནས་ཀྱི་གཉན་ཚད་དག་ཀྱང་རིམ་གྱིས་ཞུ་ནས་སངས་དྲག་ཏུ་གྱུར།

ཉིན་རེར་གསེར་མཚོར་གནམ་ཁབ་བརྒྱབ་རྗེས་ང་ཚོ་ཧོར་རྫོང་གི་ཧུའེ་ཧུའེ་ཚོང་ཁང་དང་ཡུན་ནན་གྱི་མགར་ཁང་། བོད་གོས་བཙོང་ས་དང་མཆོད་ཆས་བཙོང་ས་སོགས་སུ་འཆམ་འཆམ་དུ་སོང་། ཉིན་ཞིག་ང་ཚོ་སྨན་ཁང་ནས་སྒོ་རུ་བུད་པ་ན། རྒྱ་མོ་ཞྭ་ནག་པོ་གྱོན་མཁན་ཞིག་གིས་མདུན་དུ་གཙོ་འཛིན་མའོ་ཙེ་ཏུང་དཔར་བའི་ཇ་ཕོར་ཞིག་བཞག་ཡོད་པ་དང་། དེའི་འགྲམ་དུ་ཤོག་ལྷེབ་དཀར་པོ་ཞིག་གི་སྟེང་དུ་ཡི་གེ་འགའ་བྲིས་ནས་སྒོར་མོ་སློང་བཞིན་འདུག ཨ་ཕས་རྒྱ་མོ་དེ་མཐོང་བ་ན་གསལ་ཆ་དོད་པོའི་ངང་ནས“མོ་ནི་མོ་བ་ཞིག་རེད་ཟེར། མོས་མོ་བཏབ་ན་ཐོགས་པ་ཞིག་མི་འདུག ང་རང་རྫོང་ནས་ཁྱིམ་ལ་ལོག་སྐབས་ངེད་ཚང་ལ་བྱིས་པ་བུ་ཞིག་སྐྱེས་སྲིད་ཟེར”ཞེས་བཤད་བྱུང་བས།ངས་ཀྱང་རང་གི་མི་ཚེ་ལ་དོན་དག་ག་འདྲ་འབྱུང་མིན་སྐོར་གྱི་མོ་ཞིག་འདེབས་པར་འདོད་མོད། འོན་ཀྱང་ཨ་ཕའི་རམ་འདེགས་མེད་ན་ང་ལ་སྒོར་མོ་མེད་ལ་གོ་བརྡའང་མི་འཕྲོད་པས་ཅུང་ཙམ་བསྒུགས་པ་ན།ཨ་ཕས་ཅི་ཡང་མ་རྟོགས་པ་བཞིན་ཁོ་ལ་བདེ་འཚམས་བཞག་ནས་བུད་སོང་།

“ཁྱིམ་ནས་ཐབ་གསུར་བྱས་ན་ཐབ་རྒྱགས། གཉན་ཚད་རྒྱས་དྲགས་ན་ཤི་སྲིད། ནད་སྔ་ས་ནས་བཅོས་ཏེ་དྲག་དགོས་པ་ལས་སྨན་བཅོས་མ་བྱས་པར་བསྒུགས་ནས་དྲག་པའི་ཐབས་མེད།ཚེ་སྲོག་ནི་གཙོ་བོ་དང་འཁོར་བ་ནི་ཕལ་བ་བྱེད་དགོས། རང་ལུས་རང་གིས་བདག་བྱེད་དགོས།” ད་ལྟ་གསེར་མཚོའི་རྣ་ལམ་དུ་གོང་གི་སྐད་ཆ་དག་ཡང་དང་བསྐྱར་དུ་གྲག་གིན་འདུག སྨན་ཁང་ནས་བོད་པའི་སྨན་པ་དེས་གསེར་མཚོས་དེ་སྔོན་གཏན་ནས་ཐོས་མ་མྱོང་བའི་སྐད་ཆ་མང་པོ་ཞིག་བཤད་བྱུང་ལ། མོར་གཙང་སྦྲ་འཕྲོད་བསྟེན་གྱི་འདུ་ཤེས་ཀྱང་མི་དམན་པ་ཞིག་ཆགས་སོང་སྟབས། ད་ལྟ་མོས་ནམ་རྒྱུན་ལྟར་སིལ་ཟས་ལ་རོལ་གྱིན་མེད་ལ།འཁྱགས་ན་གོས་དྲོན་པོ་གྱོན་པ་དང་དུས་ལྟར་ཟས་ལ་རོལ་ཅི་ཐུབ་བྱེད་བཞིན་ཡོད། ཁྱིམ་མཚེས་གཡས་གཡོན་གྱིས་བཤད་ན་ཐེངས་འདིའི་ན་ཚ་ཡིས་མོར་བསམ་ཤེས་སུ་བཅུག་སོང་ཟེར།

