ཀྲུང་གོ་བོད་ཀྱི་དྲ་བ།

བློ་བཟང་གི་མིག་ཆུ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་།   སྤེལ་དུས། : 2021-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སློབ་གྲྭའི་ཁོ་ར་ཁོར་ཡུག་དག་ཅིང་གཙང་ལ་ཉི་མའི་འོད་སྣང་ཡང་སློབ་རའི་ཕྱོགས་ཡོངས་ལ་འཕྲོས་ཤིང་ནམ་མཁའ་རུ་སྤྲིན་པ་ཐར་ཐོར་ཙམ་ལས་ཅི་ཡང་མེད། སྐབས་འདི་ནི་སློབ་མ་ལ་ལས་དགེ་རྒན་གྱིས་བཞག་པའི་སྦྱང་ཚན་སྒྲུབ་པའི་དུས་ཡིན་ལ། ལ་ལས་རྩལ་སྦྱོང་ར་བ་ན་རྔུལ་ཆུས་ཚི་ལེན་བརླན་པའི་དུས་ཡིན། ཡང་སློབ་མ་ལ་ལས་མངོན་ཆུང་གི་གྲུ་ཟུར་གང་ཞིག་ཏུ་ཟུར་མིག་གི་མདའ་མོ་འཕངས་མྱོང་བའི་བུ་མོ་དེ་དག་ལ་བརྩེ་འཕྲིན་འབྲི་བའི་དུས་ཤིག་ཀྱང་ཡིན། ཏག་ཏག་སྐབས་འདིར་སློབ་གྲྭའི་རྒྱང་སྒྲོག་ཁང་ནས་སང་ཉིན་གུང་སེང་སྟེར་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱེད། དེ་ནི་སློབ་གྲྭ་ནས་ཡུན་རིང་འགོར་བའི་སློབ་མ་ཚོར་མཚོན་ན། འཛུམ་མདངས་དང་དགོད་སྒྲ་སློང་བྱེད་ཀྱི་ཟ་འཕྲུག་ཉག་གཅིག་པུ་དེ་ཡིན། སློབ་གྲྭའི་ལྷིང་འཇགས་གློ་བུར་དུ་འུར་ཟིང་གིས་དཀྲོགས་ཤིང་སློབ་གྲྭའི་དྲིལ་སྒྲོག་བྱང་བུའི་སྟེང་གི་བྱེའུ་ཆུང་ཆུང་དེ་དག་ཀྱང་འཇིགས་དངངས་ཀྱིས་ཤར་མར་འཕུར་སོང་། སྦྱང་ཚན་སྒྲུབ་པའི་སློབ་མ་དེ་དག་གིས་ཀྱང་སྦྱང་ཚན་སྒྲུབ་མཚམས་བཞག་ལ་བརྩེ་འཕྲིན་འབྲི་བའི་སློབ་མ་དེ་དག་གིས་ཀྱང་རེ་ཞིག་བུ་མོ་དེ་དག་བརྗེད་སོང་། འོན་ཀྱང་། ཡ་མཚར་བ་ཞིག་ལ་འཛིན་གྲྭའི་ནང་དུ་བགྲོ་གླེང་ལ་ཞུགས་པའི་བློ་བཟང་གི་འཛུམ་མདངས་དང་སྙིང་སྟོབས་གློ་བུར་དུ་ཡལ། ཁོས་བགྲོ་གླེང་བྱེད་མཚམས་བཞག་ནས་འཛིན་གྲྭའི་སྒེའུ་ཁུང་ནས་རྩལ་སྦྱོང་ར་བའི་ནང་གི་དགའ་སྤྲོས་མྱོས་པའི་སློབ་གྲོགས་ཚོར་བལྟས་ནས་བསྡད།

