ཀྲུང་གོ་བོད་ཀྱི་དྲ་བ།

ཕྲེང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : འཕགས་ཆེན།   སྤེལ་དུས། : 2021-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཆུ་ཚོད་ཀྱི་ཅོང་སྒྲ་སིང་སིང་སིང་ཞེས་བར་མེད་དུ་གྲག་ཡོང་།དེ་ནི་ཏག་ཏག“ལོངས་ལོངས”ཞེས་བརྗོད་པ་དང་གཉིས་སུ་མ་མཆིས། ཀརྨ་ཚེ་རིང་གིས་ཆུ་ཚོད་ཀྱི་ཅོང་སྒྲ་གཏན་པ་ན། ཁོས་སྔར་རྒྱུན་ལྟར་ཞོགས་པའི་ཆུ་ཚོད་དྲུག་ལ་སླེབས་ཡོད་པ་ཤེས། མདང་ནུབ་ཉལ་ཁར་བསྒྲོན་པའི་མར་མེ་རྐོང་བུ་གཅིག་དེ་དམར་ལྷབ་ལྷུབ་ཏུ་འབར་ཞིང་། རང་ཉིད་ཀྱི་གྲྭ་ཤག་ཆུང་ཆུང་དེའང་གསལ་ལྷམ་མེར་ཡོད། དེ་ནས་སྐྱིལ་ཀྲུང་བཅས་ཏེ་ཙོག་པུར་བཞུགས་རྗེས་སྐེར་གོན་པའི་ཕྲེང་བ་ཚུར་ཕུད་ནས་ཐོད་པར་གཏུག་ཙམ་བྱས། འཇམ་དབྱངས་གང་བློ་མ་ཚར་གཅིག་བཏོན་ཏེ་ཨ་ར་པ་ཙ་འདོན་མགོ་བརྩམས། ཕྱི་ནས་བྱེའུ་སྐད་ཀྱུར་ཀྱུར་དུ་འབྱིན་ནའང་གྲྭ་ཤག་ཆུང་ཆུང་དེ་ཨ་ར་པ་ཙའི་ཆོས་སྒྲས་ཁེངས། ཨ་ར་པ་ཙ་ཕྲེང་སྐོར་བཅུ་ཙམ་ཞིག་བཏོན་མཚམས་འཇམ་ཞིང་སྣུམ་པའི་ཕྲེང་བ་དེ་ཐོད་པར་ཡང་ཡང་གཏུགས་རྗེས་འཕུར་ཙམ་འཕུར་ཙམ་བྱས་ཏེ་མགུལ་དུ་གོན།

གྲྭ་ཤག་ནང་དུ་ཅི་ཞིག་འཚོལ་དགོས་པ་ལྟར་ཡུན་རིང་མིག་གིས་ཕར་ལྟ་ཚུར་ལྟ་བྱས་ཤིང་། གང་ཞིག་བརྗེད་སོང་བ་ལྟར་ཚད་མ་རྣམ་འགྲེལ་གྱི་རྩ་བ་ལག་ཏུ་བཟུང་སྟེ་འདོན་མགོ་རྩོམ་སྐབས། མར་མེའི་སྣུམ་ཡོངས་སུ་ཟད་དེ་སྡོང་བུའི་རྩེ་མོ་ནས་མེ་ལྕེ་རིམ་བཞིན་ཞི་སོང་། ཕྱི་རུ་ནམ་གསལ་ནའང་དམར་ཞིང་སྨུག་ལ་མཐུག་ཅིང་མཁྲེགས་པའི་སྒེའུ་ཁུང་གི་རས་ཡོལ་དེས། འོད་སྣང་ནང་དུ་ཡོང་བ་དང་། མུན་པ་ཕྱི་རུ་འགྲོ་བའི་གོ་སྐབས་བཀག་པས་གྲྭ་ཤག་གི་ཕྱི་ནང་ནི། ཤར་ནུབ་ཀྱི་འཇིག་རྟེན་བཞིན་ངོགས་གཉིས་སུ་གྱུར་ཡོད། དེ་ནས་རྐོང་བུ་མི་སྣང་བ་བཞིན་གྲྭ་ཤག་ནང་གི་དངོས་པོ་ཀུན་མཐོང་ཡུལ་ལས་འདས་ཤིང་། རང་ཉིད་དང་གྲྭ་ཤག་གཉིས་མུན་པས་གཞི་གཅིག་ཏུ་བསྲེས་ཏེ་གཉིས་སུ་མེད་པ་ལྟར་གྱུར་ནའང་། ཁོའི་ལུས་པོ་ནས་ཆེས་ཁ་ཁར་ཚོར་ཐུབ་པ་ནི་ཕྲེང་བ་རེད། ད་གཟོད་ཁོས་ཕྲེང་བའི་ཕྱོགས་ལ་འདང་བརྒྱབ་ཅིང་། ཕྲེང་བ་ནི་རང་ཉིད་ཀྱི་དངོས་པོ་ཆེས་རྩ་ཆེན་དེ་ཡིན་པ་ཕྱིར་དྲན་བྱས། ཡང་བསྐྱར་ཕྲེང་བ་ལ་ལག་པས་རེག་པ་ན། སྒྲོན་མེ་གསལ་བ་བཞིན་ཕྲེང་བ་དང་འབྲེལ་བའི་དོན་དག་མང་པོ་ཞིག་སེམས་ལ་གཅིག་རྗེས་གཉིས་མཐུད་དུ་འཁོར་ཞིང་། དེ་དག་གི་རྣམ་པའང་ཡིད་ལ་ལྷང་ངེར་ཤར།

ཀརྨ་ཚེ་རིང་ལ་མཚོན་ན། ཕྲེང་བ་གང་དུ་ཡོད་ན་ཁོའང་དེ་རུ་ཡོད་ཅིང་། ཁོ་གང་དུ་ཡོད་ན་ཕྲེང་བའང་དེ་རུ་ཡོད། ཁོའི་འཛིན་གྲོགས་དག་གིས་ཀུ་རེའི་ཚུལ་དུ“ཀརྨ་ཚེ་རིང་མེད་ན་ཕྲེང་བ་མེད། ཕྲེང་བ་མེད་ན་ཀརྨ་ཚེ་རིང་མེད”ཟེར། གང་ལྟར་ཀརྨ་ཚེ་རིང་དང་ཕྲེང་བའི་བར་ལ་གཏམ་རྒྱུད་ཧ་ཅང་རིང་པོ་ཞིག་གིས་སྦྲེལ་ཞིང་། དོན་དག་ཡ་མཚན་པ་དུ་མ་ཞིག་དང་འབྲེལ་ཡོད་པ་རེད། དེ་བས་གལ་ཏེ་ཀརྨ་ཚེ་རིང་གིས་རི་མོ་ཞིག་འབྲི་དགོས་ཚེ་ཕྲེང་བའང་ངེས་པར་འབྲི་དགོས་ཤིང་། དེའང་ཕྲེང་བ་སྐེ་ལ་གོན་པའམ་ལག་ཏུ་བཟུང་བ་གང་རུང་ཞིག་འབྲི་དགོས། མ་བྲིས་ན་ཀརྨ་ཚེ་རིང་ཇི་བཞིན་འབྲི་མི་ཐུབ་ཅིང་། གཞན་སུ་ཞིག་ལ། འདི་ཀརྨ་ཚེ་རིང་གི་འདྲ་རིས་རེད་ཅེས་བཤད་ནའང་ཡིད་ཆེས་མི་སྲིད།