དེ་ལྟར་དུས་ཀྱི་འཁོར་ལོ་བར་མེད་དུ་འཁོར་ནས་བགྲང་བྱ་གཅིག་འདས་པའི་དཔྱིད་དུས་ཤིག་ལ། གསེར་མཚོ་ནམ་རྒྱུན་ལྟར་རྫ་རྒྱལ་ཁྲ་ཕྱུག་གི་རི་འདབས་སུ་རྫི་བོར་ཆས། དཔྱིད་ཉི་རིང་དྲགས་པས་མོས་རྫི་ཇ་འཐུང་རྗེས་ཉི་ཟེར་རབ་ཏུ་འཕྲོ་བའི་ལུང་ཁུགས་དེ་ནས་ངལ་གསོ་ཡུད་ཙམ་བྱས་པ་ན་གཉིད་དུ་ཡུར།

ཉི་མ་ནུབ་རིའི་ཕྲག་པར་ཡལ་ལ་ཉེ་ཡང་ངེད་ཚང་གི་བཞོན་མ་འགའ་རེ་མ་གཏོགས་གཅིག་ཀྱང་ཡུལ་ལ་མ་སླེབས། ངས་གསེར་མཚོར་དོན་རྐྱེན་ཞིག་བྱུང་བའི་ཚོར་བ་སྐྱེས་བྱུང་བའི་མོད་ལ་དོན་འགྲུབ་དབང་འབུམ་བཙས་པའི་ཉིན་མོ་དེ་ཡིད་ལ་འཁོར་བྱུང་། ད་ལྟའང་མོས་ས་སྟོང་ལུང་སྟོང་ཅིག་ན་ན་ཟུག་གི་རྔུལ་ཆུ་བཞུར་བཞིན་པ་ལྟ་བུའི་ཚོར་སྣང་ཞིག་གིས་བདག་སེམས་ཡོངས་སུ་བསྐུལ་ཏེ།མགྱོགས་མྱུར་ངང་སྦྲ་སྒོའི་འཕྲུལ་རྟར་བཞོན་ནས་མོ་རང་རྫི་བོ་བྱེད་སའི་ཕྱོགས་སུ་བརྒྱུགས། རྫ་རྒྱལ་ཁྲ་ཕྱུག་གི་གཡས་གཡོན་མདུན་རྒྱབ་སོགས་ལ་སོང་ནས་ཀི་འབོད་ག་ཙམ་བྱས་ཀྱང་ཨ་ལན་སྟེར་མཁན་མ་བྱུང་།

ཉི་མ་ནུབ་རིར་ཡལ་རྗེས་མཁའ་མཐའ་ནས་སྤྲིན་ནག་གི་ཡོལ་བས་ས་འཛིན་ཡོངས་སུ་བསྒྲིབ་ལ་ཉེ། ལོ་འདི་གར་ས་ཕྱོགས་སོ་སོ་ནས་སྐེ་བགགས་ནས་རང་སྲོག་གཅོད་མཁན་མང་བས།བདག་གིས་ནགས་ཤུག་ཐར་ཐོར་དུ་སྐྱེས་པའི་རི་སྐེད་ནས་སྡོང་བོ་རེ་རེ་བཞིན་ཉུལ་ནས་བཙལ་བ་ཡིན། ས་ཡོངས་སུ་རུབ་སོང་། རི་སྒང་དག་ན་སྤྱང་ཀིའི་ངུ་ཟུག་བྱས་པ་མཚམས་མི་ཆད། ལུང་བའི་ཕུ་མདའ་ཚང་མ་ན་ཁྱིམ་མཚེས་གཡས་གཡོན་གྱི་མི་རྣམས་ཀྱིས་གསེར་མཚོ་ཞེས་ཀི་འདེབས་བཞིན་འདུག