དབྱར་ཁའི་གནམ་ངོ་དངོས་གནས་དབྱར་ཁའི་གནམ་ངོ་རེད།གནམ་ངོར་གནས་ལུགས་ཅི་ཡང་མེད་པར་དགའ་སྤྲོས་གཏམས་པའི་སློབ་ར་དེར་ཆར་བ་ཤག་ཤག་བབས། དེ་ནི་དབྱིན་འགོག་དམག་འཁྲུག་གི་སྐབས་སུ་དབྱིན་དམག་གིས་བོད་དམག་ལ་མགོ་བསྐོར་བཏང་རྗེས་གློ་བུར་དུ་འཇབ་རྒོལ་བྱས་པ་དང་ཨ་ན་མ་ན་རེད། ད་ནི་བློ་བཟང་གི་སེམས་ཁམས་སྔར་ལས་ཇེ་སྡུག་ཏུ་ཕྱིན། ཁོ་ད་རུང་འཛིན་གྲྭའི་སྒེའུ་ཁུང་གི་མདུན་དུ་ལངས་ཡོད་ལ་ཁོས་ཕྱི་རོལ་གྱི་སློབ་གྲོགས་ཚོས་ཆར་བྱོལ་བྱས་ཏེ་ཡར་འགྲོ་མར་འགྲོ་བྱེད་པའི་ངང་ཚུལ་ལ་བལྟས་ནས་ཡུད་ཙམ་འགོར་རྗེས།ཁོའི་མིག་ཆུ་ཤམ་ཤམ་དུ་བཞུར་བ་སློབ་གྲོགས་མང་པོས་མཐོང་། སློབ་གྲོགས་ཚོར་མཚོན་ན་དེ་ནི་ཆེས་ཤེས་འདོད་པའི་གསང་བ་གལ་ཆེན་ཞིག་ཡིན།

བློ་བཟང་ནི་ཁོ་ཚོའི་འཛིན་གྲྭའི་སློབ་སྦྱོང་ཨུ་ཡོན་ཡིན་ལ། སློབ་སྦྱོང་དང་སྒྲིག་ལམ་གང་ཐད་ནས་རྩེར་སོན་གྱི་སློབ་མ་ཞིག་ཡིན།དགེ་རྒན་ཚོས་རྒྱུན་དུ་ཁོ་དཔེར་དྲངས་ནས་སློབ་མ་ཚོར་སློབ་གསོ་གཏོང་རྒྱུར་དགའ་པོ་ཡོད་ལ། སློབ་གྲྭའི་གསུམ་བཟང་སློབ་མའི་བྱ་དགའ་ཡང་ཐེངས་དུ་མར་བླངས་མྱོང་། སློབ་གྲོགས་ཚོས་ཀྱང་བློ་བཟང་སློབ་སྦྱོང་གི་ཚད་ཤིང་ལ་འཛིན་པ་ཙམ་མིན་པར་ཁོ་ཚོའི་སེམས་ནས་བློ་བཟང་ནི་དཀའ་ངལ་གང་ལའང་མགོ་མི་སྒུར་བའི་སློབ་གྲོགས་སྙིང་སྟོབས་ཅན་ཞིག་ཡིན་མོད། བློ་བཟང་གིས་མིག་ཆུ་བཏོན་པའི་ངང་ཚུར་དེས་སློབ་གྲོགས་ཚོ་ཧང་སང་བར་བྱས།

བློ་བཟང་གིས་འདོད་རྔམ་གང་ཞིག་མ་གང་བ་ལྟར་མུ་མཐུད་དུ་འབབ་བཞིན་པའི་དྲག་ཆར་ལ་ལྟ་བཞིན། ཨ་མ་དྲིན་མོ་ཆེ་ཡིད་ལ་འཁོར་བྱུང་། ཁོའི་ཨ་མ་འདས་དུས་ཀྱང་དེ་རིང་གི་འདི་ལྟར་ཆར་བ་ཤག་ཤག་འབབ་པའི་ཉིན་མོ་ཞིག་ཡིན། ཉིན་དེར