ངས་ཀརྨ་ཚེ་རིང་ཐོག་མར་མཐོང་དུས། ཕྲེང་བ་འདི་དམིགས་བསལ་ཞིག་འདུག་བསམ་པ་ལས་ཁོ་རང་ལ་དོ་སྣང་ཅི་ཡང་མ་བྱས། རྗེས་ནས་མཆེད་གྲོགས་སྐོར་ཞིག་གིས་ཀརྨ་ཚེ་རིང་གླེང་སྐབས། ངའི་སེམས་ལ་ཀརྨ་ཚེ་རིང་གི་རྣམ་པ་འཆར་རྒྱུ་མི་འདུག་མོད། ཁོའི་ཕྲེང་བ་ནི་སེམས་ལ་གསལ་ལྷང་ལྷང་དུ་འགུལ་ཡོང་། ངས་ཀརྨ་ཚེ་རིང་མ་ཤེས་པའི་སྔོན་ནས་ཁོའི་ཕྲེང་བ་ཤེས་སོང་ཟེར་ནའང་ཆོག སྐབས་དེར་ངས་ཀརྨ་ཚེ་རིང་གི་ཕྲེང་བ་གླེང་སྐབས། ངས་ཁོ་དང་ཕྲེང་བའི་བར་ལ་འབྲེལ་བ་ཅི་ཞིག་ཡོད་པ་མི་ཤེས་མོད། ཁོའི་ཕྲེང་བ་མཐོང་ཐེངས་རེར་ང་ལའང་འདི་ལྟ་བུ་ཞིག་ཡོད་ན་ཅི་མ་རུང་སྙམ།

ཁོ་རང་གིས་ཀྱང་ཕྲེང་བ་འདིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཡོད་ཚད་མཚོན་ཐུབ་པར་འདོད་ཅིང་། ཕྲེང་བ་འདི་ཁོ་ནས། མ་རིག་མུན་པ་གསལ་ཞིང་ཤེས་རབ་འཕེལ། བཀྲ་ཤིས་ཤིང་དོན་འགྲུབ་ཐུབ་པར་བསམས། དེ་བས་ཀརྨ་ཚེ་རིང་གིས་ནམ་ཡིན་ན་ཕྲེང་བ་འདི་ཁོ་ན་ངོམ་སོ་བྱེད། གཞན་སུ་ལའང་ཕྲེང་འདི་འདྲ་བ་ཡོད་པར་ཁས་མི་ལེན་ཞིང་། འདི་ལས་ལྷག་པའི་དངོས་པོ་གཞན་ཞིག་ཡོད་པར་ཡིད་ཆེས་གཏན་ནས་མི་བྱེད།

ཀརྨ་ཚེ་རིང་ནི་ཉིན་རེ་བཞིན་ཁོ་རང་གཅིག་པུར་དགོན་པའི་རྒྱབ་རིའི་སྒང་དེར་སོང་ནས། ཁ་ནས་མ་ཎི་ཤར་ཤར་འདོན་ཞིང་། ལག་ཏུ་ཕྲེང་བ་ཧྲུག་ཧྲུག་བགྲང་སྟེ་ཕ་ཡུལ་ཕྱོགས་ལ་ཁ་གཏད་ནས་བསྡད་ཡོད། སྐབས་རེར་ལག་གི་ཕྲེང་བ་ལ་ཡུན་གྱིས་ལྟ་བ་དང་། ལན་རེར་ཕ་ཡུལ་ལ་རྒྱང་ལྟ་བྱེད་ཐེངས་རེར། མདུན་ནས་ཕར་ཀྱོག་ཚུར་ཀྱོག་གིས་བཟོས་པའི་ལམ་འདིའི་སྣེ་མོ་གཅིག་ནི་ཕ་ཡུལ་ལ་ཡོད་ཅིང་། ལམ་གྱི་སྣེ་མོ་གཅིག་ནི་ཕ་ཡུལ་ནས་དགོན་པའི་བར་འཐེན་ཞིང་། དགོན་པ་ནས་ལྷ་ས་ཁོ་ནར་གནས་ཡོད་པར་སེམས། ད་དུང་དགོན་པ་ཞེས་པའི་དབེན་གནས་འདི་དང་། ཕ་ཡུལ་ཞེས་པའི་རི་གྲོང་དེ་གཉིས་ཀྱི་བར་དུ་མཐོ་ཞིང་བརྗིད་པའི་རི་བོ་སྟབས་རྒྱལ་གཅིག་པུས་བར་དུ་ཆོད་ཡོད་པར་མཐོང་། འདི་ལྟར་ལྟ་ཐེངས་རེར། ཕ་ཡུལ་དང་དགོན་པའི་བར་དུ་ཅི་ཡང་མེད་པ་ལྟར། ཁོས་རང་གི་རྨོ་མོ་ནི་རི་མོར་བྲིས་པའི་གཟུགས་བཞིན་གསལ་པོར་མཐོང་ཐུབ་པར་མ་ཟད། ད་དུང་ཨ་ཕ་དང་། སྤུན་ཟླ། སྲིང་མོ། གྲོགས་པོ་བཅས་ཀྱི་རྣམ་པ་དང་། ཕ་ཡུལ་གྱི་རྟ་ནོར་ལུག་གསུམ། རི་ཆུ་ནགས་གསུམ། ཁང་པ་དང་ལྷས་ར། ཕོར་བ་དང་ཐབ་ཀ་ཡན་ཆད་ཀྱི་འདྲ་རྣམ་མེ་ལོང་ནང་གི་གཟུགས་བཞིན་ཤར་ཡོང་། ལྷག་པར་དུ་ཕྲེང་བ་འདི་ལ་ལྷ་སའི་ཇོ་བོའི་བྱིན་རླབས་ཀྱི་ཚན་ཁ་དང་། སེམས་ཀྱི་རྨོ་མོའི་ལུས་དྲོད་ཀྱང་ད་དུང་བསྡད་ཡོད་པར་སྙམ།

ཀརྨ་ཚེ་རིང་དགོན་པའི་རྒྱབ་རི་སྒང་ལ་སོང་ནས་ཉིན་རེར་མ་མཐའ་ཡང་དུས་ཚོད་གཅིག་ཡན་ལ་འདུག་པ་གྲྭ་པ་ཀུན་གྱིས་ཤེས་ནའང་། ཁོས་ཕྲེང་བ་དང་ཕ་ཡུལ་ཕྱོགས་སུ་རེས་མོས་ཀྱིས་ལྟ་བའི་སྐོར་ལ་དོ་སྣང་བྱེད་མཁན་ཧ་ཅང་ཉུང་། འོན་ཏེ་ཐུབ་བསྟན་གཞན་ཕན་ནི་དེ་འདྲ་གཏན་ནས་མ་རེད། ཁོས་ཀརྨ་ཚེ་རིང་གིས་གྲྭ་ཆས་ཅི་ཞིག་གྱོན་པ་དང་། ཉིན་རེར་ཕྲེང་བ་ལ་ཅི་ཙམ་ཐུག་པ་ཡང་ཕལ་ཆེར་ཚོད་ཐིག་ཟེར། དེ་བས་ཐུབ་བསྟན་གཞན་ཕན་ཡང་དགོན་པའི་རྒྱབ་རིའི་སྒང་དེར་འགྲོ་གྲངས་མང་ཞིང་། ཁོའི་དམིགས་ཡུལ་ངོ་མ་ནི་ཀརྨ་ཚེ་རིང་གིས་ཅི་ཞིག་བྱེད་མིན་དོ་སྣང་བྱེད་རྒྱུ་ཙམ་མ་ཡིན་པར་ཕྲེང་བ་ལ་བལྟ་རྒྱུ་དེ་རེད། རིམ་བཞིན་དགའ་ཕྱོགས་སུ་གྱུར་སོང་བ་རེད་ཟེར་ན་ཆོག ཁོ་དགོན་པ་ནང་དུ་ཕྱིར་ལོག་ཐེངས་རེར་གདོང་ལ་མཚར་སྣང་གིས་ཁེངས་ཡོད། འོན་ཀྱང་ཀརྨ་ཚེ་རིང་གིས་ཐུབ་བསྟན་གཞན་ཕན་མཐོང་ཐེངས་རེར་དོགས་མི་བདེ་བར་གྱུར་ཅིང་། ཁོ་དང་གཡོལ་ནས་འགྲོ་ཅི་ཐུབ་བྱེད། ཁོང་གཉིས་བར་ལ། ཕ་གཅིག་བླ་མ་གཅིག་པ་དང་། མ་གཅིག་དཀྱིལ་འཁོར་གཅིག་པའི་མཆེད་གྲོགས་ཀྱི་འབྲེལ་བ་ཡོད་ནའང་ད་དུང་ཕན་ཚུན་བར་ལ་བསྟུངས་མི་ཐུབ་པའི་བར་ཐག་ཅིག་ཡོད་པ་རེད།