ད་ལྟ་རང་ཉིད་ཀྱི་ཡིད་སེམས་རབ་ཏུ་སྐྱོ་བས། ཁོ་བོ་ཡང་སྡོང་བོ་གང་ཞིག་གི་སྟེང་ནས་སྐེ་བགགས་པར་འདོད་ལ། ཡང་ན་བྲག་ཁ་གང་རུང་ཞིག་ནས་ལྕེབས་པར་འདོད་མོད། འོན་ཀྱང་སེམས་སུ་དོན་འགྲུབ་དབང་འབུམ་དྲན་བྱུང་། ཕ་མ་གཉིས་ཀ་དྲན་བྱུང་། གལ་ཏེ་གསེར་མཚོ་ཤི་མེད་ན་ཅི་བྱ། ཡང་བསམ་བློ་རེ་བཏང་ན། ལོ་ངོ་འདི་དག་ལ་ཁྱིམ་མཚེས་སྟོད་སྨད་བར་གསུམ་གྱི་བུད་མེད་ཚོས་རང་གི་ཁྱོ་ག་བསྐྱུར་ནས་གཞན་གྱི་གསར་བུ་རེ་ཁྲིད་ནས་བྲོས་འགྲོ་བའི་གནས་ཚུལ་དྲན་ན་རང་དབང་མེད་པར་ཁོང་ཁྲོ་ཞིག་ལངས་བྱུང་། གང་ལྟར་དགོང་མོ་དེར་རི་ལུང་ཀུན་ཏུ་བཙལ་ཡང་མ་རྙེད་པས། ཕྱིར་རང་ཁྱིམ་དུ་མི་ལྡོག་ག་མེད་བྱུང་།འཕྲུལ་རྟར་བཞོན་ནས་ཁྱིམ་ལ་སླེབས་པ་ན་གཉེན་ཉེ་རྩ་ལག་དང་རུ་སྐོར་ཁྱིམ་མཚེས་ཀྱི་སྐྱེས་པ་བཅུ་ལྷག་ཅིག་སླེབས་འདུག ལ་ལས་བཤད་ན་ཤི་བཙལ་བྱེད་པ་ལས་གསོན་པོ་ཞིག་ཏུ་གྱུར་མེད་ཟེར། ལ་ལས་དྲེད་མོང་གིས་ཟོས་པ་ཡིན་ཟེར། ལ་ལས་གསར་བུ་ཞིག་ཁྲིད་ནས་བྲོས་སོང་བ་རེད་ཟེར། ལ་ལས་གཞི་བདག་གིས་ཁྱེར་བ་རེད་ཟེར། ལ་ལས⋯⋯

