ཀྲུང་གོ་བོད་ཀྱི་དྲ་བ།

ཇག་པ་ཆང་ཁང་།

ཡོང་ཁུངས། : ཁྲི་སེམས་དཔའི་རྩོམ་རིག་སྤྱི་སྟེགས།   རྩོམ་པ་པོ། : ཚེ་རིང་ནོར་བུས་བརྩམས།ཁྲི་སེམས་དཔའ་ཡིས་བསྒྱུར།   སྤེལ་དུས། : 2020-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཚེ་རིང་ནོར་བུ། 1986ལོར་བོད་ལྗོངས་སློབ་ཆེན་ནས་མཐར་ཕྱིན། མའོ་ཏུན་རྩོམ་རིག་བྱ་དགའ་སྐབས་བདུན་པའི་དཔྱད་འདེམ་པའི་འགན་བཞེས་མྱོང་། བརྩམས་ཆོས་གཙོ་བོ《རླུང་ཁྲོད་ཀྱི་མཆོད་སྦྱིན》《ལུག་ཚེ་ཐར》《མཚམས》《ཇག་པ་ཆང་ཁང》སོགས་ཡོད་ལ། 《ལུག་ཚེ་ཐར》ལ་ལུའུ་ཞུན་རྩོམ་རིག་བྱ་དགའ་སྐབས་ལྔ་པ་ཐོབ། 

འདི་ནི་གྲོང་ཁྱེར་གྱི་བས་མཐའ་ཞིག་ཡིན།  གནས་འདིའི་གཞིས་དམངས་ཀྱི་སྡོད་ཁང་རྙིང་ཞིང་རལ།ཡིན་ནའང་ལོ་རྒྱུས་ཀྱི་རྒྱུན་རིང་བའི་དྲི་ངད་ཅིག་ལྷུག་པོར་ལྡང་ལ། གནས་འདི་ཡི་བགྲོད་ལམ་སྟེང་ལྕི་བ་དང་བྱ་རྟུག་གིས་བཀང། གནས་འདིར་འུར་ཟིང་གིས་ཁེངས་པ་ནི་ནས་ཆང་འཚོང་སའི་ཆང་ཁང་ཞིག་སྟེ།  རྒྱ་སྒོའི་ཀླད་ངོས་སུ་བཀལ་བའི་ཤིང་ལེབ་སྟེང“སྤྲོ་སྐྱིད་ཆང་ཁང”ཞེས་ཡིག་འབྲུ་བཞི་ཁྱར་ཁྱོར་དུ་བྲིས་འདུག

ཡིན་ནའང་། གནས་འདིར་ཆང་འཐུང་བར་ཡོང་མཁན་ཀུན་གྱིས“སྤྲོ་སྐྱིད་ཆང་ཁང”ཞེས་མི་འབོད་པར“ཇག་པ་ཆང་ཁང”ཞེས་འབོད། ཁོ་ཚོས་འཛོམས་ཆིངས་བཞག་སྟེ་ཆང་འཐུང་བར་འགྲོ་དུས“ཕྱི་དྲོའི་ཆུ་ཚོད་ལྔ་པའི་སྟེང་ཇག་པ་ཆང་ཁང་དུ་འཕྲད”ཅེས་ཟེར་ཞིང་།སྐད་ཆ་འདི་བཤད་མཁན་ནི་གཞུང་ལས་སུ་ཞུགས་མཁན་དག་ཡིན་ཏེ། ཁོ་ཚོ་སྔ་མོ་ནས་ལས་རྐང་དང་འབྲལ་མི་ཕོད།དེ་ནི་ཁོ་ཚོ་མགོ་པས་བཟུང་ཚེ་སྡིགས་དམོད་བྱེད་པར་སྐྲག་པ་རེད།  གཞན་ཡང་མི་སྐོར་ཞིག་ཡོད་དེ།  དེ་དག་ནི་འཚོ་བའི་འབབ་སྟེགས་དབེན་པ་དག་རེད།ཁོ་ཚོར་མཚོན་ན་དུས་ཚོད་ནི་མང་དྲགས་ཏེ་ཉིན་རེ་བཞིན་ཇི་ལྟར་བསྐྱལ་བར་སེམས་ཁྲལ་བྱེད་བཞིན་ཡོད།  དུས་སྐབས་མང་པོར། ཉི་གཞོན་སྒོར་མོ་ཤར་རིའི་རྩེ་ནས་འཕགས་མ་ཐག  ཇག་པ་ཆང་ཁང་དུ་ཆང་གཞས་སིང་སིང་དུ་མཆེད་འོངས་ཤིང་། སྨག་རུབ་ཅིང་ཟླ་བ་མཁའ་རུ་ཤར་དུས།མི་གཉིས་རེ་གསུམ་རེ་ཆད་མ་མཐུད་དུ་ཕན་ཚུན་བསྐྱོར་ཞིང་། གོམ་པ་ཁྱར་ཁྱོར་དུ་གདངས་དང་བྲལ་བའི་སྣ་གླུ་ཐན་ཐུན་གྱེར་བཞིན་ཁྱི་སྐད་ཁྲོད་སྨག་རུམ་ལ་འཐིམ་འགྲོ།