ཀརྨ་ཚེ་རིང་ནི་བཤད་གྲྭའི་སློབ་གཉེར་པ་ཐུན་མོང་གི་སྒྲིག་སྲོལ་ལྟར། ཞོགས་པར་བློ་ལེན་དང་། ཞོགས་ཇ་གྲུབ་མ་ཐག་དཔེ་ཁྲིད་དང་། དེ་ནས་རྩོད་པ། གུང་ཚིགས་གསོལ་རྗེས་དཔེ་ཐུན་ལ་འདུག་པ། ཕྱི་དྲོའི་གསོལ་ཀ་དང་སྐྱོར་སྦྱོང་ལ་འཚོག་དགོས་པ་མ་ཟད། དགོང་མོའི་རྩོད་ར་དང་། མཚན་མོའི་དཔེ་ཐུན་བཅས་པ་ལ་འགྲོ་ཞུགས་དགོས་པས་དུས་ཚོད་ཧ་ཅང་དཀོན་ནའང་བར་སྟོང་བཙལ་ནས་རྒྱབ་རིའི་སྒང་ལ་འགྲོ་བའི་རྒྱུན་ཆད་མ་མྱོང་། ཁོའི་བརྩོན་འགྲུས་དང་རྒྱུན་འཁྱོངས་ལ་མི་མང་པོ་ཞིག་ཧ་ལས་བཞིན་ཡོད།

“ཀརྨ་ཚེ་རིང་ལགས། ད་ལྟ་གནམ་ངོ་ཧ་ཅང་ནག་པས་ཅུང་ཙམ་ནས་ཁ་བ་འབབ་རྒྱུ་རེད། རྒྱབ་རིའི་སྒང་ལ་སོང་ན་གྲང་བས་མནར་ངེས།”

ཉིན་ཞིག་ཕྱི་དྲོའི་རྩོད་པ་གྲོལ་རྗེས་རླུང་བུ་འཇམ་པོ་ཞིག་དང་ལྷན་དུ་ཐུབ་བསྟན་གཞན་ཕན་གྱིས་ཀརྨ་ཚེ་རིང་ལ་གནམ་གཤིས་སྔོན་བརྡ་ལྟ་བུའི་སྐད་ཆ་དེ་བཤད་ཙ་ན། ཁ་ཚུར་འཁོར་ཙམ་ཡང་མི་བྱེད་པར། “དགུན་ཁར་ཁ་བ་ནམ་ཞིག་ལ་འབབ་མིན་ཁྱོད་ཀྱིས་ཇི་ལྟར་ཤེས།”

དྲི་བ་འདི་འདྲི་ཞོར་ཕྲེང་བ་ལག་ཏུ་བགྲང་བཞིན་ཕར་ལྟ་ཚུར་ལྟ་ཙམ་ཡང་མི་བྱེད་པར་ཐད་ཀར་རྒྱབ་རིའི་སྒང་ལ་བུད་སོང་། ཐུབ་བསྟན་གཞན་ཕན་ཅི་བྱ་གཏོལ་མེད་དུ་གྱུར་ནས་གྲྭ་ཤག་ནང་དུ་འཛུལ་ཏེ་སྒོ་ཁྲོག་ཅེས་བརྒྱབ། སྐབས་དེར་ངས་ཀྱང་ཐུབ་བསྟན་གཞན་ཕན་གྱི་སྐད་ཆ་ལ་ཡིད་ཆེས་མ་བྱས་པར་དགོན་པའི་གཡོན་ངོགས་ཀྱི་ལུང་པ་ཆུང་ཆུང་དེ་རུ་ཆུ་ལེན་དུ་ཆས་པ་ཡིན། འོན་ཀྱང་ཅུང་ཙམ་ནས་གནམ་ཇེ་འཐིབ་དང་། རླུང་ཇེ་ཉུང་དུ་གྱུར་ཏེ་ཁ་བའི་འདབ་མ་གཅིག་རྗེས་གཉིས་འབབ་བྱས་ཏེ། སྐྱ་ཐ་ལེར་ཡོད་པའི་རི་ལུང་ཀུན་སྐད་ཅིག་ཉིད་ལ་དངུལ་མདོག་གི་འཇིག་རྟེན་དུ་བསྒྱུར་སོང་ལ། ངུར་སྨྲིག་གི་ན་བཟའ་གསོལ་བའི་ཀརྨ་ཚེ་རིང་དང་། གསེར་གྱི་རྒྱ་ཕིབས་བཙུགས་པའི་འདུ་ཁང་གཉིས་ཀྱང་ཁ་བའི་འདབ་མས་ཡོངས་སུ་བཏུམས་ཤིང་། རི་ཆེན་པོའི་འགྲམ་དུ་ཕུར་ཚུགས་ཀྱིས་གྲུབ་འདུག ངས་ལོ་འདིའི་ཁ་བ་འབབ་ཕྱོགས་ཐད་ལ་འདང་བརྒྱབ་པ་ཡིན། ཁ་བ་འབབ་ཐེངས་ཀུན་ལ་ཀརྨ་ཚེ་རིང་རི་སྒང་གན་ན་བསྡད་ཡོད་མེད་བསམ་བློ་བཏང་མོད། ན་ནིང་དབྱར་ཁར་ཆར་ཞོད་ཆེ་སྐབས་ཤིག་ལ་བསྡད་ཡོད་པ་དྲན་ཞིང་། རྗེས་ནས་གྲྭ་ཤག་ཏུ་རློན་ཙར་རེར་ལོག་སོང་། ང་ལ་དེ་དུས་སྙིང་རྗེ་ཞིག་སྐྱེས་མོད་ད་ཐེངས་ཁོའི་ཨུ་ཚུགས་ལ་མཚར་སྣང་ཤོར་སོང་།

