ཀྲུང་གོ་བོད་ཀྱི་དྲ་བ།

རྨི་ལམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཐིག་ལེ།   སྤེལ་དུས། : 2021-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྔོན་ཆད་ཡུལ་སྣང་བ་འོད་དཀར་བྱ་བའི་ས་ཆ་ཞིག་ན་ཕན་ཚུན་མཛའ་ཞིང་མཐུན་པའི་བཟའ་ཟླ་གཉིས་ཡོད་ལ། ཁྱོ་གའི་མིང་ལ་བཀྲ་ཤིས་ཀུན་དགའ་དང་ཆུང་མའི་མིང་ལ་སྒྲོལ་མ་གཡང་སྐྱིད་ཟེར། ཁོ་གཉིས་གཉེན་བསྒྲིགས་པའི་ལོ་རྗེས་མར་བུ་ཞིག་སྐྱེས་པར་ཨ་ཁུ་ཞིག་གི་མདུན་ནས་གཟའ་སྐར་འཕྲོད་སྦྱོར་དང་བཅས་ལེགས་པར་བརྟགས་ནས་མིང་ལ་བདེ་ལེགས་ཀུན་ཕན་ཞེས་བཏགས། བདེ་ལེགས་ཀུན་ཕན་གྱིས“ཨ་ཕ་ཨ་མ”ཟེར་ནས་འབོད་ཤེས་དུས། ཨ་ཕ་བཀྲ་ཤིས་ལ་བཅོས་ཐབས་མེད་པའི་ནད་གཞི་ལྕི་མོ་ཞིག་ཕོག་ནས་ཚེ་ལས་འདས་སོང་། དེ་ནས་བཟུང་ཨ་མ་སྒྲོལ་མས་ཕྱི་ལས་ནང་ལས་དང་ཕོ་ལས་མོ་ལས་ཐམས་ཅད་རང་གཅིག་པུས་གདོང་གིས་ལེན་བཞིན། བུ་བདེ་ལེགས་ཀུན་ཕན་བུ་ཕྲུག་གཞན་དག་དང་འདྲ་བར། དགའ་སྤྲོ་དང་ཅི་འདོད་གང་མཁོ་ཐོབ་པའི་བྱིས་དུས་ཀྱི་ཁོར་ཡུག་སྐྱིད་པོའི་ཁ་དབུགས་ནང་གཉོམ་ལག་རྒྱས་སུ་བཅུག

བདེ་ལེགས་ཀུན་ཕན་རང་ལོ་བཅོ་ལྔར་བུད་པའི་ཉིན་དེར་སྒྲོལ་མས་ཚེ་འདས་ཀྱི་སྐྱེས་པ་བཀྲ་ཤིས་ལ་བུ་ཆུང་བདེ་ལེགས་ཀྱི་ནར་སོན་པའི་གོ་རིམ་ཁྲོད་ཀྱི་བརྗེད་ཐབས་མེད་པའི་ཉིན་ཐོ་དེ་དག་རེ་རེ་བཞིན་བཤད་དེ་མཚམས་རེར་དགའ་བའི་དགོད་སྒྲ་དང་ལན་རེར་སྐྱོ་བའི་ངུ་སྐད་འབྱིན་བཞིན་ལབ་གླེང་གི་ཚུལ་གྱིས་འདས་སོང་གི་ལོ་ཟླ་དེ་དག་ཀླད་པའི་ནང་མུ་འབྲེལ་གློག་བརྙན་བཞིན་ཤར།ཁྱོད་མེད་ཀྱང་བུད་མེད་བཟང་པོའི་སྤྱོད་ལམ་ངས་རང་སྟེང་ནས་ཡག་པོར་བསྲུངས་ཤིང་སྲུང་བཞིན་ཡོད། ངས་ད་དུང་སྐྱེ་བ་ཕྱི་མར་འུ་གཉིས་ཡང་བསྐྱར་ཁྱིམ་གཅིག་ཏུ་འཛོམས་ན་བསམ་པའི་སྨོན་ལམ་ཡང་ཡང་བཏབ་མྱོང་།ནམ་རྒྱུན་ཡོད་ཡོད་འདྲ་བའི་ཁྱེད་ཀྱིས་བདག་ལ་འདུག་རོགས་བྱས་སྟབས་ཁེར་རྐྱང་གི་ཚོར་བ་ཞིག་ང་ལ་སྐྱེས་མ་མྱོང་།