ཇག་པ་ཆང་ཁང་གི་མཚན་སྙན་ནི་ས་ཁུལ་རིམ་པའི་གྲོང་ཁྱེར་འདིར་རླུང་ལྟར་ཁྱབ་ཡོད། མི་མང་པོ་ཞིག་ངག་རྒྱུན་དེ་བསམས་ནས་འོངས་ཤིང་།མཐའ་མར་ཆང་ཁང་དེའི་ཁོངས་མིར་གྱུར། ངག་རྒྱུན་དེ་དག་ཀྱང་ངོ་མཚར་བ་ཤ་སྟག་སྟེ།  ཁྱོད་ཆང་གིས་བཟི་ནས་སད་པ་ན་རྐང་མགོའི་འཇུར་རྟ་དེ་འགྱིག་ལྷམ་རྙིང་རལ་ཞིག་ཏུ་གྱུར་ཡོད་པ་དང་། དཀར་རྡོག་རྡོག་གི་མཛུབ་མོ་དེ་དག་གིས་ཨི་ཁུང་རལ་བོ་ལས་ཁྱོད་ཀྱི་མིག་མདངས་རབ་རིབ་ལ་ཅེར་ཡོད་ཟེར། ཡང་ཁྱོད་རྩིག་གྱང་ལ་ཁེན་ནས་འགྱེལ་བ་ཡིན་ཤག་ཤག་ཏུ་གཉིད་ལས་སད་དུས་བུ་མོ་ཞིག་དང་མཉམ་དུ་རུམ་བརྒྱབ་ནས་མལ་ཁྲིའི་སྟེང་ཉལ་ཡོད་པ་དང་། སྐབས་དེར་ཁྱོད་རང་ཁ་རོག་གེར་མལ་ཁྲི་ལས་བབས་ཤིང་སྒོ་ཡོལ་བཀྱགས་ནས་ཡང་བསྐྱར་འུར་ཟིང་ཟིང་གི་ཆང་མགྲོན་ཚོའི་གྲས་སུ་བཙངས་ཆོག་ཅིང་། སུ་ཞིག་གིས་ཀྱང་ཁྱོད་ལ་གཏམ་ལྷག་མ་འདྲི་མི་སྲིད་ཟེར།  ད་དུང་མཚན་མོའི་ཡོལ་བས་ས་གཞི་བསྒྲིབ་ལ་ཉེ་དུས། ཁྱོད་རང་གོམ་འགྲོས་ཁྱར་ཁྱོར་དུ་སྤོ་བཞིན་ལྕགས་རྟའི་གམ་དུ་སླེབས་ཤིང་། ལག་པ་དྲོན་མོ་ཕར་བསྲིངས་པའི་ཚེ་ན་ཁྱོད་ཀྱི་རྐུབས་སྟེགས་སམ་འཁོར་ལོ་སྔར་ནས་ལྕགས་རྟ་དང་བྲལ་འདུག་ཅིང་།  རྣམ་པ་དེ་མཐོང་བའི་མོད་ལ་ཁྱོད་ཀྱིས་སྐད་དམའ་མོས“ཁྱི་སྐྱག རྐུན་མ་བརྒྱབ་སོང”ཞེས་དམོད་མོ་འབོར་སྲིད་ཟེར།  