་ཞིང་པ་ཚོས་དྲུག་པའི་ཙད་ལོག་རྒྱག་པའི་དབྱར་ཟླ་དྲུག་པའི་ཉིན་ཞིག་ཡིན། ཁྱིམ་ཚང་གཞན་པ་ཚོས་ཉིན་གཉིས་ཀྱི་སྔོན་ནས་ལོག་བརྒྱབ་སོང་། བློ་བཟང་ཚང་གི་ཨ་མ་ཞིང་རྨོ་བར་དེ་འདྲ་བྱང་ཆ་མེད་པའི་ཁར་ཉིན་འདི་གར་བློ་བཟང་གི་ཨ་ཕའི་གྲིབ་མ་ཙམ་ཡང་རིག་རྒྱུ་མེད་པས་བློ་བཟང་ཚང་ཁྱིམ་ཚང་གཞན་དང་བསྡུར་ན་རྗེས་སུ་ལུས། ཉིན་དེར་བློ་བཟང་གི་ཨ་མ་སྔ་མོ་ནས་ཞིང་རྨོ་བར་བུད་སོང་། ཉིན་དེའི་ཉིན་གུང་གི་ནམ་ཟླ་ཤིན་ཏུ་བཟང་ལ། ཉི་འོད་ས་གཞི་ཡོངས་ལ་ཁྱབ་ཅིང་མཁའ་དབྱིངས་སུ་བྱ་བྱེའུ་ཁ་ཁེར་ཅིར་ཅིར་སྒྲོག་པ་ལས་སྤྲིན་པ་མཐེ་བོང་ཙམ་ཡང་མེད། བློ་བཟང་གི་སེམས་ལ་ད་དུང་རྫི་ལ་འགྲོ་མ་རན་པས་ཞིང་ནང་གི་ཨ་མ་ལ་གུང་ཇ་བསྐྱལ་དགོས་སྙམ་ནས། མར་གཞོང་ནས་མར་ལོག་ལོག་ཅིག་རྩམ་ཁུག་ནང་ལ་འཕངས་ཤིང་ཚ་དེམ་ནང་དུ་ཇ་དམར་སྤར་མོ་གང་སྦངས་རྗེས།རྩམ་ཁུག་དང་ཇ་དམར་སྦངས་པའི་ཚ་དེམ་གཉིས་བསྡུ་གསོག་བྱས་ཏེ་ལམ་ལ་ཆས། ཁོ་ཚོའི་སྡེ་བ་དང་ཞིང་ཁ་གཉིས་ཀྱི་བར་ཐག་དེ་འདྲའི་རིང་རྒྱུ་མེད་རུང་། དེ་རིང་བློ་བཟང་གི་ཨ་མས་རྨོ་བཞིན་པའི་ཞིང་ཁ་དེ་རི་ངོས་ན་ཡོད་པས་ལམ་ཕྲན་ཅུང་ཀྱག་ཀྱོག་ཆེ། བློ་བཟང་གིས་ཚ་དེམ་ནང་གི་ཇ་འཁྱག་འགྲོ་སྙམ་ནས་གོམ་སྟབས་ཇེ་མགྱོགས་དང་གོམ་པ་ཇེ་རིང་ལ་གཏོང་གིན་ཡོད།

བློ་བཟང་ད་དུང་ཞིང་ཁར་སླེབས་མེད། ཡིན་ནའང་། གནམ་ངོར་གློ་བུར་དུ་སྤྲིན་ནག་འཁྲིགས་ནས་འབྲུག་སྒྲ་ལྡིར་ལྡིར་དུ་གྲགས་ཤིང་ཆར་བ་ཤག་ཤག་ཏུ་བབས། བློ་བཟང་གི་སེམས་ལ་ཨ་མས་གུང་ཇ་མ་འཐུང་བའི་ཁར་ད་ནི་ཆར་བས་སྦངས་སོང་སྙམ་ནས་ཚ་དེམ་དང་རྩམ་ཁུག་གཉིས་ལམ་འགྲམ་གྱི་རྡོ་ཕ་བོང་ཞིག་གི་ཡིབ་ནས་བསྐྱུར་རྗེས། ཆར་གདུགས་ལག་ལ་བཟུང་ནས་ཞིང་ཁའི་ཕྱོགས་སུ་བརྒྱུགས།ཞིང་ཁར་སླེབས་