ང་ལ་མཚོན་ན་ཀརྨ་ཚེ་རིང་ནི་སྐབས་རེར་ཡིད་སྨོན་ས་དང་། ལན་རེར་ཞེ་སྡང་ས་ཡིན། ངས་ནམ་ཡིན་ན་ཁོའི་ཕྲེང་བ་དེ་ལྟ་བུ་ཞིག་བདག་ལ་ཡོད་ན་ཅི་མ་རུང་སྙམ་ཞིང་། ཕྲེང་བའི་ནང་དུ་ཨ་ར་པ་ཙ་ཕྲེང་སྐོར་གཅིག་དང་། ད་དུང་རྩོད་ར་ནང་ནས་རྟགས་གསལ་ཁྱབ་ཁོངས་འགའ་གཏོང་སྐབས་ལག་ཏུ་འཛིན་རྒྱུ་ཨེ་རྙེད་བསམས་མོད་ད་དུང་ངའི་རེ་བ་འགྲུབ་མེད། ཁོའི་འཛིན་གྲྭ་གཅིག་པ། དེ་བཞིན་འཛིན་གྲྭ་གོང་འོག་གི་མཆེད་གྲོགས་མང་པོས་ཧ་ཅང་སྙིང་ཉེ་ཉེ་བྱེད་ཅིང་། ཁོའི་ཕྲེང་བ་ལག་ཏུ་ཨེ་ལོན་བལྟ་བར་བྱེད། ལྷག་པར་དུ་ཐུབ་བསྟན་གཞན་ཕན་ནི་ཀརྨ་ཚེ་རིང་གི་ཕྲེང་བ་ལ་ཞེ་གཏིང་ནས་དགའ་ཞིང་། ནམ་ཡིན་ན་རྩོད་ཟླ་བསྒྲིག་ཨེ་ཐུབ་ལྟ། གལ་ཏེ་རྩོད་ཟླ་བསྒྲིགས་ཡོད་ཚེ་ཀརྨ་ཚེ་རིང་གིས་ཅི་ཞིག་བཤད་མིན་ལ་མཉམ་མི་འཇོག་པར་ཕྲེང་བ་གང་དུ་ཁུར་ན་དེ་རུ་མིག་གི་བུང་བ་ཀེམ་ཀེམ་གཡོ་བར་བྱེད། གང་ཞིག་ལ་མཉམ་འཛོམ་གྱི་སྐད་ཆ་ཞིག་བཤད་ན། ཀརྨ་ཚེ་རིང་གི་ཕྲེང་བའི་སྐོར་བཤད་འོངས་ཤིང་། ཀརྨ་ཚེ་རིང་ལས་ཀརྨ་ཚེ་རིང་གི་ཕྲེང་བ་གལ་ཆེ་བར་བརྩི། ཁོས་ཀརྨ་ཚེ་རིང་འཚོལ་སྐབས་གཞན་ལ་ཀརྨ་ཚེ་རིང་གི་ཕྲེང་བ་གང་དུ་ཡོད་མེད་འདྲི་བ་ལས་ཀརྨ་ཚེ་རིང་འདྲི་མི་སྲིད། འོན་ཀྱང་ཀརྨ་ཚེ་རིང་གིས་ངེད་ཚོ་ལ་དོ་སྣང་ཅི་ཡང་མེད་པར། ཁོའི་ཕྲེང་བ་འདི་ཧ་ཅང་རིན་ཐང་ལྡན་པ་དང་བྱིན་རླབས་ཅན་ཞིག་ཡིན་པར་འདོད་ཅིང་། གཞན་གྱི་ལག་ཏུ་འཇོག་མི་བྲ་བ་མ་ཟད་ཉིན་མཚན་དུས་དྲུག་ཀུན་ཏུ་ལུས་དང་གྲིབ་མ་བཞིན་དུ་འབྲལ་མེད་བྱེད།

ཆོས་ར་ནང་ནས་ཀརྨ་ཚེ་རིང་གང་དུ་སོང་ན། དེ་རུ་མི་མང་པོས་འཚང་ཁ་རྒྱག་ཅིང་། ཀརྨ་ཚེ་རིང་གི་ཕྲེང་བ་ཞེས་པའི་ཐ་སྙད་འདི་འུར་འུར་དུ་གྲགས་ཤིང་གྱང་ངོས་སུ་བྲག་ཅ་འཁོར་འོང་། བར་སྐབས་འདིར་ཀརྨ་ཚེ་རིང་གིས། ཁོའི་མཐའ་འཁོར་དུ་རུབ་པའི་གྲྭ་པ་རྣམས་ལ་མིག་མྱུལ་ཐེངས་གཅིག་བྱས་ཏེ་དགེ་འདུན་པ་རེ་རེའི་ལག་ཏུ་ཕྲེང་བ་རེ་རེ་བཟུང་འདུག་ཅིང་། དེ་དག་གི་ཁྲོད་དུ་ཁོའི་ཕྲེང་བ་འདྲ་བ་མི་འདུག་ཨང་བསམས་སྟེ་ང་རྒྱལ་གྱི་མགོ་འཕང་ཇེ་མཐོར་སོང་། དེ་བཞིན་མཁན་པོ་ལའང་མི་འདུག་བསམས་ཏེ། “ངའི་ཕྲེང་བ། ངའི་ཕྲེང་བ། གནམ་ནས་བབས་པའི་ངའི་ཕྲེང་བ”ཞེས་སྐད་ཆ་གསལ་ལ་མི་གསལ་བ་ཞིག་ཁ་ནས་ཤོར་བས། ཟུར་ནས་ཐུབ་བསྟན་གཞན་ཕན་གྱིས། “ཀརྨ་ཚེ་རིང་གི་ཕྲེང་བ་ནི་གནམ་ནས་བབས་པ་རེད”ཅེས་སྐད་བརྒྱབ།

ཉེ་འཁོར་ནས་སྐོར་ཞིག་གིས་རྩོད་པ་རྒྱག་མཚམས་བཞག་སྟེ་ཀརྨ་ཚེ་རིང་གི་འགྲམ་དུ་འདུས་སྐབས་ཁོ་གློ་བུར་དུ་བྱ་འཕུར་བ་བཞིན་གྲྭ་ཤག་ནང་དུ་བརྒྱུགས་སོང་། ཀརྨ་ཚེ་རིང་ནི་འགྲོ་ན་གོམ་ཁ་མྱུར་བ་ཞིག་དང་། བསྡད་ན་ཨོང་ཞིང་ཆེ་བ་རེད། ཁོ་རང་གྲྭ་ཆུང་སུ་ལའང་མི་འགྲོགས་ཤིང་། གྲྭ་ཆུང་གཅིག་གིས་ཀྱང་ཀུ་རེ་ཙམ་ཡང་བཤད་མི་སྲིད། ཡུལ་གང་དུ་སོང་ན། གནས་གང་དུ་བསྡད་ན་ཁོ་རང་གཅིག་པུར་ལས་རོགས་པ་རྒྱུས་ཡོད་ཅིག་འདི་རེད་ཟེར་ནས་མཛུབ་མོ་འཛུགས་ས་ཞིག་མེད་པས་ཕྲེང་བ་ལག་ཏུ་རེག་ཐབས་དཀའ།

ཕར་བལྟས་ཚོད་ལ། ཀརྨ་ཚེ་རིང་གིས་ཕྲེང་བ་ལ་གཙིགས་ཆེན་བྱེད་པ་ཙམ་ལས། སློབ་སྦྱོང་ལ་མཐོང་ཆེན་མི་བྱེད་པ་འདྲ་མོད། ཀརྨ་ཚེ་རིང་ནི་ནམ་ཡིན་ན་ངའི་ཡན་དུ་སླེབས་ཡོད། འཛིན་གྲྭ་ནང་ནས་རྩེ་ཕུད་མིན་ནའང་བར་མ་མཚམས་ལ་ཡོད།