ཡང་གོ་ཐོས་སུ་ཆང་འཐུངས་ཚར་རྗེས་ཁྱོད་ཀྱི་སྒོར་མོ་རྣམས་ཡོངས་སུ་རྫོགས་ཤིང་།ཁྱོད་ཆང་ཁང་དང་ཁ་འབྲལ་མི་འདོད་དུས་ཨམ་ཕྲག་ནང་གློ་བུར་ག་ནས་ཡོང་བ་མི་ཤེས་པའི་མའོ་ཀྲུའུ་ཞིའི་དབུ་རིས་གློ་དམར་རེ་གཉིས་ཡོད་སྲིད།  ཁྱོད་ཀྱིས་སྒྲེག་པ་བྱེད་ཞོར་སྒོར་བརྒྱ་ཤོག་དེ་ལག་ཏུ་དམ་པོར་བཅིངས་ནས་སེམས་ཁོང་དུ་མི་ལྷག་བསམ་ཅན་དེ་དག་ལ་གསོལ་བ་འདེབས་པར་བྱེད་སྲིད་ཟེར།  ད་དུང་ཡང་ཐེངས་ཤིག་ཆང་ཁང་གི་སྦྱིན་བདག་མའི་ཁྱོ་གས་ཆང་རྩི་སྒྱེ་མོ་གང་ཁུར་ཞིང་། ཤིང་སྐས་བརྒྱུད་དེ་ཁང་ཀླད་དུ་འཛེགས་དུས། ནམ་མཁའ་ནི་སྔོ་དྲགས་ཏེ་ཐང་དུ་ཟགས་ལ་ཁད་ཅིག་ཏུ་སྣང་ཞིང་། སྟེང་ཕྱོགས་སུ་ཉི་མ་ཁ་གདངས་ནས་དགོད་ཅིང་།ཁང་ཀླད་ཀྱི་དར་ལྕོག་མགོ་བོ་དུད་དེ་གཉིད་ལ་རོལ། ཁང་བྱིའུ་འགའ་ཁང་ཀླད་ཀྱི་ས་ཕག་སྟེང་ཕར་ལྡིང་ཚུར་ལྡིང་བྱེད་པ་མཐོང་།ཁོས་མུ་མཐུད་དུ་མིག་རྒྱ་བསྐྱེད་པ་ན། ལམ་ཕྲན་སྟེང་རྣམ་ཀུན་ཁོམ་ལོང་དུ་གྱུར་པའི་ཆང་འཐུང་དེ་དག་གིས་དཔུང་པ་གཡུག་ཞོར་ཁ་གདངས་ཤིང་སྐྲ་ལོ་འཕྱིང་ཤིག་གེར་ཇག་པ་ཆང་ཁང་གི་ཕྱོགས་སུ་འོང་བཞིན་པ་མཐོང་བས།  སྐབས་ཐོག་དེར་ཁོས་ད་གཟོད་རྩམ་སྒམ་ནང་དུ་རྩམ་པ་གང་བླུགས་ཡོད་མོད།ཏར་ཅིག་གི་ཡུན་ལ་ཕོ་བ་ལྟོགས་པའི་ཆང་འཐུང་དེ་དག་གིས་སྟོང་བར་བཟོ་སྲིད་པ་དྲན།  དེ་བས་ཁོ་རང་མཉེན་ལྕུག་ལྡན་པའི་ངང་ནས་འགུལ་ཙམ་བྱས་ཤིང་།  ཕྲག་གི་སྒྱེ་མོ་དོར་ཏེ་རྫ་དམར་གྱི་དཀར་ཁུང་ཁར་ཁ་སྦུབས་སུ་ཉལ་ནས་སྦྱིན་བདག་མར་གཞས་ཤིག་བཏང་བྱུང་། 

