ཀྲུང་གོ་བོད་ཀྱི་དྲ་བ།

འོད་རྟགས1994པའི་དགོད་སྒྲ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : མགོན་བུ།   སྤེལ་དུས། : 2021-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

0

འགྲོ་བ་མིའི་རིགས་ཀྱི་གནས་བཅས་པའི་ས་ཡི་གོ་ལ་འདི་ནས་བྱང་སྐར་སྤུན་བདུན་ཕྱོགས་སུ་འོད་ལོ་ཕྱེད་ཙམ་བརྒལ་ན། ཉི་མའི་ཁྱིམ་རྒྱུད་ལྟ་བུའི་གཟའ་སྐར་ཆེན་མོ་བརྒྱད་ཀྱིས་ཉི་མ་ཆེན་པོ་གཅིག་ལྟེ་བར་བཟུང་སྟེ་རང་འགུལ་གྱིས་འཁོར་སྐྱོད་བྱེད་བཞིན་པ་ཞིག་གནས་ཤིང་། དེ་ལས་གཟའ་སྐར་དང་པོར་འོད་ཀྱི་གོ་ལ་ཞེས་མིང་ཡོད་པ་དང་། བཤད་ཚུལ་ལ་འཇིག་རྟེན་འབར་གས་ཆེན་མོ་བྱུང་བ་ནས་དགུ་ཚུགས་ཁྱིམ་རྒྱུད་གྲུབ་པའི་གོ་རིམ་ཁྲོད་འཇིག་རྟེན་གྱི་སེམས་ཅན་དང་པོ་དེ་འོད་ཀྱི་གོ་ལའི་སྟེང་བྱུང་བར་བཤད། གོ་ལ་འདིའི་སྒྲིག་གཞི་ནི་ཤིན་ཏུ་སྟབས་བདེ་ཞིག་ཡིན་ཏེ། སྣེ་ཁྲིད་པ་དང་རྗེས་འབྲང་པ་ཞེས་རིམ་པ་གཉིས་ཀྱིས་གྲུབ་ཡོད། སྣེ་ཁྲིད་པ་ཞེས་པ་ནི་འོད་ཀྱི་གོ་ལའི་སེམས་ཅན་དང་པོར་ཟེར་ཞིང་། དེ་ནི་འོད་ཀྱི་གོ་ལའི་སྐྱབས་དང་མགོན་དུ་བསྟེན་པ་དང་གོ་ལའི་ཤེས་རིག་སྐྲུན་མཁན་རེད། རྗེས་འབྲང་པ་ཟེར་བ་ནི་སེམས་རྩེ་གཅིག་གིས་འོད་ཀྱི་གོ་ལའི་སྣེ་ཁྲིད་པར་ཡིད་ཆེས་བྱེད་མཁན་དང་སྣེ་ཁྲིད་པའི་ལས་དོན་སྒྲུབ་མཁན་རྣམས་ལ་ཟེར། གོ་ལ་འདིའི་ལས་སྒྲུབ་གཙོ་བོ་ནི་དགུ་ཚིགས་ཁྱིམ་རྒྱུད་ཀྱི་ཕྱོགས་སོ་སོར་བརྒྱུད་དེ་སྐྱེ་འགྲོ་གཞན་དག་གི་སྣེ་ཁྲིད་པ་དང་རྗེས་འབྲང་པ་གཉིས་ཀྱི་འབྲེལ་བ་འཐོར་ཞིག་ཏུ་འགྲོ་བར་རྟོག་ཞིབ་བྱེད་པ་ཡིན་ཞིང་། འོད་རྟགས1994ནི་སྒང་པ་བོད་ཀྱི་ཡོངས་འདུས་གྲོང་ཟེར་བའི་གྲོང་ཚོ་ཆུང་ཆུང་ཞིག་ཏུ་མངགས་པའི་རྗེས་འབྲང་པ་ཞིག་རེད།

རིམ་བཞིན་སྒང་པ་བོད་ཀྱི་རྒྱལ་རབས་སིལ་ཐོར། སྲིད་དབང་སྒེར་འཛིན། གྱེན་ལོག་ནང་དམེ། འཁྲུག་རྩོད་ཆེ་ཆུང་གང་མང་བྱུང་ཡང་ཡོངས་འདུས་གྲོང་གི་ཆོས་སྲིད་གཉིས་ཀྱི་སྣེ་ཁྲིད་དང་རྗེས་འབྲང་པའི་བར་གྱི་འབྲེལ་བ་ཐོར་ཞིག་ཏུ་མ་སོང་ལ། ལོ་ངོ་སྟོང་ཕྲག་ལྷག་ལ་འོད་རྟགས1994པས་ཡོངས་འདུས་གྲོང་ཐོར་ཞིག་ཏུ་འགྲོ་བར་རེ་བ་བཅངས་ཀྱང་དོན་དེ་འབྲས་ལྡན་དུ་མ་གྱུར། ཡང་རང་དང་ལོ་ཚིགས་གཅིག་ལ་ས་ཡི་གོ་ལར་ཐོན་པའི་རྗེས་འབྲང་པ་འགའ་སྔ་མོ་ནས་འོད་ཀྱི་གོ་ལར་ལོག་པར་ཁོང་གིས་སྨོན་པའི་མིག་ཟུང་དང་བཅས་བྱང་སྐར་སྤུན་བདུན་ཕྱོགས་སུ་ཅེར་ནས་འདུག དུས་དེར། གློ་བུར་བའི་སྒྲ་ཞིག་གིས་ཡོངས་འདུས་གྲོང་གི་ལྷིང་འཇགས་ཀྱི་མཚན་མོ་དཀྲོགས་སོང་། འོད་རྟགས1994པས་རྣ་བ་ཀྲོང་ཀྲོང་དང་མིག་ཟུང་ཕུར་ཕུར་གྱིས་ཅི་བྱུང་རྒྱུས་ལེན་དུ་སོང་།