ཁེར་ལབ་རྒྱག་གིན་པ་དང་འདྲ་བའི་སེམས་ཀྱི་ཁ་བརྡ་དག་ཞིབ་ཏུ་བཤད།

ཁྱོད་ནི་ངའི་བརྩེ་དུང་གི་ས་བོན་དང་བཟའ་ཚང་གི་མེ་ཏོག་ཡིན་ལ། འཚོ་བའི་འབྲས་བུ་སྡུད་པའི་ལམ་དུ་ཁྱོད་ཀྱིས་ང་དང་བུ་ཆུང་གཉིས་ཀ་བསྐྱུར་ནས་ངལ་གསོ་རུ་བུད་སོང་ཡང་། ཁྱིམ་ཚང་དེ་ཟེར་ནས་སྡེ་བ་འདིར་མིག་ལ་བསྟན་མ་མྱོང་ལ། དཀའ་ཁག་ཟེར་བའི་དགྲ་བོ་དེས་ང་རང་ཕམ་ཁའི་ལམ་དུ་བརྫངས་མ་མྱོང་།

འདི་ལྟར་སེམས་ཀྱི་ཁ་བརྡ་མང་པོ་མང་པོ་ཅིག་ལབ་ནས་ཇི་ལྟར་ས་རུབ་པ་ཡང་མ་ཤེས་ལ་ཇི་ལྟར་གཉིད་ལ་ཤོར་བ་ཡང་མ་ཤེས།

ཨ་མ། ཨ་མ། ད་རུང་ནངས་ཇ་མི་སྐོལ་ལམ། བུ་ཆུང་བདེ་ལེགས་ཀྱི་འབོད་སྐད་དེས་སྒྲོལ་མ་གཉིད་ལས་སད་དུ་བཅུག

ཁོ་མོ་ཡར་ལངས་དུས་སྔས་འབོལ་མཆི་མས་སྦངས་འདུག

སྒྲོལ་མས་རང་གི་བུ་འདི་བུ་གཞན་དག་དང་མི་འདྲ་བར་ཕ་མེད་ཀྱི་བུ་ཞིག་ཡིན་པ་རྐྱེན་བྱས་ནས་གཅེས་ལངས་ལ་བཏང་བ་ཐལ་དྲགས་པའམ་ཅི་ཞིག་གིས་ལད་སོང་བ་གང་ཡིན་མི་ཤེས་མོད། བདེ་ལེགས་ཀུན་ཕན་གྱིས་བྱ་བ་ཅི་ཞིག་བསྒྲུབས་ཀྱང་ཁོ་རང་ཉིད་ཀྱི་བསམ་ཐོག་ལ་མ་ཡོང་བའི་དུས་དང་ལྟོགས་ཚིག་དང་ལས་ཚིག་ཟ་དུས་གང་རུང་ལ། ཁོང་ཁྲོའི་མདའ་མོ་འཕེན་ས་རང་གི་ཨ་མ་ཡིན་པས་དེ་ནས་བཟུང་རང་གི་ཨ་མ་ལ་གཅར་རྡུང་དང་མནར་གཅོད་བྱེད་པའི་ཁ་གྲངས་ཡར་ནས་ཡར་ལ་འཕར།