ཁོས་ཆོས་ར་ནང་ནས་རྩོད་པ་རྒྱག་སྐབས་ཐོག་མར་གོམ་པ་བཞི་ལྔ་ཙམ་ལ་ཕྱི་སྣུར་བྱེད། དེ་ནས་ཕྲེང་བ་ཐོད་པ་ལ་གཏུག་ཙམ་བྱས་ཏེ་ཧ་ཅང་གཟབ་ནན་ངང“དྷི་ཇི་ལྟར་ཆོས་ཅན”ཞེས་འབོད་ཞོར་ལག་གཉིས་བརྡབས། དེ་ནས་རྩོད་གཞི་ཆོས་ཅན་གཟུག་བཞིན་ཕྲེང་བ་གནམ་ལ་འཕྱར་ཙམ་བྱས་ཏེ་དཔུང་པ་གཡོན་པའི་ཐོག་ཏུ་གོན། རྐང་པ་གཡས་པ་གནམ་ལ་བཀྱགས་ནས་ས་ལ་རྡེབ་ཞོར་དྲི་བ་འདྲི་བར་བྱེད། དེ་རྗེས་དམ་བཅའ་བའི་མདུན་དུ་བཅར་ནས་སུན་འབྱིན་བརྗོད་པ་དང་འཁོར་གསུམ་བསྐོར། ཁོའི་ཁ་ནས་ཐོན་པ་ཆེས་མང་ཤོས་ཀྱང“ཀིའི་འཁོར་གསུམ”ཞེས་པ་རེད། དེ་འདྲའི་སྒྲ་མཐོན་པོ་དེ་ཆོས་རའི་བར་སྣང་ནས་ཆར་བཞིན་བབས་ཤིང་ཤོག་བྱ་ལྟར་སྤུར་འགྲོ།

ཀརྨ་ཚེ་རིང་ནི་རྣམ་ཀུན་སྐད་གསང་མཐོན་པོས་རྩོད་པ་གཏོང་རྒྱུར་དགའ་ཞིང་། ཆོས་ཅན་ཞིག་བཙུགས་རྗེས། བསྒྲུབ་བྱའི་ཆོས་ཀྱི་མགོ་མཇུག་གང་རུང་ལ་ཁྱོད་སྒྲ་སྦྱར་བར་བྱང་ཆ་དོད་ཡོད། “སྒྲ་ཆོས་ཅན། མི་རྟག་པ་ཁྱོད་ཡིན་པར་ཐལ།” ཡང་ན“སྒྲ་ཆོས་ཅན། ཁྱོད་མི་རྟག་པར་ཡིན་པ་ཐལ”ཞེས་པ་ལྟ་བུ་གང་དྲན་བཏང་ཡོང་བས་ཐད་ཀར་འདང་ཡག་པོ་མ་བརྒྱབ་ན་ཚར་དང་འཁོར་གསུམ་མང་པོ་སྐར་མ་གཅིག་གཉིས་ཡུན་ལའང་སེར་བ་རྒྱག་རྒྱག་བྱེད་འོང་། ཁོ་རང་རྟགས་གསལ་གཏོང་བ་ལས་དམ་བཅའ་ལ་འདུག་རྒྱུར་འཚེར་སྣང་བྱེད། འདི་ནི་དགའ་ཕྱོགས་ཤིག་གམ་བརྒྱུད་རིམ་ཞིག་ཏུ་གྱུར་ཟིན་པ་འདྲ། ངས་ཀརྨ་ཚེ་རིང་གིས་དམ་བཅའ་བཟུང་ནས་བསྡད་ཡོད་པ་ཐེངས་འགའ་ལས་མཐོང་མ་མྱོང་།

སྐབས་ཤིག་ཐུབ་བསྟན་གཞན་ཕན་དང་ཁོ་གཉིས་དམ་བཅའ་པ་ང་མིན་ཁོ་མིན་གྱི་ཁ་རྩོད་དང་། འབུད་རྒྱག་གཏོང་གིན་འདུག མཚམས་ཤིག་ཐུབ་བསྟན་གཞན་ཕན་གྱིས་གཟན་སྐེད་པར་དཀྲིས་ཏེ། རི་བོང་མགོ་ལ་རྭ་ཡོད་མེད་ཀྱི་རྩོད་གཞི་བསླངས་སོང་།

ཀརྨ་ཚེ་རིང་གིས། ཟུར་དུ་བཞེངས་པའི་མཁན་པོའི་ཞལ་ལ་ལྟ་ཙམ་བྱེད་ཞོར། “རི་བོང་མགོ་ལ་རྭ་མེད། མོ་ཤམ་བུ་མེད། རུས་སྦལ་གྱི་སྤུ་མེད། འདི་དག་ནི་གཏན་མེད་རེད། མེད་པའི་དཔེ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐར་མདོ་ནང་དུ་མེད་པར་གསུངས་ཡོད།”

ཐུབ་བསྟན་གཞན་ཕན་གྱིས། “འོ་ན། རི་བོང་རྭ་མེད་ཅེས་པ་དེ་རི་བོང་གི་མགོ་ལ་རྭ་མེད་པ་ལ་གོ་དགོས་པ་ཡིན་པར་ཐལ།”

“འདོད།”

“རི་བོང་ཆོས་ཅན། ཁྱོད་ལ་རྔ་མ་མེད་པར་ཐལ།”

“ཅིའི་ཕྱིར།”

“ཁྱོད་ཀྱི་མགོ་ལ་མེད་པའི་ཕྱིར།”

“མ་ཁྱབ།”

གློ་བུར་མཐའ་འཁོར་དུ་འདུས་པའི་གྲྭ་པ་རྣམས་དུས་གཅིག་ལ་ཧབ་ཆ་བརྒྱབ་སོང་། དེ་མ་ཐག་ཀརྨ་ཚེ་རིང་གིས་ཚ་དྲོད་རྒྱས་པའི་རང་གི་མགོ་བོ་འཕུར་རྗེས་ཕྲེང་བ་ཐོད་པ་ལ་གཏུག་ཙམ་བྱས་ཏེ་མགུལ་དུ་གོན་ཞིང་། མྱུར་དུ་ཡར་ལངས་ཏེ་གྲྭ་ཤག་ཏུ་ལྡོག་བཞིན་པའི་གྲྭ་པ་རྣམས་ཀྱི་ཁྲོད་དུ་ཞུགས་སོང་། ཉེ་འགྲམ་ནས“ཀརྨ་ཚེ་རིང་གི་ཕྲེང་བ”ཞེས་ཡང་ཡང་འབོད་བཞིན་འདུག ཁོས་ཨ་ར་པ་ཙ་འདོན་བཞིན་དེ་རིང་རྩོད་པ་ཕམ་པ་ནི་རྒྱལ་ཁའི་རེ་སྐུལ་ཞིག་མ་ཡིན་ནམ་སྙམ།