1

བླ་མ་ནོར་བུ་ཚང་གི་དགོན་པ་ནི་ཡོངས་འདུས་གྲོང་གི་མདུན་རིའི་སྟེང་གནས་ཀྱང་། བླ་མ་ཚང་རྒྱུན་པར་སྒར་ན་མི་བཞུགས་པར་གྲོང་ལ་ཕེབས་ཡོད། འོད་རྟགས1994པ་སྦྲང་ནག་ཅིག་ཏུ་སྤྲུལ་ཏེ་བླ་མ་ནོར་བུ་ཚང་གི་གོས་སེར་སྟེང་བབས།

“འཇམ་དཔལ་བཀྲ་ཤིས། འཇམ་དཔལ་བཀྲ་ཤིས ”ཞེས་བླ་མས་རང་གི་མཆོད་གཡོག་བོས་བྱུང་།

“ལགས”ཞེས་འཇམ་དཔལ་བཀྲ་ཤིས་ཀྱིས་བླ་མའི་སྟོད་ཐུང་འཁྲུད་མཚམས་བཞག་སྟེ་ལག་ཟུང་ལྦུ་སོབ་དང་བཅས་ནང་དུ་སླེབས།

“ཁྱོད་ཀྱིས་ལག་པ་གཙང་མར་ཁྲུས་དང”ཞེས་བླ་མ་ནོར་བུས་སྐད་གདངས་ཅུང་མཐོ་ཞིང་དཔྲལ་བའི་གཉེར་རིས་མངོན་གསལ་གྱིས་ཇེ་མང་དུ་གྱུར། འཇམ་དཔལ་བཀྲ་ཤིས་ཀྱིས་ཟངས་ཀྱི་ཀ་ཏོ་ར་ཞིག་ཡོད་པའི་ནང་ལག་པ་བཀྲུས། ཡང་བླ་མ་ནོར་བུས“དེའི་ནང་ལག་པ་བཀྲུས་རྗེས་ཆུ་ཁོལ་གྱིས་གཙང་མ་ཞིག་བདག་བྱོས། རྗེས་མ་ཡང་ཁྱོད་ཀྱིས་དེའི་ནང་རྩམ་པ་བརྫི་ནི་རེད”ཅེས་བཤད།

འཇམ་དཔལ་བཀྲ་ཤིས་ཀྱིས་ཀ་ཏོ་ར་གཙང་མར་བྱས་རྗེས།“དཔལ་ལྡན་གྱིས་རླངས་འཁོར་གྲ་སྒྲིག་བྱས་ཡོད་དམ”ཞེས་བླ་མ་ནོར་བུས་དང་པོར་འདྲི་བསམ་པའི་སྐད་ཆ་དེ་བཤད།

“གྲ་སྒྲིག་བྱས་ཚགས་འདུག ”ཅེས་འཇམ་དཔལ་བཀྲ་ཤིས་ཀྱིས་ལན་བཏབ་རྗེས་ཡང་སྐད་ཆའི་རྗེས་བསྐྱངས་ཏེ“ ལགས། དེ་རིང་གང་དུ་ཕེབས་དགོས”ཞེས་དྲིས་མ་ཐག བླ་མ་ནོར་བུའི་དཔྲལ་བའི་གཉེར་རིས་ལྷག་ཏུ་ཇེ་མང་དུ་གྱུར་པར་འཇམ་དཔལ་བཀྲ་ཤིས་ཀྱིས་རང་ཉིད་ཀྱི་སྐད་ཆ་མང་དྲགས་པ་ཚོར།

ཡང་བླ་མ་ནོར་བུས་འཇམ་དཔལ་བཀྲ་ཤིས་ཀྱི་མགོ་བོ་སྨད་པ་མཐོང་སྟེ།“ཐེངས་སྔོན་མར་འདིར་ཕེབས་པའི་རྒྱ་བཟའ་ཟླ་གཉིས་ཡོད་པ་དྲན་ནམ”ཞེས་བླ་མས་ཅི་མི་སྙམ་པའི་ཉམས་ཀྱིས་བཤད།

འཇམ་དཔལ་བཀྲ་ཤིས་ཀྱིས“དགོན་པར་ལུས་རྩལ་ར་བ་ཁས་བླངས་པ་དེ་གཉིས”ཞེས་བཤད་མ་ཐག བླ་མས་མགོ་བོ་ལྡེམ་བཞིན“གནངས་ཉིན། ཁོ་གཉིས་གྲོང་ཁྱེར་ལ་སླེབས་ཡོང”ཞེས་བཤད་པར། འཇམ་དཔལ་བཀྲ་ཤིས་ཀྱིས་ཡང“དེ་ན་བླ་མ་ཚང་དེ་རིང་ནས་ཕེབས་དོན་ཅི”ཞེས་སྐད་ཤོར་བར་བླ་མ་ནོར་བུས་འཇམ་དཔལ་བཀྲ་ཤིས་ལ་སྡང་མིག་ཅིག་བགྲད་རྗེས་ལག་གི་དཀར་ཡོལ་ཅོག་ཙེའི་སྟེང་བཞག