“གང་ལྟར་ཡང་ནམ་གསལ་རྗེས་ས་ཕྱོགས་སོ་སོར་བཙལ་དུ་འགྲོ་དགོས།”ཨ་ཁུ་པདྨས་བརྒྱ་ཐག་གཅིག་གིས་བཅད་དེ་དེ་ལྟར་བཤད་པ་ན། ཚང་མས་མ་བགྲོས་གཅིག་མཐུན་ངང“ཁྱོད་ཀྱིས་མོ་བཏབ་བམ”ཞེས་ངེད་ཚང་གི་ཨ་ཕར་དྲིས་བྱུང་། ཁོས་སྨྲ་བ་བསྡམས་ནས་ཡུད་ཙམ་འགོར་བ་ན། འགྲམ་གྱི་གསར་བུ་དེས“མཐུ་སྐྱག་པ་གཉིས་ཀ་བཙུར་ན་མེད། ན་ནིང་སྐྱེད་ཀ་མང་པོ་བཏང་ནས་གསེར་ལུང་ཁྱབ་བདག་ཤི་འགྲོ་དུས་ཀྱང་མོ་མ་དང་རྩིས་པ། ཤི་བོའི་བདེ་སྡུག་བཤད་མཁན་སོགས་མདོར་ན་མཁྱེན་པ་ང་ལ་ཡོད་ཟེར་མཁན་མང་པོས་སྒོར་མོ་དུང་ཕྱུར་མང་པོ་བུ་ལོན་དུ་ཤོར་སོང”ཞེས་བཤད་པ་ན།སྦྲ་ནང་ཡུད་ཙམ་ལ་འཇམ་ཅག་གེར་གྱུར། སྒོ་ཁྱིའི་ཟུག་སྐད་བར་མེད་དུ་གྲག་བྱུང་། ཨ་མའི་མིག་ཟུང་ལས་ང་ལ་སྦྲ་སྒོར་བུད་དེ་སྒོ་ཁྱི་ཟུག་པའི་ཕྱོགས་སུ་ལྟོས་ཞེས་པའི་བརྡ་ཞིག་བཏང་བྱུང་།ང་རང་མྱུར་དུ་སྦྲ་སྒོར་བུད་པ་ན། ཕྱོགས་བཞི་སྨག་ནག་གིས་བཟུང་ནས་ཅི་ཡང་མ་མཐོང་། ཁྱི་རྒན་གྱིས་ཅི་ཞིག་མཐོང་བ་བཞིན་གཡས་རྒྱུག་གཡོན་རྒྱུག་བྱེད་བཞིན་འདུག ང་རང་ཕྱིར་སྦྲ་ནང་དུ་འཛུལ་བ་ན། ཨ་ཕས་ལག་ཟུང་གིས་ཕྲེང་བ་བཟུང་ནས་མོ་འདེབས་པར་སྟ་གོན་བྱེད་ཀྱིན་འདུག ནམ་རྒྱུན་ཁྱིམ་མཚེས་གཡས་གཡོན་གྱིས་སྒོ་ཟོག་བོར་ན་ཁོས་མོ་འདེབས་སྲིད། རྫི་རོགས་ཚོ་ཨ་ཕའི་མོ་ལ་ཡིད་ཆེས་ཡོད་མོད། འོན་ཀྱང་བདག་ལ་དེ་འདྲའི་དོན་ཆེན་ཞིག་ལ་ཆགས་འཇོག་ཐུབ་པའི་ཡིད་ཆེས་ཤིག་གཏན་ནས་མེད། ཨ་ཕས་ནམ་རྒྱུན་ལྟར་ལག་ཟུང་གིས་ཕྲེང་བ་ཕུར་ཕུར་འགའ་བྱས་ཤིང་ཁ་ནས་མུ་མཐུད་དུ་གཟུངས་སྔགས་བཟླས།སླར་ཡང་ཕྲེང་བ་གཅུ་གཅུ་འགའ་བྱས་ནས“མོ་ཡག་པོ་འདུག བཙལ་ནས་མི་རྙེད་ཁོ་ཐག་རེད། འོན་ཀྱང་ཉིན་འགའ་འགོར་རྗེས་མགྲོན་པོ་རང་ཡུལ་ལ་འཁོར་ཡོང་། བསང་དང་གསོལ་ཁ་བྱེད་དགོས”ཞེས་མོ་རུ་བབས་པའི་དོན་བྱ་དག་བཤད་བྱུང་།

“མི་ན་ནའང་མོ་ལ་བརྟགས་ནས་སྨན་ཁང་དུ་མི་འགྲོ། མི་བོར་ནའང་མོ་ལ་བརྟགས་ནས་མི་བཙལ།”ང་ལ་སྐྱོ་སྣང་འདྲེས་མའི་ཁོང་ཁྲོ་ཞིག་ལངས་ནས་དེ་ལྟར་བརྗོད་པ་ན། ཨ་ཁུ་པདྨས“སང་ཉིན་ཁྱོད་ཚོ་ཆ་བགོས་ནས་ཉིན་སྲིབ་ཀུན་ལ་འཚོལ་དུ་སོང་།ང་རང་དགོན་པ་རུ་བསང་དང་གསོལ་ཁ་བྱེད་དུ་འགྲོ”ཞེས་བཤད་དེ་གྲོས་ཐག་བཅད་སོང་།

དགོང་མོ་དེར་དོན་འགྲུབ་དབང་འབུམ་གྱིས་ནུ་མ་ནུ་འདོད་ནས་ཨ་མ་ཞེས་ཡང་ནས་ཡང་དུ་བོས་པ་ན། གལ་ཏེ་མོ་རང་ངོ་མ་དྲེད་མོང་གི་ཟོས་སོང་ན། ན་ཟུག་ཅི་འདྲ་ཞིག་སྐྱེས་ཡོད་དམ། གལ་ཏེ་གསར་བུ་ཞིག་ལ་འགྲོགས་ནས་བུད་སོང་ན⋯⋯