སྡིངས་ཆ་ཧ་ཅང་ཆེ་ཞིང་། རྔམ་བརྗིད་ལྡན་པའི་བཤད་གྲྭའི་ལོ་མཇུག་གི་གཟེངས་རྟགས་སྤྲོད་སྐབས། གྲྭ་པ་རྣམས་ནི་ཧ་ཅང་གཟབ་ནན་དང་མཐོང་ཆེན་གྱིས་བཞུགས་གྲལ་དུ་འཁོད་འདུག ཀརྨ་ཚེ་རིང་གིས་ལག་ཏུ་ཕྲེང་བ་བགྲང་བཞིན། གཟན་སྣེ་རིང་ཙམ་ཕབ་ནས་ལྷ་ཁང་ཕུག་ཏུ་བསྒྲིགས་པའི་གཟེངས་རྟགས་ལ་ཅེར་ཏེ། གཟེངས་རྟགས་དག་གི་ནང་ནས་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ་གང་རུང་ཞིག་རང་ཉིད་ལ་འཐོབ་ཨེ་ཡོང་ན་སྙམ་ཞིང་། ཡང་བསྐྱར་རང་གི་ཕྲེང་བ་ཐོད་པ་ལ་གཏུག་ཙམ་བྱས། ཕྲེང་བ་ཐོད་པ་ལ་གཏུག་པའི་རྣམ་པ་འདི་བབ་ཆགས་ཤིང་དབྱིངས་ཡངས་པོ་རེད། འདུག་སྟངས་ནི་དྲང་ཞིང་བརྟན་པ་ཞིག དེ་ལ་བཤད་གྲྭའི་ལས་འཛིན་པས་སྔོན་འགྲོའི་གསུང་བཤད་གནང་སྐབས། ཀརྨ་ཚེ་རིང་གིས་གློ་བུར་མདུན་ཐད་དུ་ཡོད་པའི་ཐུབ་བསྟན་གཞན་ཕན་གྱི་གདོང་ལ་ཅུང་ཙམ་ཅེར་རྗེས། ཕྱོགས་དང་ཕྱོགས་མཚམས་ཀུན་ལ་བལྟས་ཏེ་ད་ལྟ་ཀུན་གྱིས་ཐོབ་ན་འདོད་པའི་གཟེངས་རྟགས་ཀྱི་ཆ་ཤས་གཅིག་རང་ཉིད་ཀྱི་ཡིན་པར་སྙམ། ཐོག་མར་རང་གི་མིང་དེ་བོས་ཡོང་ན་ཅི་མ་རུང་སྙམ། དེ་ནས་རྒྱུགས་འབྲས་གསལ་བསྒྲགས་རིམ་བཞིན་བྱེད་སྐབས།“ཀུན་དགའ་ཚེ་རིང་། ཀརྨ་དཔའ་གླུ། བློ་བཟང་ཉི་མ” ཞེས་ཨང་རིམ་དང་པོ་ཐོབ་མཁན་རྣམས་སྒྲོག་སྐབས། ཀརྨ་ཞེས་པའི་མིང་དེའི་མཇུག་ཏུ་ཚེ་རིང་ཞེས་འབོད་ཡོང་ན་སྙམ་ལ། ལན་རེར་ཚེ་རིང་ཞེས་མཇུག་ཏུ་ཨུ་ཚུགས་ཀྱིས་སྦྱར་བར་བྱེད། འོན་ཀྱང་ཀརྨ་ཚེ་རིང་ཞེས་པའི་མིང་དེ་ཆེས་རྒྱང་རིང་ཞིག་ན་ཡོད་པ་ལྟར། གནས་སྐབས་ཚོགས་ཆེན་འདུ་ཁང་ནང་ནས་གྲག་མེད་ཚོར་མེད་དུ་གྱུར།

སྐབས་ཤིག་ལ། “ཚད་མའི་འཛིན་གྲྭའི་ཨང་གཉིས་པ། ཀརྨ་ཚེ་རིང”ཞེས་བོས།

འདུ་ཁང་ནང་དུ་ཀརྨ་ཚེ་རིང་ཞེས་པའི་མིང་འདི་བྲག་ཅར་འཁོར་བས་དགེ་འདུན་པ་ཡོངས་ནས་དུས་གཅིག་ལ་ཀརྨ་ཚེ་རིང་ལ་ཕྱོགས་ཏེ་དགའ་བསུའི་ཐལ་མོ་བརྡབས་སོང་། ཀརྨ་ཚེ་རིང་ཧར་གྱིས་ལངས་ཤིང་། ཕར་ལྟ་ཚུར་ལྟ་ཙམ་ཡང་མེད་པར་མདུན་གྲལ་བར་ནས་གཟེངས་རྟགས་ལེན་དུ་བུད་སོང་། ཁོས་ད་དུང་ལག་ནས་ཕྲེང་བ་བགྲང་གིན་འདུག ཧ་ཅང་མྱུར་མགྱོགས་ཀྱིས་བགྲང་བཞིན་པའི་ཕྲེང་བ་དེ་ཡོད་ཚད་ཀྱིས་མཐོང་ཡོད་ངེས།

འོན་ཀྱང་ཐུབ་བསྟན་གཞན་ཕན་ནི་ཁོ་རང་གི་འདུག་གྲལ་ནས་འགུལ་ཙམ་ཡང་མི་བྱེད་པར་ཀརྨ་ཚེ་རིང་གིས་གཟེངས་རྟགས་ལག་ཏུ་བཟུང་བའི་ཚུགས་ཀ་ལ་གཡེངས་འདུག གལ་ཏེ་ཐུབ་བསྟན་གཞན་ཕན་ལ་གཟེངས་རྟགས་ཐོབ་ཡོད་ཚེ། ཀརྨ་ཚེ་རིང་གིས་འདི་བཞིན་ལྟ་མི་སྲིད། མཁའ་དབྱིངས་སུ་ཟླ་བ་གཉིས་སྣང་སྲིད་པ་བཞིན་ཀརྨ་ཚེ་རིང་ལ་འདི་ལྟར་ཡུན་རིང་ཅེར་ཚེ་ཐུབ་བསྟན་གཞན་ཕན་གྱི་མིག་ནང་དུ་ཀརྨ་ཚེ་རིང་གཉིས་ཀྱང་འཆར་སྲིད། དེ་ལྟར་ན་ཀརྨ་ཚེ་རིང་གཉིས་ཀྱིས་གཟེངས་རྟགས་གཉིས་ལེན་པའང་འཆར་མི་སྲིད་པའི་རྒྱུ་མཚན་ཏིལ་འབྲུ་ཙམ་ཡང་མི་འདུག

ཀརྨ་ཚེ་རིང་གིས་གཟེངས་རྟགས་ལག་ཏུ་བཟུང་ནས་འདུག་གྲལ་དུ་ཚུར་ལོག་ཡོང་སྐབས་ཁོ་ལ་ལྟ་མཁན་ནི་ཐུབ་བསྟན་གཞན་ཕན་དང་ངེད་གཉིས་རེད། འོན་ཀྱང་ད་དུང་དགེ་འདུན་པ་ཀུན་གྱིས་ཁོ་ལ་བལྟས་ཡོད་པར་སྙམ། ཧ་ཅང་ནན་ཏན་གྱིས་གྲལ་དུ་བསྡད་རྗེས། རང་གི་ཕྲེང་བ་ལ་ཕུ་ཞིག་བཏབ་སྟེ་ཐོད་པ་ལ་གཏུགས་སོང་། ཕྲེང་བ་དང་ཐོད་པའི་བར་ལ་ལས་འཕྲོ་ཅི་ཞིག་ཡོད་པ་ལྟར། ཉི་མ་རེར་ཐེངས་འགར་གཏུག་ངེས་ལ། དོན་དག་གལ་ཆེན་ལ་འཕྲད་དུས་དེ་ལས་མང་བ་གཏུག་བཞིན་ཡོད། ཕྲེང་བ་ཐོད་པ་ལ་གཏུག་པའི་གོ་རིམ་འདི་བརྗེད་དུ་མི་བཏུབ་པ་ཞིག་རེད།

ཐུབ་བསྟན་གཞན་ཕན་འདུ་ཁང་གི་སྒོ་ཁ་ནས་མགོ་བོ་ཅུང་ཙམ་དུད་དེ་ཡོང་གིན་འདུག འགྲོ་སྟངས་ལ་བལྟས་ན་ཁོས་བསམ་མནོ་ཞིག་གཏོང་གིན་ཡོད་པ་དང་། བསམ་མནོ་བཏང་བ་ཙམ་མ་ཟད་ད་དུང་སེམས་སྐྱོ་བཞིན་ཡོད་པ་འདྲ། ད་ཐེངས་གཟེངས་རྟགས་མ་ཐོབ་པའི་དབང་གིས་ཡིན་ན་སྲིད། འོན་ཀྱང་ཁོས་ཀརྨ་ཚེ་རིང་ལ་གཟེངས་རྟགས་ཇི་ལྟར་ཐོབ་མིན་སྐོར་ལ་འདང་རྒྱག་གིན་འདུག