ལ་ཉེ་དུས།བློ་བཟང་གིས་ཁོ་ཚང་གི་རྟ་ཕོ་སྔོ་སྔོ་དེ་ཞིང་ནང་དུ་འཚེར་གྱིན་པ་ཐོས། ཁོས་གོམ་པ་ཇེ་མགྱོགས་གྱིས་རྟ་ཕོའི་སར་སླེབས་དུས་ཨ་མ་རྟ་ཕོའི་འགྲམ་དུ་འགྱེལ་འདུག་པ་མཐོང་། དུས་དེར་ཁོའི་ལུས་ཡོངས་རྫོགས་མེ་ཕུང་སྟེང་ལ་ཆུ་འཁྱག་བླུགས་པ་བཞིན་ཚག་སྒྲ་མེད་རུང་འཁྱག་སིལ་སིལ་དུ་གྱུར། ཁོའི་ཨ་མའི་ལུས་ཡོངས་རྫོགས་ཆར་བས་བརླན་ཞིང་ངོ་གདོང་ན་མིག་ཆུ་དང་ཆར་ཆུ་འདྲེས་མ་ཞིག་ཤམ་ཤམ་དུ་བཞུར་གྱིན་ཡོད། ཁོས་ལག་པ་འདར་འདར་གྱིས་སྒུལ་ཙམ་སྒུལ་ཙམ་བྱེད་ཞོར“ཨ་མ……ཨ་མ”ཞེས་ཐེངས་གཉིས་ལ་བོས་པ་ན།ཨ་མས་དབུགས་ཧད་ཧད་ཀྱིས་སྐད་གསང་དམའ་མོའི་ངང་ནས“ཁྱོད་རྫི་ལ་མི་འགྲོ་བར་འདིར་ཡོང་བ་ཅི་ཡིན”ཟེར། མོའི་སྐད་གདངས་ནི་རྒྱུན་པར་དང་མི་འདྲ་བར་ཧ་ཅང་ཉམ་ཐག་གི་ལོ་བརྒྱད་ཅུ་ཅན་གྱི་རྒན་མོ་ལོ་ལོན་ཞིག་དང་ཨ་ན་མ་ན་རེད། བློ་བཟང་ངུ་ཞོར“ཨ་མ། ཁྱེད་ལ་ཅི་ཞིག་བྱུང་སོང”ཟེར་བ་ན། ཨ་མས་བློ་བཟང་ལ“ཨ་མའི་གཅེས་ཕྲུག ཨ་མ་དེ་རིང་ཤི་འགྲོ་བ་ཁོ་ཐག་རེད། ཁྱེད་ཀྱིས་སློབ་སྦྱོང་ལ་ཧུར་ཐག་གིས་འབད་དགོས”ཟེར་བ་ན། བློ་བཟང་གིས་ངུ་འབོད་བྱེད་ཞོར་ཨ་མའི་ཁུག་མའི་ནང་ནས་ཁ་པར་བཙལ་ནས་ཨ་ཕ་ལ་ཁ་པར་བཏང་། ཁོའི་ཨ་ཕའི་ཁ་པར་སྔ་མོ་ནས་སྒོ་གཏན་འདུག འཇིག་རྟེན་ཁ་དཔེ་ལ“ལས་བསམ་སར་མི་འགྲོ་གསེག་སར་འགྲོ”ཞེས་པ་དངོས་གནས་བདེན་པར་འདུག བློ་བཟང་གིས་ལག་འདར་འདར་གྱིས་ཨ་ཁུ་ཚེ་རིང་ལ་ཁ་པར་བཏང་བ་ན། ཨ་ཁུ་ཚེ་རིང་ཡང་ཉིན་དེར་ཕ་ཡུལ་ན་མི་འདུག