ཀཱ་ཀཱ།

གཅིག

ལོ་དུ་མའི་སྔོན་ཞིག་ལ། ཐེངས་ཤིག་ངེད་ཕ་བུ་གཉིས་སྲང་ལམ་དུ་འགྲོ་དུས་སུ། ངེད་ཚོའི་ཀོ་འབོལ་ཙམ་གྱི་ས་ལས་མེད་པའི་གྲོང་ཁྱེར་འདི་ནས། མཚན་སྙན་གྲགས་དབྱར་སྐྱེས་རྔ་སྒྲ་ལྟར་གྲགས་ཤིང་། མིང་ལ་ཀཱ་ཀཱར་འབོད་པའི་རྒད་པོ་ལོ་ཡར་གསེག་དེར་ཐུག་སོང་། ཁོང་རང་སྔར་བཞིན་ཤ་སྐམ་པའི་ལུས་ལ། མདོག་ཤོར་འདུག་པའི་དམག་ལྭ་ཚོན་ཁྲ་ཅན་ཞིག་གྱོན་ཞིང་། དོར་མ་ཡར་བརྫེས་ནས་དམར་སྨུག་ཏུ་གྱུར་པའི་ཉྭ་རིལ་ཕྱིར་བཏོན་པ་དང་། རྙིང་ཧྲུལ་གྱི་ལྷམ་དེ་མཐིལ་ཟད་ནས་ལྷམ་རྟིང་ཕྱི་ཕྱོགས་སུ་གསེག་འདུག ཡིན་ནའང་། ཁོང་གི་ནག་ཅིང་གཉེར་མས་ཁེངས་པའི་གདོང་ནས། མཁུར་ཚོས་གཉིས་ཉི་མས་གཞུས་པའི་མར་གྲོད་ལྟར་འོད་ལམ་ལམ་དུ་འཚེར། ཁོས་ང་རང་མཐོང་མ་ཐག ཐག་རིང་ནས་ཧ་ཅང་ཆ་རྒྱུས་ལྡན་པའི་བཟང་ས་ཞིག་རིག་པ་ལྟར།

“ཨ་རོགས། སྲང་དུ་ཉུལ་གྱིན་ཡོད་དམ།”ཞེས་ཁ་ཡ་བྱས་འོངས།

ངས “འོ་ལེ།”ཞེས་ལན་རྫོགས་པ་ན། ཁོང་གིས་མུ་མཐུད་དུ།

“འོ་ན། དུ་བ་རྐང་ཞིག་གནོངས་དང་།”ཞེས་ཞུས།

ངས་གློ་ཁུག་ལས་དུ་སྒམ་ཕྱིར་བླངས་ཏེ་ཐ་མག་རྐང་གཅིག་ཁོང་ལ་སྟེར་སྐབས། ཁོང་གིས“དུ་སྒམ་འདི་གང་པོ་ང་ལ་གནང་རོགས།”ཞེས་ངའི་ལག་གི་དུ་སྒམ་ཕྲོགས་རྗེས། འཕྲལ་མར་ངའི་མཐོང་ལམ་ནས་རིང་དུ་ཡལ་སོང་། ངའི་འགྲམ་གྱི་བུ་མོས་གནས་ཚུལ་དེ་མཐོང་མ་ཐག་དངངས་སྐྲག་སྐྱེས་ཏེ“ཨ་ཕ། ཨ་ཕ། མི་འདི་ཇག་པ་ཨེ་རེད།”ཅེས་ངུ་ངག་འདོན་བཞིན་ངའི་བརླ་ལ་དམ་པོར་འཇུས། ངས་རྟབ་རྟབ་པོར་བུ་མོའི་མགོ་ལ་བྱིལ་བྱིལ་འགའ་བྱས་ཏེ“ཇག་པ་མ་རེད། ཁོང་རང་ཨ་ཕའི་གྲོགས་པོ་རེད།”ཅེས་སེམས་གསོ་བྱས།

“གྲོགས་པོ……”

བུ་མོའི་འཚེར་སྣང་གི་མིག་མཐའ་མཆི་མས་གང་ཞིང་། འཚིག་པ་ཟ་བའི་མིག་མདངས་ཤིག་གིས་ང་ལ་ཅེར་བྱུང་།