“ཀརྨ་ཚེ་རིང་གི་འཛིན་གྲྭ་ནང་ནས། ཁོ་རང་ལས་དཔེ་ཆ་མཁས་པ་མང་པོ་ཞིག་ལ་ཨང་གཉིས་པ་ལྟ་ཅི། ཨང་གསུམ་པ་ཡང་ཐོབ་མི་འདུག ཁོར་ཇི་ལྟར་ཐོབ་པ་ཡིན་ནམ། ཁོ་དཔེ་ཆ་ལ་མཁས་དྲགས་ནས་གཟེངས་རྟགས་ཐོབ་པ་མ་རེད། ལམ་འགྲོ་བརྒྱུགས་སོང་བ་རེད།”

“འོ་ན་ཁྱོད་ལ་ལམ་འགྲོ་ཅིའི་ཕྱིར་མ་རྒྱུགས་པ་རེད། གཟེངས་རྟགས་ནི་ལམ་འགྲོ་བྱུང་ན་འཐོབ་རྒྱུ་ཞིག་མ་རེད། དཔེ་ཆ་ལ་མཁས་དགོས་པ་རེད།”

ཐུབ་བསྟན་གཞན་ཕན་གྱིས་དེ་ལྟར་ཁེར་གཏམ་བྱེད་བཞིན་ཡོད་པ་འགྲམ་གྱི་གྲྭ་པ་འགས་ཐོས་ཏེ་ཁོ་ཚོའི་ནང་ནས་གཅིག་གིས་དེ་ལྟར་ལན་སྨྲས་པས། ཁོས་ལྟ་ཙམ་བྱས་ཏེ་ཨ་ལན་ཅི་ཡང་མ་བཏབ་པར་གྲྭ་ཤག་ཕྱོགས་སུ་ཆས། ཁོས་དེ་རིང་གི་གནམ་གཤིས་ནི་ཧ་ཅང་གྲང་བར་སེམས་ཤིང་། གློ་བུར་ཉི་མ་ཞིག་འཆར་ཡོང་ན་ཅི་མ་རུང་སྙམ། འོན་ཀྱང་ཉི་མ་སྨུག་སྤྲིན་གྱིས་ཡོངས་སུ་བསྒྲིབས་པས་ནུབ་རིའི་ཕག་ཏུ་ཡིབ་སོང་བ་དང་གཉིས་སུ་མེད། ད་དུང་མཐའ་འཁོར་གྱི་རི་བོའི་མཛེས་སྡུག་དང་། དགོན་པའི་གཙུག་ལག་ཁང་གི་གཟི་འོད་ཀྱང་ཉི་མའི་འོད་ཀྱིས་ཁྱེར་སོང་བ་བཞིན་མཐོང་ཡུལ་དུ་མེད་པས་ཁོ་ལ་ཡང་བསྐྱར་འཁྱག་སྣང་ཞིག་སྐྱེས་ཤིང་། ཁོའི་སེམས་སྐྱོ་བའི་རྣམ་པ་དེ་སྔར་ལས་ཇེ་མངོན་དུ་གྱུར།

གྲྭ་ཤག་གི་སྒོ་ཁར་སླེབས་ཏེ་སྒོ་ཡར་ཕྱེས་མ་ཐག་ཁོའི་སེམས་ལ་འཁོར་ཡོང་བ་ནི་ཀརྨ་ཚེ་རིང་གི་གཟེངས་རྟགས་མ་ཡིན་པར་ཕྲེང་བ་རེད། ཀརྨ་ཚེ་རིང་གི་ཕྲེང་བ་གནམ་ནས་ཇི་ལྟར་བབས་པ་ཡིན་ནམ་སྙམ་པ་དང་མཉམ་དུ་སྒོ་ཁྲོག་ཅེས་བརྒྱབ་སོང་།

ཀརྨ་ཚེ་རིང་དགོན་པའི་རྒྱབ་རིའི་སྒང་ལ་འགྲོ་བར་གོམས་པ་ལྟར། ངའང་ཀརྨ་ཚེ་རིང་གི་ཕྲེང་བར་བལྟ་རྒྱུ་རིམ་བཞིན་དགའ་བར་གྱུར། ཀརྨ་ཚེ་རིང་གང་དུ་ཡོད་ན། ཁོས་ཕྲེང་བ་མགུལ་དུ་གོན་པའམ་ལག་ཏུ་བཟུང་ཡོད་མེད་ལ་ལྟ་བ་ཡིན། ངས་ཀརྨ་ཚེ་རིང་གི་ཕྲེང་བ་ལ་འདང་རྒྱག་སྐབས། གློ་བུར་ལྡང་ཡོང་བའི་རླུང་བུ་དེས། གཙུག་ལག་ཁང་གི་གཡེར་ཁའི་དྲིལ་བུ་སིང་སིང་ཞེས་དཀྲོལ་སོང་། ད་དུང་འགུལ་མཚམས་བཞག་མེད་པའི་དྲིལ་བུ་ལ་ལྟ་ཙམ་བྱས་པས་ཆུ་སྲིན་གྱི་མགོ་བོ་དེ་ཧ་ཅང་འཇིགས་རྔམ་གྱིས་གྱེན་ལ་ཕྱོགས་འདུག ངས་བྱ་འདབ་ཀྱི་གྲུ་ཟུར་དུ་དཔྱངས་པའི་ཆུ་སྲིན་གྱི་མགོ་ལ་ཞིབ་ཏུ་བལྟས་པས། སེང་གེའི་སྡེར་མོ་དང་། གླང་པོ་ཆེའི་སྣ། ཆུ་སྲིན་གྱི་མཆེ་བ། སྤྲེའུ་མིག ཕག་རྒོད་ཀྱི་རྣ་བ། ཉ་ཡི་ལུས་སོགས་རི་མོ་སྣ་ཚོགས་ཀྱིས་གྲུབ་པའི་སྲོག་ཆགས་ཀྱི་གཟུགས་འཇིགས་སུ་རུང་བ་དེ་མཐོང་། སྐབས་དེར་སྔོན་མཁན་པོས་གསུངས་པའི་ནང་བསྟན་རྒྱུན་ཤེས་སྐོར་གྱི་དཔེ་ཁྲིད་ཅིག་དྲན་སོང་། དེའི་མཚོན་དོན་ནི། ཆུ་སྲིན་གྱི་ཁ་ནས་དྲངས་པའི་སྐུད་པ་ལ་དྲིལ་བུ་འདོགས་པ་ནི་ཆོས་ཀྱི་སྒྲ་སྙན་པར་སྒྲོག་པའི་མཚོན་བྱེད་དང་། ཡང་ན་རླུང་གིས་དྲིལ་བུ་བསྒུལ་ནས་སིལ་སྒྲ་གྲག་ཡོང་སྐབས་ཆུ་སྲིན་གྱི་ཁ་ལ་བལྟ་དགོས་ཤིང་། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་གསལ་འདེབས་བྱེད་ཚུལ་གྱི་ཞལ་གདམས་དེ་ཡིད་ལ་འཁོར་སོང་། ཡིན་ནའང་ངས་སྐབས་འདིར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོའི་ཆ་དེ་མཐོང་མ་སོང་། བློ་ལྡོག་རྣམ་བཞི་ལ་བློ་ཡང་ཡང་སྦྱོང་དགོས་ངེས་རེད་ཨང་།