འཇམ་དཔལ་བཀྲ་ཤིས་ཀྱིས་ཅི་ཡང་མི་སྨྲ་བར་བླ་མའི་སྟོད་ཐུང་བཀྲུ་རུ་སོང་།

རེ་ཞིག་སོང་རྗེས། བླ་མ་ནོར་བུའི་ཁ་པར་ལས་སིང་སྒྲ་ཞིག་གྲག་པ་དང་བརྡ་འཕྲིན་ཞིག་ཐོན། འོད་རྟགས1994པ་བླ་མའི་སྐྲ་ཐོག་ཏུ་བབས་ཏེ་བལྟས་པར་བརྡ་འཕྲིན་གཏོང་མཁན་གྱི་མིང་ལ་ཡོན་བདག་ཁ་བ་ཞེས་བཏགས་འདུག

དེ་དུས། ཁ་ལོ་པ་དཔལ་ལྡན་བླ་མའི་སྐུ་མདུན་དུ་སླེབས་ཤིང“བླ་མ་ཚང་། ད་ཕེབས་སམ”ཞེས་སྐད་བཤད་མ་ཐག བླ་མར་སྐྲག་འདར་ཞིག་བརྒྱབ་སྟེ་ལག་གི་ཁ་པར་མདུན་ཅོག་སྟེང་ལྷུང་། ཁ་ལོ་པ་དཔལ་ལྡན་གྱིས་བླ་མའི་གདོང་ཡོངས་དམར་པོར་གྱུར་པ་མཐོང་སྟེ་བསྟུད་མར“བླ་མ་རིན་པོ་ཆེ། ཐུགས་རྒྱལ་མ་བཞེངས། བླ་མ་རིན་པོ་ཆེ། ཐུགས་རྒྱལ་མ་བཞེངས། ཐུགས་རྒྱལ་མ་བཞེངས”ཞེས་པ་བཤད་བཞིན་མདུན་ཅོག་གི་ཁ་པར་ཡར་ལེན་རྩིས་བྱས་པར། བླ་མ་ནོར་བུས་མྱུར་བར་ཁ་པར་ཡར་བླངས་ཤིང་མཛུབ་སྣོན་གཅིག་གིས་ཁ་པར་གྱི་ཟྭ་ཁྲོག་སེར་གཏན་བྱུང་།

ཕྲན་ཙམ་འགོར་རྗེས།བླ་མ་ནོར་བུའི་དམར་ལམ་ལམ་དུ་གྱུར་པའི་ཞལ་ངོ་དམར་པོ་ནས་དཀར་པོར་གྱུར་ཅིང་སྐད་མགོ་ཅུང་དམའ་མོས“དཔལ་ལྡན། ད་འགྲོ་རན་རེད། ”ཅེས་འཁྲིས་ཀྱི་ན་བཟའ་བཀླུབས། རྒྱབ་ཁུག་ནག་པོ་ཞིག་ཡོད་པའི་ནང་ཞལ་ངོ་བཀྲུ་བྱེད་ཀྱི་དངོས་པོ་དག་བཅུག སྒོར་ཁུག་ནང་གི་སྒོར་མོ་ཚང་རྩིས་བྱས་རྗེས་མལ་གདན་ལས་ཐང་ལ་བབས་པར། འཇམ་དཔལ་བཀྲ་ཤིས་དབུགས་ཧལ་ཧལ་ངང་ནང་ལ་ཡོང་སྟེ་བླ་མ་ལ། “ཨ་ཁུ་བཀྲ་ཤིས་ཚང་གི་རྒན་མོ་འབྲུག་མོ་ཚེ་ལས་འདས་སོང་ཟེར”ཞེས་བཤད། སྐད་དེ་ཐོས་འཕྲལ་བླ་མ་ནོར་བུའི་ཞལ་ངོར་སྙིང་རྗེའི་རྣམ་འགྱུར་ཞིག་ཕར་ཞོག་སུན་སྣང་ཞིག་ངང་གིས་སྐྱེས་ཤིང་དཔྲལ་བའི་གཉེར་རིས་མདུད་ལོག་དགུ་ལོག་བརྒྱབ། ཡང་ཁོས་རྒྱབ་ཁུག་ནག་པོ་ལས་འབྲི་དེབ་ཅིག་བླངས། ཤེལ་གྱི་མིག་ཤེལ་ཆུང་བ་གོན་རྗེས“ རུ་ཁག་བཞི་པ། བཀྲ་ཤིས། བཀྲ་ཤིས ”ཞེས་འབྲི་དེབ་ལས་ཨ་ཁུ་བཀྲ་ཤིས་ཀྱི་མིང་བཙལ། དུས་དེར། བླ་མ་ནོར་བུའི་ཁ་པར་སྟེང་ཡོན་བདག་ཁ་བ་ཞེས་པས་ཡང་བསྐྱར་བརྡ་འཕྲིན་བསྐུར་ཡོང་། བླ་མ་ནོར་བུས་ཁ་པར་རུམ་དུ་བཅུག འབྲི་དེབ་ཀྱི་ཤོག་ངོས་གང་དུའང་ཨ་ཁུ་བཀྲ་ཤིས་ཀྱི་མིང་མ་རྙེད་པས། བླ་མ་ནོར་བུས“ཁྱེད་གཉིས་ཀྱིས་ལྟོས། དགོན་པ་ཞིག་གསོ་བྱས་པའི་ཉིན་ནས་བཟུང་། ཨ་ཁུ་བཀྲ་ཤིས་ཚང་གིས་དགོན་པར་སྒོར་གཅིག་མ་ཟད། མཆོད་མེ་རྐང་གཅིག་ཀྱང་འཁྱེར་ཡོང་མེད”ཅེས་བཤད་བཞིན་འབྲི་དེབ་འཇམ་དཔལ་བཀྲ་ཤིས་ཀྱི་ལག་ཏུ་གཡུགས། ཡང“སྔོན་མར་སྡེ་བའི་ཚོགས་ཐོག་ན། ཁོ་ཆང་གིས་བཟི་སྟེ་བླ་མ་ནོར་བུར་མི་བསྟེན་ཞེས་འུར་རྒྱག་བཞིན་པ་ངའི་རྣ་ལའང་བརྒྱུད་ཡོད ”ཅེས་ཞལ་ངོ་ཡང་བསྐྱར་དམར་པོར་གྱུར་པར་དཔལ་ལྡན་དང་འཇམ་དཔལ་བཀྲ་ཤིས་གཉིས་ཁ་རོག་གེར་བསྡད། དེ་དུས། ཁ་པར་སྟེང་ཡང་བསྐྱར་བརྡ་འཕྲིན་ཡོང་བའི་སྒྲ་གྲག་བྱུང་།