ངས“རེད་ལགས། ཁོང་རང་ང་ཡི་གྲོགས་པོ་ཡིན། ད་དུང་གྲོང་ཁྱེར་འདི་གའི་གྲོགས་པོ་ཡང་རེད། ཁོང་མི་བཟང་པོ་ཞིག་ཡིན། སྐྲག་མི་དགོས།”ཞེས་བཤད།

“གཞན་གྱི་དངོས་པོ་འཕྲོག་ན་མི་བཟང་པོ་རེད་དམ།”

བུ་མོས་མུ་མཐུད་དུ་དོགས་པ་ཟ་བཞིན་དྲིས་བྱུང་།

“མི་བཟང་པོའི་ནང་ན་ཡང་མི་ངན་པ་གནས། མི་ངན་པའི་ནང་ན་ཡང་མི་བཟང་པོ་ཡོད། ཁྱོད་རང་ནར་སོན་རྗེས་ཤེས་ངེས་རེད།”ཅེས་བུ་མོར་སེམས་གསོའི་ཚུལ་དུ་ལབ་ན་ཡང་། དོན་དམ་དུ་གནས་ལུགས་གསལ་པོ་ཞིག་ཡོད་མེད་རང་ལ་ཡང་ལན་མེད།

གཉིས།

ཀཱ་ཀཱ་ཁོང་རང་གྲོང་ཁྱེར་འདི་རུ་དུས་ནམ་ཚོད་སླེབས་པའམ། ཡུལ་གང་ནས་ཡོང་བ་སུས་ཀྱང་མི་ཤེས་རུང་། རྩད་གཅོད་མཁན་ཡང་སུ་ཞིག་ཀྱང་མེད། འདི་ཕལ་ཆེར་གྲོང་ཁྱེར་དུ་མི་འབོར་མང་བས། མི་དང་མིའི་བར་གྱི་འབྲེལ་བའི་ཐད། རི་ལུང་གི་མི་དང་མི་འདྲ་ས་རེད་འདོད། ཁོང་དང་ཐོག་རླངས་འཁོར་འབབ་ཚིགས་སུ་གནས་པ་ཚང་མས་ཤེས་འདུག དུས་དེར་ཁོང་གིས་རྒྱུན་པར་འཁོར་སྒུག་ཁང་གི་གཙང་སྦྲ་ཡག་པོར་བྱས་རྗེས། འགྲུལ་པ་དག་ལ་རོགས་བྱས་ནས་ལམ་ཆས་དངོས་པོ་སོགས་ཡར་སྐྱེལ་མར་ལེན་བྱེད་པ་དང་། ཡང་ན་འགྲིམ་འགྲུལ་བཀོད་འདོམས་པ་ལྟར། འཁོར་སྒུག་ཁང་གི་རྒྱང་སྒྲོག་ནས་ཅི་ཞིག་བཏང་ན་དེ་ལ་ལད་ཟློས་བྱེད་ཀྱིན་ཡོད།

“མཆོད་རྟེན་ཐང་གི་རླངས་འཁོར་འགྲོ་རན་རེད། འགྲུལ་པ་དག་གིས་གྲ་སྒྲིག་བྱོས།”

“བདེ་ཆེན་ནས་རབ་རྒྱས་བར་གྱི་རླངས་འཁོར་གནམ་གཤིས་ཀྱི་རྐྱེན་པས་དེ་རིང……”

“འདི་ནས་དུ་བ་འཐེན་མི་ཆོག……”

“སྤ་སེ་མེད་ན་རླངས་འཁོར་དུ་འདུག་ག་ལ་ཆོག”

“……”