ད་དུང་ཆོས་ཁྲིད་དབུ་མ་བཙུགས་པའི་སྔོན་དེར་ཐོག་མར་སེམས་བསྐྱེད་ཀྱི་ཚུལ་དུ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་འཁོར་བ་ལ་ཟོ་ཆུན་གྱི་འཁོར་ལོའི་རྒྱུན་བཞིན་འཁོར་གྱིན་ཡོད་ཚུལ་གསུངས་ཐེངས་རེར། ངའི་སེམས་ལ་ཟོ་ཆུན་གྱི་འཁོར་ལོ་ཟེར་བ་ཅི་འདྲ་ཡིན་ན་སྙམ། ཐོག་མ་མེད་པ་ནས་འཁོར་བར་འཁོར་ཞེས་པ་ནི། ཀརྨ་ཚེ་རིང་གི་ཕྲེང་བ་ནང་བཞིན་འཁོར་གྱིན་ཡོད་པ་འདྲ། སྐབས་འདིར་ངས་ཀརྨ་ཚེ་རིང་གི་ཕྲེང་བ་དྲན་སོང་། ཁོའི་ཕྲེང་བ་ངོ་མ་གནམ་ནས་བབས་པ་ཨེ་ཡིན་ནམ་སྙམ།

ཡང་ཀརྨ་ཚེ་རིང་གྲྭ་ཤག་གི་སྒོ་ཁར་བུད་ཅིང་། ས་བལྟས་གནམ་བལྟས་ཤིག་བྱས་རྗེས་རྒྱབ་ངོགས་ཀྱི་རི་གཟར་ནས་འཐེན་པའི་རྐང་ལམ་ཕྲ་མོ་བརྒྱུད་དེ་རྒྱབ་རིའི་སྒང་ལ་བུད་སོང་། ཁོའི་འགྲོ་སྟངས་ནི་ཧ་ཅང་ཉམས་དོད་པོ་རེད། དམིགས་བསལ་གཟན་ཕབ་བྱས་ནས་ཕྲེང་བ་བགྲང་ཚུལ་འདི་ཞི་ཞིང་དུལ་བ་ཞིག་རེད། ངས་ཀརྨ་ཚེ་རིང་རྒྱབ་རིའི་སྒང་ལ་མ་སླེབས་བར་དུ་ཁོའི་རྒྱབ་གཟུགས་ལ་བལྟས་པ་ཡིན། དམར་ཞིང་སེར་བའི་རྒྱབ་གཟུགས་དེ་ནམ་མཁའ་ལ་བསྐྱོད་པ་དང་ཤིན་ཏུ་འདྲ།

ངས་ཀརྨ་ཚེ་རིང་ལ་ལྟ་མཚམས་བཞག་སྟེ་མིག་གི་དབང་པོ་གྲྭ་ཤག་ཏུ་གཏད་པ་ན། ཐུབ་བསྟན་གཞན་ཕན་ཡང་སྒོ་ལ་ཐོན་སོང་། ཁོས་ཐོག་མར་ཀརྨ་ཚེ་རིང་གི་གྲྭ་ཤག་ལ་ལྟ་ཙམ་བྱས་རྗེས། འགྱིང་ཉམས་ཀྱིས་གྲུབ་པའི་རྒྱབ་རིའི་སྒང་ལ་མིག་ཟུང་ཅེར་ཏེ་འགུལ་མེད་ཀྱིས་ལངས། ཁོ་ལངས་ཚུལ་དེ་ཧ་ཅང་ནན་ཏན་ཞིག་རེད། “ཀརྨ་ཚེ་རིང་རྒྱབ་རིའི་སྒང་ལ་སླེབས་འདུག” སྐད་འཕང་དམའ་མོས་དེ་ལྟར་སྨྲས་སོང་།

ཁོས་ཀརྨ་ཚེ་རིང་རྒྱབ་རིའི་སྒང་ལ་ཡོད་པ་རྟོགས་པས་ཡིད་སེམས་གཏིང་ནས་འཛུམ་མདངས་ཤིག་ཕྱུང་རྗེས་ངའི་ཕྱོགས་ལ་ལྟ་ཙམ་བྱས། ངས་ལན་ཅི་ཡང་མ་བཏབ། དེ་མ་ཐག་སྐས་ཐེམ་ནས་བབས་ཏེ་རྒྱབ་རིའི་སྒང་ལ་འཛེགས་སོང་། ཁོའི་གཟན་ཤམ་གྱོན་སྟངས་ནི་ལྷུག་ཅིང་བསྟུངས་པ་དང་། གོམ་པའི་འདེགས་འཇོག་ནི་ཡང་ཞིང་མྱུར་བ་ཞིག་རེད། ཁོའི་དམར་ཞིང་སེར་བའི་རྒྱབ་གཟུགས་དེ་ནམ་མཁའ་ལ་འཕུར་བ་དང་ཧ་ཅང་འདྲ།

ཏག་ཏག་སྐབས་འདིར། ང་ནི་གྲྭ་ཤག་གི་སྒོ་མདུན་དུ་ཀརྨ་ཚེ་རིང་དང་ཐུབ་བསྟན་གཞན་ཕན་གཉིས་ཀྱི་རྒྱབ་གཟུགས་ལ་གཡེངས་ནས་བསྡད་ཡོད་པ་ཤེས། སེམས་སུ་རང་ཉིད་ནི་ཆེས་དམའ་ས་ཞིག་ཏུ་ཡོད་པར་སྙམ། རང་གི་གྲྭ་ཤག་དང་གཙུག་ལག་ཁང་ལ་ལྟ་ཙམ་བྱས་ཏེ་མགྱོགས་མྱུར་ངང་མཐོ་ཞིང་བརྗིད་པའི་རྒྱབ་རིའི་སྒང་ལ་སོང་བ་ཡིན། ངའི་དམར་ཞིང་སེར་བའི་རྒྱབ་གཟུགས་དེ་ཅི་འདྲ་ཞིག་ཡིན་ནམ།

ང་རྒྱབ་རིའི་སྒང་ལ་སླེབས་དུས་ཀརྨ་ཚེ་རིང་དང་། ཐུབ་བསྟན་གཞན་ཕན་གཉིས་ཕ་ཡུལ་དང་དགོན་པའི་བར་དུ་ཡོད་པའི་གངས་རི་སྟབས་རྒྱལ་ལ་ཁ་ཕྱོགས་ཏེ་སྐྱིལ་ཀྲུང་བཅས་ནས་བསྡད་ཅིང་། རེས་མོས་སུ་ཕྲེང་བ་ཐོད་པ་ལ་གཏུག་བཞིན་འདུག ང་ཁོ་གཉིས་ཀྱི་ཟུར་དུ་བསྡད་པ་ན་ཀརྨ་ཚེ་རིང་གིས། “ཕྲེང་བ་འདི་ནི་ལོ་དེ་ལ་རྨོ་མོས་ལྷ་ས་ནས་ཁུར་ཡོང་བ་ཞིག་རེད”ཟེར། ངས་ཀྱང་ཕྲེང་བ་དེ་ཐོད་པ་ལ་གཏུག་ཙམ་བྱས་ཏེ་ཀརྨ་ཚེ་རིང་ལ་ཕར་སྤྲད་པ་ཡིན།

ཀརྨ་ཚེ་རིང་གིས་ཡང་བསྐྱར་ཕྲེང་བ་ཐོད་པ་ལ་གཏུག་སྐབས། ཕ་ཡུལ་དང་ལྷ་ས་གང་ནས་ལྡང་ཡོང་བར་མ་ངེས་པའི་རླུང་བུ་བསིལ་མོ་ཞིག་དང་ལྷན་དུ་དགོན་པའི་འཁར་རྔ་སིང་སིང་སིང་ཞེས་གྲག་སོང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།