བློ་བཟང་གིས་ད་ནི་རེ་བ་མི་འདུག་སྙམ་ནས། ཆར་རླུང་གིས་གཙེས་པའི་གནམ་སྔོན་པོའི་འོག་གི་ས་གཞི་ཡངས་པ་དེའི་ཕང་པ་ནས་བློ་བཟང་གཅིག་པུས་རང་གི་ཨ་མ་རྒྱབ་ལ་ཁུར་ནས་མིག་ཆུ་འདོན་ཞོར་ཞིང་ཁ་ནས་ཕྱིར་སྡེ་བའི་ཕྱོགས་སུ་བརྒྱུགས། ལོ་དེར་བློ་བཟང་ལོ་བཅོ་ལྔ་ཡིན། ཉིན་དེར་ཁོས་ཨ་མ་རྒྱབ་ལ་ཁུར་ནས་སྡེ་བའི་ཕྱོགས་སུ་བརྒྱུགས་པ་དེ་ནི། བློ་བཟང་ལ་མཚོན་ན་འཇིག་རྟེན་འདིའི་སྟེང་གི་རང་གི་ཨ་མ་དྲིན་མོ་ཆེ་ལ་ཆེས་མཐའ་མའི་དྲིན་ལན་འཇལ་བ་རེད། ཡར་འགྲོ་ཚ་བས་གདུང་ཞིང་མར་འགྲོ་ཆར་ཆུས་བརླན་པའི་ཀྱག་ཀྱོག་གི་ལམ་ཕྲན་དེའི་སྟེང་ནས་བློ་བཟང་གིས་འཇིག་རྟེན་འདིའི་སྟེང་གི་དམྱལ་ཁམས་དེ་དངོས་སུ་བརྒྱུད། བློ་བཟང་མ་བུ་གཉིས་སྡེ་བའི་ནང་སླེབས་རྗེས་ཁྱིམ་མཚེས་ཨ་ཁུ་རྡོ་རྗེས་མྱུར་དུ་ཁུལ་ཐོག་གི་སྨན་ཁང་ནང་ལ་བསྐྱལ། སྨན་ཁང་ནང་ནས་དུས་ཚོད་གཅིག་ལྷག་ལས་མ་བཞུགས་པར་བློ་བཟང་གི་ཨ་མ་འཇིག་རྟེན་འདི་ནས་བཞུད་སོང་། དེ་ལྟར་བློ་བཟང་གི་འཇིག་རྟེན་འདིའི་སྟེང་གི་ཆེས་གལ་ཆེ་བའི་མི་དེ་འདི་ལྟར་མི་ཡུལ་འདི་དང་གཏན་དུ་གྱེས་སོང་། གནའ་མིའི་ཁ་དཔེ་ལ“ཉལ་ཁ་ཆུ་མ་མང་། །ཤི་ཁ་གཏམ་མ་མང་། །”ཞེས་པ་བཞིན། མི་ཡུལ་འདི་དང་འབྲལ་ཁ་མའི་དུས་དེར་བློ་བཟང་གི་ཨ་མས་ཁོ་ལ་འཛུམ་ཞིག་བསྟན་པ་ལས་ཅི་ཡང་མ་སྨྲས།

བློ་བཟང་གི་ཨ་ཕ་སྨན་ཁང་ནང་ལ་སླེབས་དུས་བློ་བཟང་གི་ཨ་མ་འཇིག་རྟེན་འདི་ནས་བཞུད་སོང་། དུས་དེ་ནས་བཟུང་བློ་བཟང་གིས་རང་གི་ཨ་ཕ་ལ་ལག་དམར་བཞིན་དུ་ལྟ་བཞིན་ཡོད། བློ་བཟང་གི་ཨ་མྱེས་ཀྱི་དུས་སུ་བློ་བཟང་ཚང་ནི་བོས་ན་མིང་ཅན་ཞིག་དང་བགོས་ན་སྐལ་ཅན་གྱིས་ཁྱིམ་ཚང་ཞིག་ཡིན་ལ། བློ་བཟང་གི་ཨ་མྱེས་ཆང་གིས་བཟི་ནས་གྲོག་རོང་ལ་ལྷུང་བ་ནས་བཟུང་། བློ་བཟང་གི་ཨ་ཕས་ཁྱིམ་ཚང་གི་དོན་དག་ལ་ཁ་ཡ་བྱེད་པ་ཤིན་ཏུ་ཉུང་ཞིང་མཚམས་ལན་རེར་ཕྱི་ནས་ཆང་འཐུངས་ཏེ་ཉིན་ཞག་འགའ་རེར་ཕྱིར་ཁྱིམ་ལ་མི་ལོག བློ་བཟང་གི་ཨ་མྱེས་འཇིག་རྟེན་འདིར་བཞུགས་དུས་ཁོའི་ཨ་ཕ་སྡེ་བའི་སྐྱེས་པ་ཚོའི་གྲལ་ནས་གོར་གོར་བྱས་ན་དཀྱིལ་ནས་སྡོད་མཁན་ཞིག་དང་ཤར་ཤར་བྱས་ན་མགོ་ནས་འདུག་མཁན་ཞིག་ཡིན་མོད། ཨ་མྱེས་གཤེགས་པ་ནས་བཟུང་ཁོའི་ཨ་ཕ་ཡང་སྡེ་བའི་སྐྱེས་པ་ཚོའི་གྲལ་མགོ་ནས་རིམ་གྱིས་གྲལ་མཇུག་ལ་ལྷུང་།