ཁོང་གིས་ལོ་དུ་མའི་རིང་ལ་དེ་ལྟར་རླངས་འཁོར་འབབ་ཚིགས་སུ་རོགས་རམ་བྱས་ཀྱང་། ཁོང་ལ་གདན་འདྲེན་ནམ་མངག་གཏོང་བཏང་བའི་ཡིག་ཆ་ཅི་ཡང་མེད་ཕྱིར། གླ་ཕོགས་སྐར་ཆ་གང་ཡང་བླངས་མ་མྱོང་། ཁོང་ལ་ལེ་བདའ་སྤུ་ཙམ་ཡང་མེད། འབབ་ཚིགས་སུ་ཉིན་རྒྱུན་ཕར་འགྲོ་ཚུར་འོང་གི་མགྲོན་པོ་མང་བས། ཁོང་གིས་འཕྱ་སྨོད་དང་ངོ་ཚ་གང་མང་མྱོང་དགོས་ནའང་། ཟས་ཀྱིས་ལྟོ་བ་ནམ་ཡང་འགྲངས་ཡོད། དགོང་མོར་འཁོར་སྒུག་ཁང་གི་རྐུབ་སྟེགས་རིང་མོའི་སྟེང་ཉལ་ཆོག

ཁོང་གིས་ནམ་རྒྱུན་རྨི་ལམ་དུ་རྨིས་པ་ནི་འབྲུག་མོ་ཟེར་བའི་བུ་མོ་དེ་རེད། འབྲུག་མོ་ནི་དབྱར་གྱི་མེ་ཏོག་ཇི་བཞིན་ཁྲ་ལམ་མེར་འཁོར་སྒུག་ཁང་དུ་འཚབ་འཚུབ་ངང་བརྒྱུགས་ཡོང་ནས་གནས་ཚུལ་འདྲི་རྟོག་བྱེད་དུས། ཁོང་ལ“ཀྲན་ཀྲང”ཞེས་བོས་པའི་སྐད་གདངས་དང་། མོ་ལ་ལམ་ཆས་དངོས་པོ་འཁྱེར་རོགས་བྱས་རྗེས། མོས་ཁོང་ལ་བསྟན་པའི་འཛུམ་མདངས་དང་། ཁོང་ལ་བཀའ་དྲིན་ཞུས་པའི་རྣམ་འགྱུར་སོགས་ནི་ཟླ་བརྒྱད་པའི་ཉི་ཟེར་འཇམ་པོ་འཕྲོས་པ་ཇི་བཞིན། ཁོང་གི་ལུས་ཡོངས་ལ་དྲོད་སྣང་གིས་ཁེངས་བྱུང་། དེས་འཁྱགས་རེངས་སུ་ལུས་པའི་འཁོར་སྒུག་ཁང་གི་གྲང་ངར་བསྐྲད་ཅིང་འོད་སྣང་གི་མར་མེ་བསྒྲོན། ལྷག་པར་དུ་ཁོང་ལ་མཚོན་ན། མཚན་མོ་སླེབས་དུས། ཉིན་མོར་ངེས་པར་བརྒྱུད་དགོས་པའི་ངལ་དུབ་དང་སུན་སྣང་། ཟུར་མིག་དང་འཁང་ར།འཕྱ་སྨོད་དང་བརྙས་བཅོས་ཡོངས་རྫོགས་ཡལ་བར་བོར་ཆོག

ཡང་རྨི་ལམ་ནང་སྐབས་རེར་ཁོང་གིས་འབྲུག་མོར་ཆེད་སྤྱོད་རླངས་འཁོར་མངགས་ཏེ་སྐྱེལ་བསུ་བྱེད་དུས། འབྲུག་མོས་རླངས་འཁོར་གྱི་སྒེའུ་ཁུང་ལས་མགོ་བོ་ཕྱིར་བསྲིངས་ནས་ཁ་སྐྱེངས་པའི་ཚུལ་གྱིས་ཁྱོད་རང་གཉེན་ཨེ་བསྒྲིགས་ཞེས་དྲིས་བྱུང་། ཁོང་གི་གདོང་ལ་དགའ་བའི་རླབས་ཕྲེང་རབ་ཏུ་འཕྱུར་རུང་། ཁ་ནས་ང་རང་མི་ཧྲེང་རྐྱང་རྐྱང་ཞིག་ཡིན་ཟེར་མ་ཕོད། ཐ་ན་འབྲུག་མོའི་འཇམ་གཉེན་གྱི་ལག་པ་ཚུར་བསྲིངས་ཀྱང་འཛིན་མི་ཕོད……