ཉིན་ཞིག་གི་ནངས་མོར་བདེ་ལེགས་ཀུན་ཕན་སྔ་མོར་ལངས་ཏེ་ཞིང་ཁར་ལོག་རྒྱག་ཏུ་སོང་བ་དང་ནངས་ཇར་རན་ཡང་ཨ་མས་ད་དུང་ཁྱེར་མི་ཡོང་བ་ཅི་ཡིན་ནམ་སྙམ་བཞིན་ཚིག་པ་ཟ་བའི་བར་སྐབས་དེ་ལ། ཞིང་འགྲམ་གྱི་གད་པའི་ངོས་སུ་སྐྱུང་ཚང་ཞིག་ཡོད་པ་དེ་རུ་སྐྱུང་མས་སྒུམ་བུ་ཡང་ཡང་ཁྱེར་འགྲོ་བ་མཐོང་བས། རེ་ཞིག་ཁོ་སྐྱུང་ཚང་གི་འདབས་སུ་སོང་ནས། སྐྱུང་ཀའི་ཨ་མས་སྐྱུང་ཕྲུག་ཚོར་སྒུམ་བུ་ཁ་འཕྲོར་སྟེར་གྱིན་པ་དེ་ལ་ཡུན་རིང་དུ་བལྟས་རྗེས། འདབ་ཆགས་བྱས་ཀྱང་རང་གི་ཕྲུ་གུ་འདི་ལྟར་གསོ་བཞིན་འདུག་ལ། བདག་གི་ཨ་མས་སྔོན་ཆད་ང་རང་འདི་ལྟར་གསོས་ནས་ནར་སོན་པ་མ་ཡིན་ནམ།

རང་གིས་རང་ལ་ངོ་མཚང་འདྲུ་ཞོར་ཁ་ནས“བདེ་ལེགས་ཁྱོད་མི་རེད་ཡ”ཟེར་བཞིན་མི་ལ་ཡོད་འོས་པའི་སེམས་པ་དེ་རྙེད་སོང་།

ང་རང་བུ་ཕྲུག་གཞན་དག་དང་མི་འདྲ་ཡང་ང་ལ་གང་དགོས་དེ་ཐོབ་མྱོང་ལ། གང་འདོད་དེ་བྱེད་ཆོག་ཀྱང་། ངའི་ཨ་མ་འདི་ཨ་མ་གཞན་དང་མི་འདྲ། “ང་འདི་ད”ཟེར་བཞིན་རང་གིས་རང་གི་མགོ་ལ་ཁུ་ཚུར་ཡང་ཡང་བསྣུན་པ་དང་། ད་ནས་བཟུང་རང་གི་ཨ་མར་གཅར་རྡུང་བྱེད་ག་ལ་ཉན། ད་ནི་དྲིན་ལན་ཡག་པོ་འཇལ་བའི་དུས་ཡིན། སྐྱུང་ཕྲུག་ཨ་མས་ཨ་མ་སྒྲོལ་མའི་ཚབ་བྱས་ཏེ་ང་ལ་བརྡ་བཏང་བ་མ་ཡིན་ནམ།

“ཨ་མ་ལགས་དགོངས་པ་མ་ཚོམ།”