ཁོའི་ཨ་ཕ་དེ་འདྲའི་ཆང་རྐྱལ་དཔེ་མེད་ཅིག་ཡིན་པའི་ཁར་ད་ནི་ཁོའི་ཨ་མ་ཡང་འཇིག་རྟེན་འདི་དང་བྲལ་སོང་བས། ཁྱིམ་ཚང་ཆེན་པོ་དེའི་ནང་དུ་བློ་བཟང་ཕ་བུ་གཉིས་གཅིག་པུ་ལུས། བློ་བཟང་གི་ཨ་མ་འདས་པ་ནས་ཁོས་རང་གི་ཨ་ཕ་ལ་ཨ་ཕ་ཞེས་ཐེངས་གཅིག་ཀྱང་བོས་མ་མྱོང་། ཨ་མ་འདས་ཁ་མའི་ཉིན་དེར་ཡང་ཨ་ཕ་འཁྲིས་ན་མེད་པས་ཁོས་དུས་ནམ་ཡང་རང་གི་ཨ་ཕ་ལ་འཚིག་པ་གཏིང་ནས་ཟོས་ཡོད།དྲང་མོར་བཤད་ན། ཨ་མ་འཇིག་རྟེན་འདི་དང་བྲལ་བ་ནས་ཁོའི་ཨ་ཕར་ཡང་ཕྱོགས་གང་ཐད་ནས་ཡར་རྒྱས་ཆེན་པོ་བྱུང་ཡོད་དེ། ཁོས་སྔོན་ཆད་ལྟར་ཁྱིམ་ནས་ཆང་མི་འཐུང་ལ་ལྷག་པར་དུ་བློ་བཟང་གི་འགྲམ་ནས་ཆང་གཏན་ནས་འཐུང་གིན་མེད། བློ་བཟང་སློབ་གྲྭར་འཚོགས་རྗེས། ཁོས་འཕྲུལ་རྟ་དམར་ལྡང་དེ་བཞོན་ནས་ཙག་རླུང་ཅི་འདྲ་ཆེ་རུང་གཟའ་འཁོར་རེ་རེར་ཁ་རྒྱབ་སྐྱེལ་བཞིན་ཡོད་ལ། ནམ་རྒྱུན་སློབ་གྲྭས་གུང་སེང་གཏོང་དུས་ཀྱང་སློབ་གྲྭའི་རྒྱ་སྒོ་རུ་ཐོག་མར་སླེབས་མཁན་དེའང་བློ་བཟང་གི་ཨ་ཕ་ཡིན།

དེ་མིན། བློ་བཟང་གི་ཨ་ཕ་སྔོན་ཆད་དང་བསྡུར་ན་གྲོན་ཆུང་བསྲི་ཚགས་ཀྱི་མི་སེར་སྣ་ཅན་ཞིག་ཏུ་གྱུར་འདུག བློ་བཟང་གི་ཨ་མ་འདས་རྗེས་ཁོའི་ཨ་ཕས་ཁོ་ཚང་གི་མཛོ་མོ་དག་བཙོངས་ཀྱང་མཛོ་མོ་བཙོངས་པའི་རིན་པ་སྐར་མ་གང་ཡང་བེད་སྤྱོད་བྱེད་མེད་པར་མ་ཟད། ད་དུང་ཁོ་ཁོམ་ལོང་ཙམ་བྱུང་ན་ཞོར་ལས་ལ་འགྲོ་བཞིན་ཡོད། ཁོས་དེ་ལྟར་སྔོན་ཆད་ལས་གྲོན་ཆུང་དང་སེར་སྣ། དཀའ་སྡུག་མྱངས་དོན་ནི་ཁོས་ཚེ་སྨད་ལ་རྫོང་ཐོག་ནས་བློ་བཟང་ལ་ཁང་པ་ཞིག་ཉོ་རྒྱུ་དེ་ཡིན།