ཡང་སྐབས་རེར་ཁ་བཏགས་གྲངས་མེད་ཅིག་ཁོང་དང་འབྲུག་མོའི་མགུལ་དུ་དཔྱངས་ཤིང་། སྐུ་མགྲོན་ཚང་མས་རྟེན་འབྲེལ་ཞུ་བའམ་ལེགས་སྐྱེས་འབུལ་དུས། རང་ཉིད་ནི་རྒྱ་མཚོའི་ཀློང་ན་སྐྱོད་པའི་གཡོར་གྲུ་ཡིན་ལ། ནམ་མཁའི་དབྱིངས་སུ་འཚེར་བའི་སྐར་ཆེན་ཡིན། ཡང་ན་རང་དབང་དང་འདྲ་མཉམ་གྱིས་བསྒྲེངས་པའི་དར་ཆ་ཞིག་ཡིན་པ་སོགས་ཀྱི་རྨི་ལམ་ཡང་གང་མང་མང་རྨིས་མོད། སྐྱ་རེངས་བུ་མོ་མལ་ལས་ལངས་ནས་ཁུ་སིམ་ངང་བྱོན་ཚེ། འཆར་ཀའི་འོད་ཆེན་དེ་ས་ངོས་ལས་དལ་བ་དལ་བུར་འཚེར་ཞིང་། དེར་བསྟུན་འཁོར་སྒུག་ཁང་གི་ལྕགས་སྒོ་འབྱེད་པའི་སིང་སྒྲ་དེས་ཁོང་གི་རྨི་ལམ་ཡོངས་སུ་དཀྲོག་འགྲོ།

“རེམ་མ་ཡར་ལོངས། ལངས་ནས་ཚོམས་ཆེན་ཉ་ར་བྱོས།”

“ཧེ། ཁ་སང་གཙང་སྦྲ་བྱས་པ་མི་བཟང་། གཙང་སྦྲ་བྱེད་འདོད་མེད་ན་འདི་ནས་མ་ཉལ།”

“ཕྱགས་ལུད་སྒོ་ཁར་སྤུངས་ཏེ……”

“རེམ་མ་སྒེའུ་ཁུང་ཕྱེས་ལ་རླུང་ནང་དུ་རྒྱུ་རུ་ཆུགས། སྐྱུག་མེར་ལངས་ཀི།”

“……”

སྒོ་ཁར་མདོག་སྔོན་པོའི་དམག་ལྭ་གྱོན་པའི་བུད་མེད་ཡར་གསེག་གཅིག་གིས་ཚིག་མདའ་སེར་བ་འབབ་འབབ་འཕངས་ན་ཡང་། ཀཱ་ཀཱའི་ཞལ་རས་ནི་ཉི་དགའ་མེ་ཏོག་རྐང་གཅིག་བསེར་བུའི་ནང་གཡོ་བ་ལྟར། མགོ་བོ་ལྡེམ་ལྡེམ་དང་བཅས་འཛུམ་དམུལ་དམུལ་བྱེད་པ་ལས་ཅི་ཡང་མི་སྨྲ།