བདག་སེམས་སུ་སྐྱོ་སྡུག་དང་ཁོང་ཁྲོ་ཡི་རླབས་རིས་ཤིག་དྲག་ཏུ་གཡོས་ཤིང་།གནད་འགག་གི་སྐབས་སུ་མོ་བ་ཁོ་ནས་ཡོད་ཚད་ལ་ཐག་གཅོད་པ་ནི་རྨོངས་དད་ཀྱི་བྱ་བ་ཞིག་ལས་མ་འདས་པར་འདོད། དགོང་མོ་དེ་བྱིས་པའི་ངུ་ངག་དང་རང་གི་སེམས་སྡུག་ཁྲོད་དལ་གྱིས་བསྐྱལ་ལ། སྐྱ་རེངས་ཤར་བ་དང་རུམ་ན་གཉིད་དུ་ཡུར་བའི་བྱིས་པ་མལ་དུ་དྲོན་པོར་བསྙལ་ནས་ཡང་བསྐྱར་འཕྲུལ་རྟར་བཞོན་ནས་གསེར་མཚོ་འཚོལ་དུ་སོང་། གཉེན་ཉེ་རིང་དང་གྲོགས་ངོ་ཤེས་ཚང་མས་ཉིན་ཞག་གཉིས་ལ་བསྟུད་མར་བཙལ་ཡང་མི་མ་དགོས་མིའི་གྲིབ་མ་ཙམ་ཡང་མ་རྙེད་པས། ད་ནི་ཡོད་ཚད་ཡིད་ཆད་འདུག ཚང་མས་བཤད་ན་གཤིན་ཆོས་སྒྲུབ་པར་སྟ་གོན་བྱས་ན་ལེགས་ཟེར།

མདོ་དགོན་ནས་གཤིན་ཆོས་བསྒྲུབས་ཏེ་ཉིན་གསུམ་གྱི་ནངས་མོར། ཨ་མས་ཡུལ་ནས་ཁ་པར་འབྱོར་བྱུང་། མོས་ངག་འདར་བཞིན“གསེར་མཚོ་སླེབས་བྱུང་།གསེར་མཚོ་སླེབས་བྱུང”ཞེས་བརྗོད། སྐབས་དེར་བདག་ལ་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་གིས་རབ་ཏུ་བསྐུལ་ནས་མིག་ཟུང་ལས་མཆི་མའི་རྦབ་རྡོ་དྲག་ཏུ་བབས།ལམ་སང་ཉེ་འཁོར་གྱི་མི་རྣམས་ལ་བརྡ་བཏང་ནས་འབྲོག་ས་རུ་ཆས་མགོ་བརྩམས། དེ་རིང་གི་འཕྲུལ་རྟའང་ཤིན་ཏུ་དལ། དལ་དྲགས་པས་སྣུམ་སྣོན་ཤུགས་ཀྱིས་གཅུས་ན་ཡང་འདར་འདར་ཙམ་བྱེད་པ་ལས་མགྱོགས་པའི་ཚོར་བ་ཞིག་གཏན་ནས་མེད། དེ་ལྟར་དུས་ཚོད་གཉིས་ཀྱི་ལམ་ཐག་ལ་དུས་ཚོད་ཕྱེད་ཀ་ཞིག་གིས་སླེབས་པ་ན། གསེར་མཚོའི་སྐྲ་རྣམས་གཟེངས། གདོང་ཡོངས་རྨ་དང་ཁྲག་གིས་བརྫིས། གོས་རྣམས་ཧྲུལ་བོར་གྱུར་ནས་སླེབས་འདུག མོས་ད་ལྟ་ང་ཚོ་སུ་དང་གང་ཡིན་གྱི་ངོས་མི་ཟིན། བདག་ཤར་རྒྱུག་གིས་མོའི་ལུས་པོར་འཐམ་ནས་ངུས། ཨ་མས“མོ་གཞི་བདག་གིས་ཁྲིད་པ་འདྲ། ལམ་སང་སྤྲུལ་སྐུའི་མདུན་དུ་འཁྲིད་དགོས”ཞེས་བཤད་པ་ན།ང་ཚོས་མགྱོགས་མྱུར་ངང་མོ་རང་དགོན་པ་རུ་ཁྲིད་དེ་སོང་།