སྙིང་ཉེ་ལགས།

གནམ་མཐའི་རླུང་ནག་འཚུབ་མ།།

འདི་ཕྱོགས་ས་ལ་ལྡང་འོངས། །

གངས་རི་དཀར་པོར་སྙིང་རྗེ།།

རླུང་འཚུབ་ནག་པོས་ཁུར་འགྲོ།།

ཨ……

《ཇག་པ་ཆང་ཁང》ཚེ་རིང་ནོར་བུས་བརྩམས། 

སྦྱིན་བདག་མས་གླུ་སྐད་དེ་ཐོས་རྗེས་ཅི་ཡིན་ཧ་མ་གོ་བར་ལུས། མོའི་སེམས་པར་དེ་ནི་སྐྱེས་པས་རང་ལ་བརྩེ་སེམས་སྟོན་གྱིན་འདུག་སྙམ་སྟེ་མིག་ཟུར་གྱིས་སྐར་ཁུང་གི་ཕྱོགས་སུ་བགྲད་ནས་སྡིགས་དམོད་བྱེད་མོད། འོན་ཀྱང་འཕོང་འཚོས་གཡུག་ནས་ལྕུག་ལྕུག་ཏུ་ལྡེམ།

ཆང་མགྲོན་དེ་དག་ར་སྐོར་བརྒྱུད་ནས་ཁང་པའི་ནང་འཛུལ་ཞིང་། ནས་འབྲུའི་དྲི་ངད་ལྡང་བའི་དཀར་སོབ་སོབ་ཀྱི་རྩམ་པ་སྒམ་གང་བོ་སྐད་ཅིག་མའི་ཡུན་ལ་ཁོག་ཏུ་ལྡུག་པ་རེད་ཟེར།

ཇག་པ་ཆང་ཁང་དུ་བྱུང་བའི་དོན་རྐྱེན་ཡ་མཚན་དག་གིས་མི་ལ་ཡིད་སྨོན་སྐྱེས་སུ་འཇུག་ལ། མི་རྣམས་ཀྱི་འཕྲུལ་སྣང་ལ་གཤོག་པའང་འཛུགས་པར་བྱེད།

སྐབས་འདིར།ང་གནས་འདིར་ཆང་བཏུང་བར་ཁྲིད་ཡོང་མཁན་མིག་དམར“སྤྲོ་སྐྱིད་ཆང་ཁང”གི་སྒོ་ཁར་ལངས་ཤིང་། ལག་པ་ཕར་བསྲིངས་ཏེ་ཕྱེས་མ་གཏན་གྱི་སྒོ་དེ་འབྱེད་པར་གྲ་སྒྲིག་བྱེད།

“ཅུང་ཟད་སྒུགས་དང”ངས་དེ་ལྟར་སྐད་བརྒྱབ།

མིག་དམར་གྱི་བོངས་ཆེ་བའི་ལུས་པོ་ཕྱིར་འཁོར་ཞིང་། ཆང་རག་གིས་སེར་ནག་ཏུ་བསྒྱུར་པའི་གདོང་ལ་འཚེར་སྣང་གིས་ཁེངས་འདུག

ངས་ཀྱང་ད་སོ་མར་ཅིའི་ཕྱིར་སྐད་བརྒྱབ་པ་ཧ་མ་གོ།ཇག་པ་ཆང་ཁང་དུ་བཟི་ནག་རོ་རུ་གཏང་རྒྱུ་བཤད་ཡོད་ནའང་། འོན་ཀྱང་ད་ལྟ་ང་ལ་འགྱོད་པ་སྐྱེས་བྱུང་། མིག་དམར་གྱིས་གདོང་ལ་འཚེར་སྣང་གིས་ཁེངས་པར་ཁག་ཅི་ཡོད། ངས་སེམས་ཁྲལ་བྱེད་པ་ནི་གལ་ཏེ་ནང་དུ་ཕྱིན་ཚེ་ངའི་སེམས་ཀྱི་མཛེས་པའི་དྲན་ཚུལ་མང་པོ་བརླགས་འགྲོ་བ་དེའོ།།

“ཅི་རེད”མིག་དམར་ངའི་ཕྱོགས་སུ་འོང་གིན་དེ་ལྟར་དྲིས་བྱུང་།  མིག་དམར་ནི་རང་སའི་མི་ཡིན།འདི་རུ་ངོ་ཤེས་ཤིན་ཏུ་མང་།ཁོ་རང་མི་གཞན་པར་རོགས་བྱས་ཏེ་གཏུག་བཤེར་ཡི་གེ་དང་སྙན་ཞུ་ཡི་གེ།  འདུམ་འགྲིག་ཡི་གེ་སོགས་འབྲི་རྒྱུར་ཤིན་ཏུ་དགའ།གང་ལྟར་ཁོས་མི་མང་པོར་དྲང་བདེན་བསྐྱངས་མྱོང་ལ། ཇག་པ་ཆང་ཁང་གི་གཏམ་རྒྱུད་དེ་དག་ཀྱང་ངས་ཁོའི་ཁ་ནས་གོ་ཡོང་བ་ཡིན།

“སྐྱོན་མེད། ངས་སྔོན་ཏག་ཏག་ལ་ནང་དུ་འགྲོ་མིན་ལ་བསམ་བློ་གཏོང་བཞིན་ཡོད”ངས་ཁོར་དེ་ལྟར་ལན་བཏབ།

མིག་དམར་ཧ་ཧ་ཞེས་བགད་བྱུང་། ཁོའི་སྟོབས་དང་ལྡན་པའི་ལུས་པོ་ཡང་དགོད་སྒྲ་དང་ཆབས་ཅིག་འདར་ཙམ་བྱས་བྱུང་ལ།  གདོང་པ་སེར་ནག་དེ་ཡང་སྐད་ཅིག་མར་སྨུག་ནག་ཏུ་གྱུར་སོང་།