གསུམ།

དགོས་དུས་ལྷ་རྫས་དང་མི་དགོས་དུས་གདོན་རྫས་ཟེར་བ་ཅིས་མ་བདེན། དཔྱིད་མགོ་ཚེས་ཀྱང་ད་རུང་སའི་ཁེངས་འཁྱགས་མ་ཞུ་བའི་བར་སྐབས་ཤིག་ལ། ལས་ཁུངས་བཅོས་བསྒྱུར་དང་བསྟུན་ཏེ་རླངས་འཁོར་འབབ་ཚིགས་ཀྱང་སྲིད་གཞུང་གི་བདག་གཉེར་བྱེད་པ་ནས་སྒེར་གྱི་བདག་གཉེར་དོ་དམ་བྱེད་པར་འཕོ་འགྱུར་བྱུང་། དེའི་ཕྱིར། ཀཱ་ཀཱ་ཡང་གནས་སྡོད་འཁྱམ་པོ་ལྡོམ་པོ་ཞིག་ནས་མིང་དོན་མཐུན་པའི་འཁྱམ་པོ་ལྡོམ་པོ་རྣལ་མ་ཞིག་ཏུ་གྱུར། ཉིན་རྒྱུན་སྲང་ལམ་དུ་ཡར་མར་ལ་སོང་སོང་ན་ཡང་། དང་ཐོག་ཚང་མས་ཁོང་རླངས་འཁོར་འབབ་ཚིགས་སུ་མཐོང་མྱོང་བའི་ངོར་བལྟས་ནས་ལྟོ་ཆས་ཙམ་སྟེར། གཞུག་ནས་ཁོང་ལ་སྙིང་རྗེ་བསྒོམས་ཏེ་ལྟོ་ཆས་ཙམ་བྱིན། དེ་ལྟར་ཡུན་རིང་འགོར་རྗེས་ཁོང་ལ་སུན་སྣང་དང་འཚེར་སྣང་སྐྱེས་ནས་སྦྱིན་པ་གཏོང་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་སོང་ནས་བཀྲེས་ལྟོགས་ཀྱི་ཉེན་ཁ་ཕོག་དུས། ཁོང་ནི་རྫི་རྣོ་བའི་དམག་ཁྱི་དང་འདྲ་བར། ཁྱིམ་ཚང་སུ་ཚང་ན་འདས་མཆོད་སྒྲུབ་ཀྱིན་ཡོད་པའམ། བུ་བུ་མོའི་གཉེན་སྟོན་བྱེད་པ། སྙུང་གནས་སྲུང་བ་སོགས་འཇིག་རྟེན་ལུགས་ཀྱི་ཆོ་ག་གང་ཞིག་བྱེད་དུས། ཁོང་རང་མ་བོས་མགྲོན་དུ་ཕེབས་འདུག སྐབས་དེར་མི་ཚང་མ་དགའ་སྐྱོ་དགེ་གསུམ་ནང་འཁོར་ཡོད་སྟབས། ཁོང་ཕྱིར་སྐྲོད་མཁན་ཞིག་ཀྱང་མེད་པས། ཁོང་གིས་ཟ་མ་གང་འདོད་ཟས་ཆོག་ལ།བཏུང་ཆུ་གང་འདོད་དུ་འཐུང་ཆོག ཐ་ན་ཐེངས་འགར་གསར་བུ་འགས་བསམ་གཟས་ནས་ཁོང་ལ་ཆང་འཐུང་དུ་བཅུག་པས་ཁོང་བཟི་སྟེ། བུ་མོ་འབྲུག་མོ་དེ་རིང་བོས་ནས་མ་ཡོང་ན། ང་ཤི་ཡང་ཕྱིར་མི་འགྲོ།ཧིན། ཧ……ཧ་ཧ་ཧ……ཟེར་ནས་ཆང་སྐྱོན་གཏོང་སྐབས། གསར་བུ་ཚོས་གཅར་རྡུང་དང་སྡིག་དམོད་བྱེད་བཞིན་སྲང་ལམ་དུ་བསྐྲད།

བཞི།

ངེད་ཅག་གིས་གྲོང་ཁྱེར་དེང་རབས་ཅན་འཛུགས་པའི་སྔོན་ལ། ཀཱ་ཀཱས་སྲང་མདོ་ནས་བུ་མོ་འགའི་མགོ་རས་ཕྲོགས་པའི་གསར་འགྱུར་ཞིག་ཆུ་ཁོལ་འཕྱུར་བ་ལྟར། ལག་མཐིལ་གྱི་ཆེ་ཆུང་ལས་མེད་པའི་གྲོང་ཁྱེར་འདིའི་མཁའ་མཐར་ཁྱབ་མུར། གྲོང་ཁྱེར་དབུས་ཀྱི་འཆམ་མཐུན་ཐང་ཆེན་ནས། རྒན་མོ་ལོ་ལོན་འགའ་ལོགས་གཅིག་ཏུ་རུབ་ནས་ངག་སྒོ་ཕྱེ།

“ཀཱ་ཀཱའི་ཀླད་པ་དྭངས་ཡོད་ན་བྱ་བ་དེ་འདྲའི་ངོ་ཚ་ཅན་མི་ལས་ཁོ་ཐག་རེད།”