མཆོག་སྤྲུལ་ཀུན་བཟང་འཇིགས་མེད་ཀྱི་གཟིམ་ཁང་དུ་སླེབས་པ་ན། ཁོང་གིས་ངག་ནས་གཟུངས་སྔགས་ཟློ་བཞིན་ཁྲུས་བྱས་ལ།གཅོད་རྡུང་ཡང་བྱས། དེ་ནས་ང་ཚོས་ཁོང་གི་གཟིམས་ཁང་ནས་སྤྲུལ་སྐུའི་གསུང་བཞིན་ཇ་འཐུང་མགོ་བརྩམས་པ་ན། ད་གཟོད་གསེར་མཚོས་ཁ་གྲག་བྱུང་།

རི་འདབས་ནས་གཉིད་དུ་ཡུར་བའི་སྐད་ཅིག་མ་དེར་མི་ནག་རྟ་ནག་ཅན་ཞིག་སླེབས་ནས་ང་རང་རྟ་འཕོངས་ལ་བཅིངས་ནས་བུད་སོང་། བར་སྐབས་ཤིག་ལ་རི་འདབས་དེར་ཕྱིར་སླེབས་པ་ན་ཁྱོད་ཚོས་ང་འབོད་ཀྱིན་འདུག ངས་ཁྱོད་ཚོར་ཤུགས་ཀྱིས་ཨ་ལན་སྤྲད་ནའང་སུས་ཀྱང་ཐོས་ཀྱིན་མི་གདའ། ཐ་ན་ཁྱོད་ཚོ་ངའི་འགྲམ་དུ་སླེབས་ནའང་ང་རང་མཐོང་གིན་མི་འདུག ཡང་བསྐྱར་དུས་ཚོད་འགའ་འདས་པ་ན། ངའི་ལག་ཏུ་ཤོག་བྱང་ཞིག་བཞག་ནས་ཨ་མྱེས་རྨ་ཆེན་སྦོམ་རར་བྱིན་ལ་སོང་ཟེར། ངས་ལམ་ནས་ས་རྡོ་ཟོས་ཤིང་ཆུ་འཁྱག་འཐུང་ནས་ལ་ལུང་མང་པོ་སྐད་ཅིག་སྐད་ཅིག་ངང་བརྒལ་ནས་གངས་རི་མཐོན་པོ་ཞིག་གི་འགྲམ་ན་མི་དཀར་རྟ་དཀར་ཅན་ཞིག་འདུག་པ་དེར་ལག་གི་ཤོག་དྲིལ་དེ་བྱིན། དེ་ནས་ཕྱིར་ལོག་སྐབས་ངེད་ཚང་གི་ནོར་ལྷས་བརྒྱུད་ནས་འོང་བ་ན།སྒོ་ཁྱི་རྣམས་གཅིག་རྗེས་གཉིས་མཐུད་དུ་ཟུག་བྱུང་མོད། འོན་ཀྱང་ཁྱིམ་མི་སུས་ཀྱང་མ་མཐོང་། བར་སྐབས་ཤིག་ནས་ང་རང་རྫ་རི་ནག་པོ་ཞིག་གི་གསེབ་ཏུ་བསྡད་པ་ན་དུང་སྒྲ་ཞིག་གྲག་བྱུང་། སྔོན་གྱི་མི་དེའང་ངའི་འགྲམ་ལ་སླེབས་ནས་ད་ལྟ་ཁྱོད་རང་ཡུལ་ལ་སོང་ན་ཆོག་ཅེས་རྟ་འཕོངས་ལ་བཞག་ནས་རྫ་རྒྱལ་ཁྲ་ཕྱུག་གི་རི་འདབས་སུ་གཡུགས་པ་ན། ང་རང་གཞི་ནས་སད་བྱུང་།” མོས་དེ་ལྟར་བཤད་པ་ན། ཚང་མར་ཡ་མཚན་སྐྱེས་པ་དང་། མཆོག་སྤྲུལ་རིན་པོ་ཆེས“གཞི་བདག་གིས་ཁྱེར་བ་རེད”ཅེས་གསལ་ཐག་ཆོད་པ་ཞིག་གསུང་བྱུང་། སྐབས་དེར་བསམ་གཞིག་རེ་བཏང་ན་ཨ་ཕའང་མོ་བ་མངོན་ཤེས་ཅན་ཞིག་མ་ཡིན་ནམ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།