ང་རང་སྔར་བཞིན་ཐེ་ཚོམ་གྱི་དབང་དུ་གྱུར།

“ཨེ། ཁྱོད་ཚོ་རིག་གནས་པ་འདི་དག་གི་ཀླད་པར་སྐྱོན་ཞུགས་འདུག སྔོན་ཆད་རི་བོ་དང་གཙང་བོས་ཆོད་དུས་ཁ་པར་ནང་རྒྱུན་དུ་ཇག་པ་ཆང་ཁང་དུ་འཁྲིད་རོགས་ཟེར། ད་ལྟ་སྒོ་ཁར་སླེབས་ཚེ་ནང་དུ་འགྲོ་མི་ཕོད། སེམས་ལ་ཅི་ཞིག་དྲན་བཞིན་པ་དངོས་གནས་ཧ་མི་གོ”མིག་དམར་གྱིས་དེ་ལྟར་འཁང་ར་བཏོན་བྱུང་།

“དེས་ན་ང་ཚོ་ནང་དུ་འགྲོ”ངས་མིག་དམར་ལ་དེ་ལྟར་བཤད།

ཁོའི་ཁ་ཟུར་དུ་འཛུམ་གྱི་ལེར་འཁྱིལ་ཞིང་ཟ་འགྲམ་དུ་འཛུམ་ཀོང་ཆ་ཞིག་བརྡོལ་བྱུང་། ཁོ་ཁ་ཕར་འཁོར་ཏེ་རྩི་ལྷུང་འདུག་པའི་སྒོ་ཆེན་དེའི་ཕྱོགས་སུ་ཕྱིན།

སྒོ་སྲུབས་ནས་ངས་ར་སྐོར་ནང་དུ་ཁྲོན་པ་ཞིག་ཡོད་པ་མཐོང་བྱུང་།ཁྲོན་པའི་མཐའ་རུ་ལྕགས་ལེབ་ཀྱིས་བཅད་འདུག ཁང་པའི་གྲུ་ཟུར་ཀུན་ཏུ་ཆེ་ཆུང་མི་འདྲ་བའི་རྫ་བུམ་སྣ་ཚོགས་ཀྱིས་བཟོས་པའི་ཆང་སྣོད་ཉི་མར་གཡེང་འདུག  སྒེའུ་ཁུང་ཆེ་རྒྱུ་མེད་པ་དེ་དག་གི་ཁ་རུ་མངར་འབྲས་མེ་ཏོག་བཤམས་ཤིང་།  རྫ་བུམ་དང་ཐག་མི་རིང་སར།མདོག་ཤོར་ནས་སྐྱ་ཤ་ལེར་འདུག་པའི་རས་ཡུག་ཅིག་གི་སྟེང་དུ་ཆང་ཕབ་སྐམ་འདུག་ལ།  ར་སྐོར་ནང་དུ་ཆང་གི་སྐྱུར་དྲི་ཐུ་ལུ་ལུ་བྱེད།  བདག་གི་རྐང་པ་སྒོ་ཐེམ་བརྒལ་མ་ཐག  ཁང་པའི་ནང་ནས་སྒྲ་སྙན་དཀྲོལ་བའི་སྒྲ་སྙན་ཞིང་འཇེབས་པ་ཞིག་དལ་གྱིས་གྲགས་འོངས།

མིག་དམར་འཛུམ་ཤིག་ཤིག་ངང་ཁ་གདངས་ཏེ་ང་ལ་ཅེ་རེར་བལྟ།ཁོའི་མིག་མདངས་ལ་བལྟས་ན“འདི་རུ་སྐྱིད་པོ་འདུག་ཨང”ཟེར་བཞིན་འདུག་པ་ཤ་སྟག་རེད།

ངས་ར་སྐོར་ནང་གི་གྲ་དག་པའི་བཀོད་པ་དང་སྒྲ་སྙན་གྱི་འགྱུར་ཁུགས་ཐོས་པས་རང་གི་གདམ་ག་འཁྲུལ་མེད་པ་རྟོགས།