“དེའི་ཀླད་པར་སྐྱོན་ཡོད་མེད་སུས་ཤེས། སྟག་གི་རི་མོ་ཕྱི། མིའི་རི་མོ་ནང་རེད་ཡ།”

“དེའི་ཀླད་པར་སྐྱོན་མེད་ན། ལོ་ངོ་བཅུ་ཕྲག་རིང་ལ་རླངས་འཁོར་འབབ་ཚིགས་སུ་གླ་རིན་མེད་པར། ཟས་ཁྱི་ཟས་དང་ལས་བོང་ལས་བྱས་ནས་སྡོད་དོན་ཅི་ཡོད།”

“ད་ཚང་མས་སེམས་ཆུང་བྱོས། ཉིན་དཀར་དཀར་ལ་འཕྲོག་ཐུབ་ན། ནུབ་མཚན་མོ་རྐུ་བྱེད་པ་ཁྲིགས་ཁྲིགས་མེད།”

“ཡ་མཚན། ཉིན་དུ་མའི་རིང་ལ་ཀཱ་ཀཱ་རིག་མ་མྱོང་།”

“འོ་ལེ། ཁྱི་ལྡོམ་དེ་ཚོ་ཡང་རིག་རྒྱུ་མི་སྣང་།”

“ཨ་ལ་ལ། ལྐོག་ཇུས་ཤིག་རེད……”

“ཁྱི་སྐྱག་མ་གཏོང……”

“……”

ལྔ།

དགུན་གྱི་དུས་ཡུན་རིང་པོ་ནི་ཁ་བ་ལྷབ་ལྷུབ་ཏུ་འབབ་པའི་དུས་སྐབས་ཤིག་ཡིན་མོད། ད་ལོར་ཁ་བའི་ཟེགས་མ་གཅིག་ཀྱང་མ་བབས་པའི་ཐོག འཛམ་བུ་གླིང་ལ་ཁྱབ་པའི་ནད་ཡམས་ཆེན་པོ་ཞིག་སླེབས་བྱུང་། མི་རྣམས་ནད་ཡམས་ལ་ཞེད་ནས་སྒོ་ཁར་འགྲོ་མཁན་ཡང་ཧ་ཅང་ཉུང་། སྐབས་རེར་སྒོར་འབུད་དུས། ཁ་ཐུམ་དམ་པོར་བརྒྱབ་འདུག ངས་དགུན་གྱི་གྲང་རླུང་ཁྲོད་བུ་མོ་སློབ་གྲྭ་ནས་བསུས་ཏེ་ཕྱིར་ལོག་དུས། བུ་མོས་གློ་བུར་དུ་ང་ལ“ཨ་ཕ། ལོ་དུ་མའི་སྔུན་དུ། ཁྱོད་ཀྱི་གྲོགས་པོ་ཐ་མག་འཕྲོག་མཁན་དེ་ད་ལྟ་གང་དུ་གནས་འདུག”ཅེས་དྲིས་བྱུང་།

ངས་ཡ་མཚན་དང་བཅས་ཏེ། བསམ་གཞིག་ཅི་ཡང་མ་བཏང་བར“མི་ཚང་མས་ཁ་ཐུམ་བརྒྱབ་ནས་རིགས་འདྲ་ཡིན་ཕྱིར། ཁོང་གར་ཡོད་མ་ཤེས་རུང་། མི་ཚོགས་ཀྱི་ཁྲོད་དུ་ཡོད་ངེས་རེད།”ཅེས་ཁ་ནས་ཤོར་སོང་།

“ཁོང་ངོ་མ་མི་བཟང་པོ་ཞིག་རེད་དམ།”བུ་མོས་ཡང་བསྐྱར་དྲིས་བྱུང་།

ངས“མི་བཟང་པོའི་ནང་ན་ཡང་མི་ངན་པ་ཡོད་ལ……”ཞེས་སྔར་བཤད་པའི་སྐད་ཆ་དེ་ཡང་བསྐྱར་ཐེངས་ཤིག་བཤད།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།