“དཔལ་ལྡན། ད་འུ་གཉིས་འགྲོ། དེ་རིང་གྲོང་ཁྱེར་ན་དོན་དག་གལ་ཆེན་ཞིག་ཡོད། ངེས་པར་འགྲོ་དགོས”ཞེས་བཤད་པར་དཔལ་ལྡན་གྱིས“ལགས”ཞེས་སྒོ་ཕྱིར་སོང་། འཇམ་དཔལ་བཀྲ་ཤིས་ཀྱིས་བླ་མ་ནོར་བུ་སྐྱོར་ཙམ་བྱེད་བཞིན་རླངས་འཁོར་ནང་སྡོད་དུ་བཅུག་རྗེས་བླ་མས་འཇམ་དཔལ་བཀྲ་ཤིས་ལ། “ཨ་ཁུ་བཀྲ་ཤིས་ཚང་གི་མི་ཡོང་ན། ང་སྔ་མོ་ནས་གྲོང་ཁྱེར་ལ་ཕེབས་སོང་ཞེས་ཤོད”ཅེས་རླངས་འཁོར་གྱི་སྒོ་ཁྲོག་སེ་གཏན་བྱུང་།

ཕྱི་དྲོའི་དུས་ལ། ཨ་ཁུ་བཀྲ་ཤིས་ཀྱིས་ཁ་བཏགས་སེར་པོ་ཞིག་བཟུང་སྟེ་འཇམ་དཔལ་བཀྲ་ཤིས་ལ་བླ་མ་བཞུགས་མིན་དྲིས་པར་འཇམ་དཔལ་བཀྲ་ཤིས་ཀྱིས་བླ་མས་བཞག་པའི་སྐད་བཤད། མཚན་མོར། ཨ་ཁུ་བཀྲ་ཤིས་ཀྱི་བུ་འབྲིང་བ་དང་སྡེ་བའི་རྒན་པ་གཉིས་ཀྱིས་འཇམ་དཔལ་བཀྲ་ཤིས་ཁྲིད་དེ་བླ་མ་ནོར་བུ་ཚང་ཞུ་རུ་སོང་། འོད་རྟགས1994པ་འཇམ་དཔལ་བཀྲ་ཤིས་ཀྱི་གཟན་གོས་སྟེང་བབས། གྲོང་ཁྱེར་དུ་བསླེབ་ལ་ཉེ་དུས། འཇམ་དཔལ་བཀྲ་ཤིས་ཀྱིས་དཔལ་ལྡན་ལ་ཁ་པར་བཏང་བྱུང་།

“དཔལ་ལྡན། བླ་མ་དང་ཁྱེད་གཉིས་གང་ན་ཡོད།”

“······”

“འོ་ལེ། དེ་ན་མགྲོན་ཁང་གི་མིང་དང་སྒོ་རྟགས་ང་ལ་སྐུར་དང་། ང་ཚོ་སོང་ན་ཆོག”

“······”

“འོ་ཡ་ཡ། དེ་ན་རང་གི་ལམ་ནས་སེམས་ཆུང་བྱོས།”