… …

དེ་རིང་ཨ་མས་ནངས་ཇ་ཁྱེར་ཡོང་དུས་སྔོན་ཆད་རང་སྟེང་གི་མི་ཆོས་དང་འགལ་བའི་སེམས་སྟེང་གི་ནོར་འཁྲུལ་ཆེན་པོ་དང་ཚད་ལས་བརྒལ་བའི་ཁོང་ཁྲོ་དེས་བསྐྲུན་པའི་སྦྱོར་བ་རྩུབ་པོ་དེ་དག་ཨ་མའི་མདུན་ནས་རེ་རེ་བཞིན་ངོས་ལེན་བྱེད་རྒྱུ་ཡིན་ལ། ངོས་ལེན་འདིས་ཨ་མ་སྒྲོལ་མའི་རྗེས་ཕྱོགས་ཀྱི་འཚོ་བར་ཡིད་ཆེས་དང་དགའ་སྣང་ཆེས་ཆེར་འཕེལ་བའི་སྨོན་འདུན་ཞུ། སྨོན་འདུན་ཞུ་བཞིན་སེམས་རྙེད་པའི་སེམས་དེས་སྒུག་མ་ཚུགས་པར་ཕར་འགྲོ་དུས། ཨ་མ་སྒྲོལ་མས། དེ་རིང་གི་ནངས་ཆུ་འཕྱིས་མེད་ཀྱང་ཁོའི་སེམས་ལ་འཕྱིས་འདུག་སྙམ་པའི་སྣང་བ་ཤར་ཡོད་སྙམ་བཞིན་མྱུར་མོར་ཕར་ཞིང་ཁར་འགྲོ་དུས། བུ་ཆུང་བདེ་ལེགས་ཀྱི་ངོ་ལ་འཛུམ་ཞིག་བཏེགས་ནས་ཚུར་ཡོང་གིན་པ་མཐོང་ཡང་སྐྲག་སྣང་བསླངས་པ་མང་དྲགས་པའི་སྟབས་ཀྱིས་འཛུམ་མདངས་དེ། མཆེ་བ་གཙིགས་པའི་གཅན་གཟན་གཏུམ་པོ་ཞིག་གི་ཉམས་སྣང་དང་ཀུན་ནས་མཚུངས་པས། ཨ་མ་སྒྲོལ་མའི་སེམས་སུ། བདེ་ལེགས་ཀྱིས་ཞིང་ཁ་རུ་རང་གི་ཨ་མར་རྡུང་གིན་འདུག་པ་གཞན་གྱིས་མཐོང་ན། རྗེས་སུ་རང་གི་བུ་འདིས་ནག་མོ་ཞིག་ཀྱང་ལེན་དཀའ་སྙམ་བཞིན་རྒྱབ་ཀྱི་སླེ་བོ་དང་ལག་གི་རྫ་རིལ་ཐང་ལ་བཞག་ནས་བྲོས་པ་དང་། བུས“ཨ་མ”ཟེར་བཞིན་རྗེས་སུ་བརྒྱུགས་ཀྱང་། སྔར་ལས་ལྷག་པའི་དངངས་སྐྲག་ཅིག་གིས་གོམ་པ་མྱུར་མོར་སྤོས་མཐར་ཨ་མ་སྒྲོལ་མ་གད་པ་ཞིག་གི་ཁར་སླེབས་ཟིན་ལ། སེམས་གཏིང་གི་རྨ་ཁ་ཟབ་མོ་དེས་ཤེད་ཤུགས་ཀྱིས་མོར་ཚམ་ཚོམ་ཅི་ཡང་མེད་པར་ཁ་ནས“བཀྲ་ཤིས”ཟེར་བཞིན་གད་པ་དེའི་ཁ་ནས་མར་ལྡིང་།

བདེ་ལེགས་ཀུན་ཕན་གྱིས“ཨ་མ”ཟེར་བཞིན་ཧལ་གྱིས་ཡར་ཙོག་པ་དང་། དངངས་སྐྲག་དང་བཅས་ཡིད་མི་བདེ་བར་གྱུར་ལ། སེམས་པ་སྐྱོ་ལྷང་ངེར་གྱུར་ནས་ལག་པས་མགོ་བོ་བསྐྱོར་ཅིང་དངན་པ་རིང་པོ་ཞིག་འཐེན་རྗེས། ད་གཟོད་རྨི་ལམ་འཁྲུགས་པ་ཤེས་མོད། ཡིན་ཡང་ལག་པ་སྔས་འོག་ལ་བསྲིངས་ཏེ་ཕ་ཡུལ་ཕྱོགས་ཀྱི་ཨ་མར་ཁ་པར་ཞིག་གཏོང་དགོས་བསམས་ཀྱང་། ཁ་པར་ལག་ཏུ་ལེན་དུས་ནམ་གུང་གི་དུས་ཚོད་གཉིས་ཡས་མས་སུ་སླེབས་འདུག

སྲང་ལམ་གྱི་ལོགས་གཉིས་ཀའི་ལམ་སྒྲོན་གྱི་གློག་འོད་ཧ་ཅང་གསལ་བས། ཁང་བརྩེགས་ཀྱི་ནང་དུ་སྐྱ་རེངས་ཤར་འདུག་པ་ལྟ་བུའི་ཚོར་བ་སྐྱེས་ཡོང་། ད་ཙམ་ཨ་མར་ཁ་པར་བཏང་ན། ཨ་མ་ཡང་དོ་དགོང་གི་བདག་དང་འདྲ་བར་སེམས་མི་བདེ་བར་གཏོང་སྲིད་པས། … …

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།