ཕྱི་ཉིན་སློབ་གྲྭས་དངོས་ནས་གུང་སེང་བཏང་བྱུང་། བློ་བཟང་གི་ཨ་ཕས་ནམ་རྒྱུན་ལྟར་སློབ་གྲྭའི་རྒྱ་སྒོའི་ཕྱི་ནས་བློ་བཟང་ཡོང་བར་བསྒུགས་ནས་བསྡད། བློ་བཟང་གི་ཨ་ཕ་ད་རུང་ལོ་ལྔ་བཅུ་ལ་སོན་མེད་རུང་། གདོང་གི་གཉེར་མ་དང་སྐྲ་ལོ་ལས་ལོ་ན་དྲུག་ཅུའི་ནང་གི་རྒན་པ་ཞིག་རེད་ཟེར་ནའང་ཡིད་ཆེས་ངེས།

བློ་བཟང་ཨ་ཕའི་མདུན་དུ་སླེབས་རྗེས། ཨ་ཕས་ཅི་ཡང་མ་བརྗོད་ལ་བློ་བཟང་གིས་ཀྱང་ཅི་ཡང་མ་བཤད་པར་འཕྲུལ་རྟའི་འཕོངས་ལ་བཞོན་ནས་འཁྱག་བསིལ་བསིལ་གྱིས་ཁྱིམ་ཚང་དེར་ལོག

ཁྱིམ་དུ་སླེབས་པ་ན་ཨ་ཁུ་ཚེ་རིང་དང་ཨ་ཁུ་རྡོ་རྗེ་གཉིས་ཚ་ཐབ་ཀྱི་གཡས་གཡོན་ན་སྐྱིལ་དྲུང་དུ་བསྡད་འདུག བློ་བཟང་ནང་དུ་སླེབས་རྗེས། ཁོ་གཉིས་ཀྱིས་བློ་བཟང་ལ་“སློབ་གྲྭ་ནས་ཨེ་དཀའ་ཐའ”ཞེས་དྲིས། དེ་རིང་ཁྱིམ་ཚང་འདི་རུ་ཨ་ཁུ་ཚེ་རིང་དང་ཨ་ཁུ་རྡོ་རྗེ། བློ་བཟང་དང་ཁོའི་ཨ་ཕ་བཅས་མི་བཞི་ཡོད་མོད། འོན་ཀྱང་བློ་བཟང་ལ་མཚོན་ན་ཁྱིམ་ཚང་འདི་ཆེན་པོ་ཆེན་པོ་ཞིག་ཏུ་སྣང་ལ་འདི་རུ་མི་ཅི་འདྲ་མང་པོ་ཞིག་འདུས་རུང་ཁོའི་སྣང་ངོར་ཆུང་ཆུང་ཞིག་ཏུ་གྱུར་འདུག དེ་བས་ཁོས་སྐད་དམའ་མོས་གསལ་ལ་མི་གསལ་གྱིས“མ་དཀའ་ཐལ”ཟེར། དེ་ལྟར་ཁོ་ཚོས་མཉམ་དུ་ཇ་འཐུངས་རྗེས། ཨ་ཁུ་ཚེ་རིང་དང་རྡོ་རྗེ་གཉིས་ཀྱིས་བློ་བཟང་གི་ཨ་ཕ་སྒོའི་ཕྱི་རུ་འགྲོ་རུ་བཅུག དེ་ནས་ཁོ་གཉིས་ཀྱིས་བློ་བཟང་ལ་ཡོང་དོན་གསལ་པོར་བརྗོད་པ་འདི་ལྟ་སྟེ། “བློ་བཟང་། ཁྱོད་ཀྱི་ཨ་མ་འདས་ནས་ད་བར་ལོ་ལྔ་འགོར་འདུག ལོ་འདི་དག་གི་རིང་ཁྱོད་ཀྱི་ཨ་ཕས་ཁྱོད་གཅིག་པུའི་ཆེད་དུ་སྔོན་ཆད་ཀྱི་སྤྱོད་ངན་མང་པོ་ཞིག་བཅོས་བསྒྱུར་བྱས་ཤིང་། གོན་མ་ཐུབ་ཟ་མ་ཐུབ་པར་སེན་མགོ་ཁྲག་དང་སེར་རྟིང་རྣག་བྱས་ནས་ཞོར་ལས་བཙལ་ཏེ། ད་སྐབས་སྒོར་ཁྲི་སུམ་ཅུ་བསགས་འདུག