འཇམ་དཔལ་བཀྲ་ཤིས་སོགས་བླ་མ་བཞུགས་སའི་མགྲོན་ཁང་གི་སྒོ་ཁར་སླེབས་རྗེས། རྒན་པོ་གཉིས་ཀྱིས་རུམ་ནས་ཁ་བཏགས་བླངས། ཨ་ཁུ་བཀྲ་ཤིས་ཀྱི་བུ་འབྲིང་པས་གོས་ཆེན་སེར་པོ་ཞིག་ཕྱུང་ཞིང་སྒོར་མོ་བརྩེགས་ཏོ་ཞིག་ཐོག་ལ་བཞག འཇམ་དཔལ་བཀྲ་ཤིས་ཀྱིས་བླ་མའི་སྟོད་ཐུང་འཁྱེར་བཞིན་མགྲོན་ཁང་བར་ཁྱམས་ཀྱི་གློག་སྐས་མདུན་དུ་སླེབས་དུས། བླ་མ་ནོར་བུ་ཡང་གློག་སྐས་ལ་བསྡད་དེ་མར་ཡོང་བཞིན་འདུག གློག་སྐས་ཀྱི་སྒོ་དལ་མོར་ཕྱེ་བ་དང་མཉམ་དུ་ཁོ་ཚོའི་མཐོང་ལམ་དུ་བརྒྱུད་པའི་བླ་མ་ནོར་བུའི་སྣང་བརྙན་གྱིས་རྒན་པོ་གཉིས་ཧ་ལས་ཧོན་ཐོར། ཁ་གདངས་མིག་ཅེར། རྒན་པོ་གཅིག་གི་ཡིད་ངོར་ལོ་ངོ་མང་པོ་ཞིག་གི་ཡར་སྔོན། རང་གི་བུ་ཆུང་གིས་བླ་མ་ནོར་བུས་མི་ཚངས་སྤྱོད་ཀྱི་བྱ་བ་སྒྲུབ་བཞིན་འདུག་ཅེས་བཤད་པར་ཕ་བུ་གཉིས་འཁྲུག་པའི་དོན་དེ་དྲན་འོང་ལ། ཡང་རྒན་པོ་གཞན་དེའི་བློ་ངོར་རང་གི་ཕ་དྲིན་ཆེན་གྱིས་ནམ་རྒྱུན་བླ་མ་ནོར་བུའི་སྤྲུལ་སྐུ་ངོ་མ་དེ་ཡུལ་ཕྱོགས་གཞན་ཞིག་ན་འདུག་ཅེས་པའི་སྐད་དེ་གསལ་ལེར་དྲན་བྱུང་། བུ་འབྲིང་པའི་ལག་གི་སྒོར་མོ་བརྩེགས་ཏོ་དེ་ས་རུ་ལྷུང་ཞིང་མགྲོན་ཁང་གི་བར་ཁྱམས་སུ་ཐོར། ཁོང་གི་ཡིད་ལ་སྔོན་ཁྱིམ་ནས་ཡོང་དུས་ཨ་ཕས་སྡེ་བ་གཞན་གྱི་བླ་མ་ཞུ་འདོད་ཀྱང་རྒན་པོ་གཉིས་ཀྱིས་བཙན་གྱིས་བཀག་པའི་ཚུལ་དེ་དྲན་འོང་། འཇམ་དཔལ་བཀྲ་ཤིས་ཀྱི་ངོ་གདོང་དམར་པོར་གྱུར་ཏེ་རང་གིས་སྔ་ནས་སེམས་ཁྲལ་བྱས་པའི་དོན་དེ་ད་ནི་ཕྱི་གསལ་ནང་གསལ་དུ་གྱུར་ལ། ཡང་ཅིའི་ཕྱིར་སྐབས་འདི་འདྲ་ཞིག་ལ་མི་འདི་ཚོ་ཁྲིད་དེ་གནས་འདིར་ཡོང་དགོས་པ་དང་ཅིའི་ཕྱིར་བླ་མའི་ངན་མཚང་ཁོ་ཚོ་ལ་སྟོན་དགོས་སམ་ཞེས་མིག་མཐར་མཆི་མ་འཁོར་ཞིང་ལག་གཡས་སུ་བླ་མའི་སྟོད་ཐུང་བཟུང་སྟེ་བྲང་ཁོག་ལ་ཤུགས་ཀྱིས་རྡེག་བཞིན་འདུག སྦྲང་ནག་ཅིག་ཏུ་སྤྲུལ་བའི་འོད་རྟགས1994པས་མགྲོན་ཁང་གི་བར་ཁྱམས་ན་དིར་དིར་ཞེས་གད་མོའི་དགོད་སྒྲ་བསྒྲགས་ཏེ་ཡར་འཕུར་མར་འཕུར་བྱེད་བཞིན་མཆིས།

2

གཟའ་འཁོར་གཅིག་གི་ཡར་སྔོན། ཡོངས་འདུས་གྲོང་གི་ཧྲུའུ་ཅི་ཐོ་ཐོ་ལ་རྫོང་མི་དམངས་སྲིད་གཞུང་གིས་བརྡ་སྦྱོར་བཏང་སྟེ། ཡོངས་འདུས་གྲོང་ད་ལོར་དབུལ་ཐར་གྲོང་སྡེར་བདམས་པར་རྟེན་འབྲེལ་ཞུ་བ་དང་མཉམ་དུ་བརྙན་ཐུང་ཞིག་འཁྲབ་བྱའི་འཆར་གཞི་བཀོད་པས་རྒྱུན་པར་རྫོང་ཐོག་ན་གསོག་གསོབ་ཀྱི་ལས་ལ་བྲེལ་བའི་ཧྲུའུ་ཅི་ཐོ་ཐོ་ཉི་རྩེ་མ་ཤར་སྔོན་དུ་ཡོངས་འདུས་གྲོང་གི་ཁྱིམ་ཚང་རེ་རེར་རྒྱུག་བཞིན་གདའ། འོད་རྟགས1994པ་ཁང་བྱིའུ་ཞིག་ཏུ་སྤྲུལ་ཏེ་ཨ་ཁུ་ཚེ་རིང་ཚང་གི་གླང་སྣའི་སྟེང་བསྡད།