མིག་དམར་ས་གྱང་གིས་བརྩིགས་པའི་དཀྱིལ་ཁང་དུ་འཛུལ་མ་ཐག  ཁོའི་རྒྱབ་གཟུགས་ངའི་མིག་ལམ་ནས་ཡལ་ཞིང་།དེའི་མུར་སྐྱོ་ཤས་དོད་པའི་སྐད་སྒྲ་ཞིག་ཕྱི་རུ་འཕྱོ་འོངས།  དེས་བདག་གི་སེམས་པ་སྐྱོམ་པར་བྱས་སོང་།
      ཁང་པའི་ནང་དུ་སྐྲ་ལོ་སེ་བོར་གྱུར་པའི་རྒན་པ་ཞིག་ཀ་འགྲམ་གྱི་ཤིང་གི་རྐུབ་སྟེགས་སྟེང་སྡོད་ཅིང་། ལག་ཏུ་སྒྲ་སྙན་བསྣམས་ནས་དཀྲོལ་ཞོར་གཞས་གཏོང་བཞིན་མཆིས།   མིག་དམར་སྒེའུ་ཁུང་གི་གཞོགས་དང་འབྲེལ་བའི་མལ་ཁྲིར་བསྡད་འདུག  དེ་རུ་མི་ལྔ་དྲུག་ཙམ་གཤར་ནས་ཙོག་ཡོད་ཅིང་།  《འཛོམས་པ་བཟང་སོང》ཞེས་པའི་གཞས་སྐད་ཁྲོད་ནས་ང་རང་མིག་དམར་གྱི་འགྲམ་དུ་བསྡད།

ལུས་ཅུང་ཟད་རྒྱགས་པའི་བུད་མེད་དར་མ་ཞིག་གིས་ཆང་འགྱིག་ཟོ་གང་དང་ཤེལ་ཕོར་གཉིས་ཐོགས་ཏེ་ཚུར་འོངས། མིག་དམར་ཡར་ལངས་ཏེ་ཆང་བླུགས་ཡོད་པའི་འགྱིག་ཟོ་བླངས།

“ཁྱོད་ཀྱི་གྲོགས་པོ་ཡིན་ནམ།”བུད་མེད་ཀྱིས་དེ་ལྟར་དྲིས་བྱུང་།

“ལྷ་ས་ནས་ཡོང་བའི་གྲོགས་པོ་རེད།།”མིག་དམར་གྱིས་གཟི་བརྗིད་དང་བཅས་དེ་ལྟར་ངོ་སྤྲད་སོང་།

བུད་མེད་དེས་ཡང་བསྐྱར་ངའི་སྟེང་དུ་མིག་བཤེར་ཞིག་བྱེད།དེ་ནས་མིག་འཛུམ་བཞིན་བགད་བྱུང་།

བུད་མེད་དེ་ནི་ཇག་པ་ཆང་ཁང་གི་སྦྱིན་བདག་མ་ཡིན་པ་འདྲ།ལོ་ཟླས་མོའི་གདོང་གི་ལང་ཚོ་ཕྲོགས་ཟིན་མོད། འོན་ཀྱང་དེ་སྔའི་མཛེས་སྡུག་གི་ཤུལ་རྗེས་སྔར་བཞིན་བསྐྱུར་འདུག་ཅིང་། མོའི་རྒྱབ་གཟུགས་རིང་བོ་ལས་ངས་མོ་ན་ཚོད་གཞོན་དུས་ཀྱི་མཛེས་པ་ཉམས་སུ་མྱོང་ཐུབ།

ངའི་སེམས་ལ་ཆང་མགྲོན་དེ་དག་མ་གཞི་སྦྱིན་བདག་མ་བསམས་ནས་ཡོང་བ་ཨེ་ཡིན་ནམ་བསམས་བྱུང་།

《འཛོམས་པ་བཟང་སོང》བླངས་ཚར་སོང་།ཆང་མགྲོན་འགའ་ཡིས་སྐད་ཆེན་པོས་གླུ་འགྱོག་བྱེད་ཅིང་། ཕོར་བའི་ནང་གི་ཆང་གཙང་བཞེས་གནང་སོང་།ཁོ་ཚོས་རང་རང་གི་འགྱིག་ཟོ་བཟུང་ནས་འཕྲོག་རེས་རྒྱག་པ་ལྟར་ཆང་ལྡུག་པར་བྱེད། མི་ལ་སུན་པོ་བཟོ་བའི་འབུ་སྦྲང་འགའ་ཝང་སྒྲ་དང་བཅས་ཆང་ཕོར་ཁ་རུ་ལྡིང་སྐོར་རྒྱག་ཅིང་།སྒྲོག་ཙེའི་སྟེང་དུ་ནས་ཆང་གང་སར་འཕོས་འདུག