ཉེ་ལམ་ཁྱོད་ཀྱི་ཨ་ཕ་ཞོར་ལས་བྱེད་ས་ནས་གློ་བུར་དུ་བརྒྱལ་སོང་བས། ངེད་གཉིས་ཀྱིས་ཁོ་སྨན་ཁང་དུ་བརྟག་དཔྱད་དུ་ཁྲིད་དུས། སྨན་པས་བཤད་ན་ཁྱོད་ཀྱི་ཕ་ལ་ཁྲག་ཤེད་མཐོ་བའི་ནད་ཡོད་པས་ནམ་འཆི་ངེས་པ་མི་འདུག་ཟེར། ངེད་གཉིས་ཀྱིས་ཁྱོད་གཉིས་སློབ་སྦྱོང་ལ་བཟང་བ་ཤེས་ཡོད། ངས་ཁྱེད་ཀྱི་སློབ་ཆེན་ལ་རྒྱུགས་འཕྲོད་ཐུབ་པར་ཡང་ཡིད་ཆེས་ཡོད། ཡིན་ནའང་། ཁྱོད་ཀྱི་ཨ་ཕ་ཚད་འདི་ལ་སླེབས་ཡོད་པས། ཚེ་སྲོག་ཅེས་པ་ནི་རླུང་ཁའི་མར་མེ་དང་འདྲ། ནམ་འགྲོ་རང་དབང་ན་མེད། ཁྱོད་ཀྱི་ཨ་ཕའི་རེ་བ་ཉག་གཅིག་པུ་ནི་སྒོར་མོ་འདིས་རྫོང་ཐོག་ནས་ཁང་པ་ཞིག་ཉོས་རྗེས། ཁྱོད་ལ་ཆུང་མ་ཞིག་ལེན་རྒྱུ་དེ་རེད། ཁ་སང་དེ་རིང་སྡུག་མྱངས་ནས་སློབ་གྲྭར་སོང་རུང་རྒྱལ་ཁབ་ཀྱི་བྱ་བ་གཉེར་མི་ཐུབ་པས། སློབ་ཆེན་ལ་འགྲིམས་པ་དང་མ་འགྲིམས་པ་གཉིས་ཕལ་ཆེར་འདྲ་འདྲ་ཡིན་འདུག དེ་ཁྱོད་ཀྱིས་འུ་ཚོའི་སྡེ་བའི་སློབ་ཆེན་པ་ཚོར་ལྟོས་དང་ཤེས་ཡོང་། གཙོ་བོ་ཁྱོད་རང་ཉིད་ཀྱིས་འདང་རྒྱོབ།འདས་སོང་གི་ཨ་མ་དྲིན་མོ་ཆེའི་ཁ་ལ་མཉན་ནས་སློབ་སྦྱོང་ལ་འབད་པ་བྱས་ཏེ་སློབ་ཆེན་ལ་འགྲོ་རྒྱུ་ཡིན་ནམ། ཡང་ན་ཁྱོད་ཀྱི་ཨ་ཕའི་ཚེ་མཇུག་གི་རེ་བ་སྐོང་རྒྱུ་ཡིན། གཙོ་བོ་ཁྱོད་རང་ཉིད་ལ་ཐུག་ཡོད་ཟེར།

ཨ་ཁུ་གཉིས་ཀྱི་སྐད་ཆ་ལ་མཉན་རྗེས།བློ་བཟང་གི་སེམས་ལ་མང་པོ་མང་པོ་ཞིག་དྲན་ལ་ཡང་མང་པོ་མང་པོ་ཞིག་ཚོར། ཁོས་རང་གི་སེམས་ཀྱི་ཡོད་ཚད་མིག་ཆུ་དྭངས་མོ་ཞིག་གི་ཁུད་དུ་བཅུག་ནས། ཨ་ཁུ་ཚེ་རིང་དང་ཨ་ཁུ་རྡོ་རྗེ་གཉིས་ཀྱི་མདུན་ནས་ས་ལ་བྱོ་བ་ལས། གཞན་ཅི་ཡང་མ་སྨྲས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།