“ཨ་ཁུ་ཚེ་རིང་། ཉེ་ལམ་སྐུ་ཁམས་བདེ་མོ་ཡིན་ནམ”ཞེས་ཧྲུའུ་ཅི་ཐོ་ཐོས་ལག་གཡས་སུ་སིལ་ཏོག་ཁུག་མ་གང་བཟུང་ཞིང་ལག་གཡོན་དུ་འོ་མ་སྒམ་གང་སྐྱོར་བཞིན་འཛུམ་དམུལ་དམུལ་གྱིས་བཤད།

“ཁྱོད་སུ་རེད”ཅེས་ཨ་ཁུ་ཚེ་རིང་གིས་མིག་ཟུང་བཙུམ་བཙུམ་བྱས་ནས་བལྟས་ཀྱང་། མིག་མདུན་གྱི་མི་དེ་སུ་ཡིན་པ་མ་ཤེས།

“ཨ་ཕ། ཁོ་ང་ཚོའི་སྡེ་བའི་ཧྲུའུ་ཅི་རེད། ཧྲུའུ་ཅི་ཐོ་ཐོ་རེད”ཅེས་གམ་གྱི་མནའ་མས་ཧྲུའུ་ཅི་ཐོ་ཐོར་འོ་ཇ་ལྡུག་ཞོར་བཤད།

“ ཧྲུའུ་ཅི་ཐོ་ཐོ། རེད། རེད ”ཅེས་ཨ་ཁུ་ཚེ་རིང་གིས་མགོ་བོ་ལྡེམ་བྱུང་།

“ཨ་ཁུ་ཚེ་རིང་། ད་ལོར་ཞིང་རྨོ་བའི་འཆར་གཞི་ཡོད་དམ”ཞེས་ཐོ་ཐོས་དྲིས་པར། ཨ་ཁུ་ཚེ་རིང་གི་གདོང་དུ་འཛུམ་ཆུང་ཞིག་རྒྱས་བཞིན“ཞིང་པ་ཞིག་གིས་ཞིང་མི་རྨོ་ན་ཅི་བྱེད་དམ”ཞེས་ལྡོག་འདྲི་བྱས་པར་ཐོ་ཐོས་ཏར་ཙམ་ལ་ཅི་བཤད་དགོས་པ་མ་ཤེས།

ཡང་ཨ་ཁུ་ཚེ་རིང་གིས་གཏམ་ཀྱོག་པོ་ཅི་ཡང་མེད་པར“ཧྲུའུ་ཅི། འདིར་ཡོང་དོན་ཅི་ཡིན”ཞེས་བཤད་མ་ཐག ཐོ་ཐོས་བརྗེད་ངས་གང་གི་དྲན་པ་སོས་པ་ལྟར“ངའི་དྲན་པ་འདི། ཨ་ཁུ་ཚེ་རིང་གིས་དྲན་སྐུལ་མ་གནང་ཚེ་ཡང་ངས་བརྗེད་འདུག”ཅེས་ལག་གཡས་ཁུ་ཚུར་དང་བཅས་དཔྲལ་བར་ཡང་མོར་བརྡུངས་བྱུང་།

“ཨ་ཁུ་ཚེ་རིང་། ད་ལོར་ང་ཚོའི་ཡོངས་འདུས་གྲོང་དབུལ་ཐར་གྲོང་སྡེར་བདམས་ཡོད་པར་མ་ཟད། རྫོང་མི་དམངས་སྲིད་གཞུང་གིས་ཀྱང་རྟེན་འབྲེལ་ལེགས་པོ་ཞུ་བཞིན་ཡོད”ཅེས་ཐོ་ཐོས་བཤད།

ཨ་ཁུ་ཚེ་རིང་གིས“དབུལ་ཐར་གྲོང་སྡེ། དབུལ་ཐར་གྲོང་སྡེ་ཟེར་ན་ཅི་ཞིག་གི་དོན་རེད”ཅེས་དྲིས།

ཧྲུའུ་ཅི་ཐོ་ཐོས“དབུལ་ཐར་ཟེར་ན་དབུལ་པོའི་ལམ་ནས་ཐར་བའི་དོན་རེད”ཅེས་བཤད།

“དབུལ་པོའི་ལམ་ནས་ཐར་ཏེ་ཕྱུག་པོར་ཆགས་ཡོད་དམ”ཞེས་ཨ་ཁུ་ཚེ་རིང་གིས་དྲིས་པར། ཧྲུའུ་ཅི་ཐོ་ཐོས་གདོང་དུ་འཛུམ་ཆུང་ཞིག་རྒྱས་བཞིན“ཕྱུག་པོར་ཆགས་པར་དེ་འདྲའི་ལས་སླ་བོ་ཞིག་ག་ལ་ཡིན། འོན་ཀྱང་དབུལ་ཐར་བྱས་ཏེ་འབྱོར་འབྲིང་ལ་སླེབས་ཡོད་སྲིད”ཅེས་བཤད།