སྐྲ་ལོ་སེ་བོར་གྱུར་པའི་རྒན་པ་དེས་མིག་མདངས་ངའི་སྟེང་དུ་ཕྱོགས་ནས“ཁྱོད་ལྷ་ས་གང་ནས་ཡོང་བ་ཡིན”ཟེར།

“ང་བར་སྐོར་དུ་སྐྱེས་པ་ཡིན།”

“ཁྱོད་ཀྱིས་ཧོར་ཁང་ཚང་ཤེས་སམ།”སྐྲ་ལོ་སེ་བོར་གྱུར་པའི་བགྲེས་པོ་དེས་མུ་མཐུད་དུ་དྲིས་བྱུང་།

“ངས་ཤེས།”ངའི་སེམས་ཁོང་དུ་བགྲེས་པོ་དེར་བཀུར་སྟིའི་བཟོ་ཞིག་མངོན་བྱུང་།  ཧོར་ཁང་ཚང་ནི་ཁྱིམ་རྒྱུད་ཆེན་པོ་ཞིག་ཡིན།

སྐྲ་ལོ་སེ་བོར་གྱུར་པའི་བགྲེས་པོ་དེས་མུ་མཐུད་དུ་དྲིས་མ་བྱུང་།ཁོས་སྒྲ་སྙན་པང་སྟེ《ཨ་མ་ལེ་ཧོ》ཞེས་པ་བླངས་བྱུང་། ངས་ཆང་མགྲོན་དེ་དག་གི་ཁྲོད་དུ་བགྲེས་པོའི་ཆང་ཕོར་ཁོ་ན་དངུལ་ཕོར་ཡིན་པ་ཤེས། སེམས་སུ་བགྲེས་པོ་འདི་དང་ཧོར་ཁང་ཚང་བར་དུ་འབྲེལ་བ་ཅི་ཞིག་ཡོད་དམ་སྙམ་བྱུང་། ཇག་པ་ཆང་ཁང་འདི་ནི་དངོས་གནས་རང་ག་བ་ཞིག་མིན་སྣང་སྟེར།

སྐྲ་ལོ་སེ་བོར་གྱུར་པའི་བགྲེས་པོ་དེ་ནི་རང་ཚུགས་དོད་པོ་ཅན་ཞིག་རེད། ཁོའི་ལུས་ལ་རྒྱུ་བ་ཤིན་ཏུ་ལེགས་པའི་དར་གོས་དཀར་པོའི་སྟོད་ཐུང་ཞིག་མནབས་ཤིང་།ལུས་སྨད་དུ་རྐང་སྣམ་ཁོབ་ཡངས་ཤིག་གྱོན་འདུག ར་ལི་དེ་ནི་རྒྱབ་ཏུ་རྟ་རྔ་བཞིན་བསྡམས་ཡོད། ཁོས་སྒྲ་སྙན་དཀྲོལ་ཞོར་གཞས་གཏོང་དུས་ལུས་སེམས་གཉིས་ཀ་དེར་འཐིམ་པའི་ཉམས་འགྱུར་གྱིས་ཡིད་སེམས་ཅིག་ཅར་ཕྲོགས། ངས་ཐ་ན་མིག་དམར་ལ་བགྲེས་པོ་འདིར་གཏམ་རྒྱུད་མཚར་བོ་མང་པོ་ཡོད་སྲིད་ཅེས་སྨྲ་འདོད་མོད།  དེ་ནི་བརྩི་བཀུར་མེད་པ་ཆགས་འགྲོ་སྙམ་སྟེ་ཁོའི་སྒྲ་སྙན་ལ་རྣ་བ་བླགས་ནས་མཉན།

དེ་ནས་ཡང་མི་གསུམ་སླེབས་བྱུང་། ཁོ་ཚོའི་གྱོན་ཆས་ལ་བལྟས་ན་འཚོ་བར་དཀའ་ཁག་ཅུང་ཡོད་པ་ཏག་ཏག་ཡིན་པ་ཤེས་ཐུབ། ཁོ་ཚོ་མ་གཞི་ངའི་འཕྲོར་བསྟུད་ནས་འདུག་བསམས་ཀྱང་།  ང་ནི་མི་རྒྱུས་མེད་ཅིག་ཡིན་པ་ཤེས་འཕྲལ་དཀྱིལ་གྱི་སྒྲོག་ཙེ་རིང་བོ་དེ་དང་སྒྲ་སྙན་དཀྲོལ་མཁན་བགྲེས་པོ་བསྐོར་ནས་ཆང་མགྲོན་ཚོའི་ཕར་སྣེ་རུ་བསྡད་བྱུང་།