ཡང་ཨ་ཁུ་ཚེ་རིང་གིས“དེས་ན་འབྱོར་འབྲིང་ཟེར་ན་ཅི་རེད”ཅེས་དྲིས་པར་ཐོ་ཐོའི་གདོང་གི་འཛུམ་ཆུང་རིམ་བཞིན་ཡལ་ཞིང་ཅུང་གཟབ་ནན་གྱི་རྣམ་འགྱུར་ཞིག་བསྟན་ཏེ“འུ་གཉིས་ཀྱིས་དབུལ་ཐར་དང་འབྱོར་འབྲིང་གི་སྐོར་མི་གླེང་། དེ་རིང་ང་འདིར་ཡོང་དོན་ཁྱེད་ཚང་གི་ཟོག་ཁང་གི་དོན་ཡིན”ཞེས་བཤད་མ་ཐག ཨ་ཁུ་ཚེ་རིང་གི་གདོང་དུ་ཡ་མཚན་པའི་རྣམ་འགྱུར་ཞིག་བསྟན་ཏེ“ངེད་ཚང་གི་ཟོག་ཁང་གིས་ཅི་ཁག་སོང”ཞེས་དྲིས་པར།ཐོ་ཐོས་ལག་གི་དཀར་ཡོལ་མདུན་ཅོག་སྟེང་བཞག་སྟེ།“གཟའ་འཁོར་གཅིག་གི་རྗེས་སུ། ང་ཚོའི་སྡེ་བའི་ནང་རྫོང་མི་དམངས་སྲིད་གཞུང་གི་ཧྲུའུ་ཅི་དང་བརྙན་ལེན་པ་འགའ་ཡོང་རྒྱུ་རེད། ཁོ་ཚོས་ང་ཚོའི་སྡེ་བ་ཇི་ལྟར་དབུལ་ཐར་བྱས་པར་བརྙན་ཐུང་ཞིག་ཕབ་གྲབས་འདུག ཁྱེད་ཚང་གི་ཟོག་ཁང་དེ་གཞུང་ལམ་འགྲམ་དུ་ཡོད་པས་ཅུང་མི་ཡག་པ་འདྲ”ཞེས་བཤད་མ་ཐག ཨ་ཁུ་ཚེ་རིང་གི་མིག་གཉིས་ཆེར་གདངས། སྐད་མགོ་ཅུང་མཐོན་པོས“ངེད་ཚང་གི་ཟོག་ཁང་གིས་ཅི་ཁག་སོང་། རྫོང་གི་ཧྲུའུ་ཅི་ཡོང་ན་ངེད་ཚང་གི་ཟོག་ཁང་ལ་བལྟའམ”ཞེས་དཔྲལ་བའི་གཉེར་རིས་ཇེ་མང་དུ་སོང་བར།ཧྲུའུ་ཅི་ཐོ་ཐོས“ཨ་ཁུ་ཚེ་རིང་། ངའི་ནང་དོན་དེ་མིན། ཁྱེད་ཚང་གི་ཟོག་ཁང་དེ་མིག་གི་ཐོགས་ས་ཞིག་ན་འདུག ངའི་བསམ་པར་ཟོག་ཁང་གནས་གཞན་ཞིག་ཏུ་སྤར་ཏེ་ཟོག་ཁང་གི་ཤུལ་དུ་དབུལ་ཐར་གྲོང་སྡེ་ཟེར་བའི་རྡོ་རིང་ཞིག་བསླངས་ན་ཡག་བསམས”ཞེས་བཤད་པར་ཨ་ཁུ་ཚེ་རིང་གིས་ཅི་ཡང་མི་སྨྲ་བར་མིག་ཟུང་བཙུམ་སྟེ་འདུག

ཡང་ཧྲུའུ་ཅི་ཐོ་ཐོས“རྫོང་གི་ཧྲུའུ་ཅི་དང་བརྙན་ལེན་པ་དག་ཡོང་ཚེ། ངའི་བསམ་པར་སྡེ་བའི་ཞིང་རྨོ་བའི་དུས་ཚོད་ཀྱང་ཕྱི་སྣུར་བྱེད་དགོས་སྙམ། གོང་རིམ་གྱིས་ང་ཚོའི་སྡེ་བ་དབུལ་ཐར་གྲོང་སྡེར་བདམས་ན། ང་ཚོས་ད་རུང་སྒོ་ཕྱུགས་ཀྱིས་ལུད་སྐྱེལ་བ་དང་ཞིང་རྨོས་ཚེ་ཡག་པོ་ཞིག་གཏན་ནས་མིན”ཞེས་བཤད་མ་ཐག ཨ་ཁུ་ཚེ་རིང་གི་གདོང་ཡོངས་ནག་པོར་གྱུར། མཆུ་ཏོ་སྦོས་སྦོས་ཀྱིས“ཡ། ང་ད་རུང་ཕྱག་སྐོར་ལ་འགྲོ་དགོས། རང་གིས་ཇ་ཐུངས”ཞེས་ཡར་ལངས་ཏེ་འགྲོ་རྩིས་བྱས་པར།ཧྲུའུ་ཅི་ཐོ་ཐོས་ཀྱང་ཚུལ་དེ་མཐོང་འཕྲལ་གདོང་གི་འཛུམ་མདངས་ཡལ། ཅུང་ཁྲོ་བའི་གདངས་ཀྱིས“ཁྱོད་རྒན་པོ་ཅི་འདྲའི་སྐོར་ལོག་ཅིག”ཅེས་བཤད་བཞིན་ཁྲིའུ་ལས་ཡར་ལངས་བྱུང་།

ཨ་ཁུ་ཚེ་རིང་གིས་ཀྱང་ཁྲོ་བའི་གདངས་ཀྱིས“སྐོར་ལོག་ད་ཁྱོད་རེད་ཡ”ཞེས་བཤད་བཞིན་སྒོར་ཕྱིར་བུད།

ཧྲུའུ་ཅི་ཐོ་ཐོས“རྒན་པོ་ཅི་འདྲའི་ཨུ་ཚུགས་ཅན་ཞིག”ཅེས་མནའ་མའི་ཕྱོགས་སུ་བཤད་ཀྱང་མནའ་མས་ཁོ་ལ་ཚིག་ལན་ཅི་ཡང་མེད་པར་ཁྱིམ་ལ་གད་བདར་བྱེད་མགོ་བརྩམས།

ཕྱི་ཉིན། ཧྲུའུ་ཅི་ཐོ་ཐོས་ཡོངས་འདུས་གྲོང་ལ་བཀའ་ཡི་ཁྲིམས་ཆུང་བ་ཞིག་བཞག་པ་ནི། གཟའ་འཁོར་གཅིག་གི་རིང་དུ་ཁྱིམ་ཚང་རེ་རེའི་ཕྱུགས་ཟོག་གཞུང་ལམ་གཡས་གཡོན་དུ་བཏང་མི་ཆོག་པ་དང་ཞིང་རྨོ་བའི་དུས་ཚོད་གཟའ་འཁོར་གཅིག་གིས་ཕྱི་སྣུར་བྱེད་དགོས་པ། གལ་སྲིད་ཁྲིམས་ལ་འགལ་མཁན་ཡོད་ཚེ་ཆད་པ་ལྕི་མོ་འཁུར་དགོས།

ཡང་ཉིན་གཉིས་ཀྱི་རྗེས་སུ། ཧྲུའུ་ཅི་ཐོ་ཐོས་ཡང་དང་བསྐྱར་དུ་སྡེ་དཔོན་དང་ལས་མི་འགའ་ཨ་ཁུ་ཚེ་རིང་ཚང་ལ་མངགས་པས་ཨ་ཁུ་ཚེ་རིང་ཡང་བྱ་ཐབས་ཟད་དེ་ཟོག་ཁང་གནས་སྤོར་བར་ཁས་བླངས། ཐོ་ཐོས་གཉིད་ཆག་ཟས་བརྗེད་ཀྱིས་ཟོག་ཁང་གི་ཤུལ་དུ་དབུལ་ཐར་གྲོང་སྡེ་ཟེར་བའི་རྡོ་རིང་བསླངས་རྗེས་ཤིན་ཏུ་ཡིད་ཚིམ་པའི་རྣམ་འགྱུར་གྱིས་རྡོ་རིང་ལ་བལྟས་འདུག

བརྙན་ལེན་པའི་ཉིན་དེར། རྫོང་མི་དམངས་སྲིད་གཞུང་གི་ཧྲུའུ་ཅི་དང་བརྙན་ལེན་པ་དག་འཆར་ཀའི་ཉི་ཟེར་མ་ཤར་སྔོན་དུ་ཡོངས་འདུས་གྲོང་ལ་སླེབས་ཤིང་ཧྲུའུ་ཅི་ཐོ་ཐོས་ལམ་ཁྲིད་འོག་དབུལ་ཐར་གྲོང་སྡེ་ཟེར་བའི་རྡོ་རིང་གམ་དུ་ཐོན་དུས། ཨ་ཁུ་ཚེ་རིང་ཚང་གི་དྲེལ་ལུ་རྒྱ་མོ་དང་བོང་རྒན་སྐྱ་ལྡང་། བ་མོ་ཁྲ་རིལ། མ་མོ་གཟའ་རོ་སོགས་རྡོ་རིང་གི་མཐའ་རུ་ཉལ་འདུག་པ་དང་། བ་མོ་ཁྲ་རིལ་གྱིས་ཧྲུའུ་ཅི་ཐོ་ཐོ་གང་མྱུར་གྱིས་ཚུར་བརྒྱུགས་འོངས་པ་མཐོང་འཕྲལ་འདྲོག་མགོ་ཞིག་བྱས་ཏེ་རྡོ་རིང་ངོས་སུ་ལྕི་བ་ཆེ་ཞིག་བཏང་བྱུང་། གློག་སྡོང་སྟེང་ན་ཁང་བྱིའི་ཞིག་ཏུ་སྤྲུལ་བའི་འོད་རྟགས1994པས་ཀྲི་ཀྲི་ཞེས་གད་མོའི་དགོད་སྒྲ་སྒྲོག་གིན་འདུག །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།