“ཡོང་ཞོར་དུ་ལུག་འཛིན་ཐུབ་སོང་ངམ།”སྐྱེས་པ་སྐམ་རིད་ཅིག་གིས་ད་སོ་མ་ནང་དུ་སླེབས་པའི་མི་གསུམ་པོར་དེ་ལྟར་དྲིས།

“རླུང་རྟ་ནི་ཉི་མ་མཁའ་རུ་འཕགས་པ་དང་འདྲ།”དེའི་ཁྲོད་ཀྱི་ལི་མོ་སྐྱ་མདོག་གྱོན་མཁན་ཞིག་གིས་དེ་ལྟར་ལན་བཏབ་བྱུང་།

“ཨ་ཇོ་ལགས། སྒོར་མོ་ཟེར་བ་དེ་ཤི་སོང་ན་ཁྱེར་མི་ཐུབ།དེ་རིང་ང་ཚོས་ཁྱོད་ལ་ཆང་རྒྱགས་ཆད་པ་ཞིག་འཐུང་དུ་འཇུག”མི་གསུམ་པོའི་ཁྲོད་གཞན་ཞིག་ཀྱང་ཁ་གྲགས་བྱུང་།

“ལྕི་བ་གསེར་རྡོག་ཏུ་འགྱུར་མི་ཐུབ་ལ།ཆུ་ནག་འབྲུ་སྣུམ་དུ་འགྱུར་མི་ཐུབ། ཁྱོད་ཚོའི་སྒོར་མོ་ཡང་ལས་སླ་མོ་ག་ལ་ཡིན། གྲོན་ཆུང་བྱོས། མགྲོན་བྱ་མི་དགོས།”སྐྱེས་པ་སྐམ་རིད་དེས་དེ་ལྟར་ལན་བཏབ་བྱུང་།

སྐྲ་ལོ་སེ་བོར་གྱུར་པའི་བགྲེས་པོ་དེས་སྒྲ་སྙན་དཀྲོལ་མཚམས་བཞག་ཅིང་། མགྲིན་པ་ཙམ་བསལ་ཙམ་བྱས་འཕྲལ“དབྱངས་ཅན། ཁྱོད་སྒོར་ཤོག”ཟེར།

མིང་ལ་དབྱངས་ཅན་འབོད་པའི་སྦྱིན་བདག་མ་དེ་ནང་རོལ་གྱི་ཁང་མིག་ཅིག་ལས་སྒོར་ཐོན།  སྐྲ་ལོ་སེ་བོར་གྱུར་པའི་བགྲེས་པོ་དེས་ལག་པ་ཡ་གཅིག་གིས་སྒྲ་སྙན་བཀྱགས་ཏེ་ཕྱིར་སྤྲད།

དབྱངས་ཅན་གྱིས་སྒྲ་སྙན་བླངས་རྗེས་ཕྱིར་འཁོར་ཞིང་གྱང་རྩར་ཆ་སྒམ་ཆ་ཞིག་ཡོད་པའི་སྟེང་དུ་བཞག ཆ་སྒམ་གྱི་དཀྱིལ་གཞུང་དུ་ཤིང་གི་ཀུན་དགའ་ར་བ་ཞིག་ཡོད་ཅིང་།  དེའི་མདུན་ཐད་དུ་དངུལ་གྱི་ཅ་ནེ་ཞིག་ཏུ་ནས་ཆང་བླུགས་ནས་བཤམས་འདུག 

“དབྱངས་ཅན།འདིར་ནས་ཆང་བཙན་པོ་འགྱིག་ཟོ་གང་ཁུར་ཤོག”ལི་མོ་སྐྱ་མདོག་གྱོན་པའི་སྐྱེས་པ་དེས་དེ་སྐད་ཟེར།

“ཆང་ཚང་མ་རྫ་མ་གཅིག་གི་ནང་གི་རེད།གཅིག་འདྲ་རེད། ཁྱོད་ཀྱིས་མི་ཤེས་ཁུལ་མ་བྱེད།”ཆང་མགྲོན་ཞིག་གིས་དེ་ལྟར་ཅི་མི་སྙམ་པར་ལབ་ཡོང་།

“བུ་ཆུང་། ཐེངས་སྔོན་མའི་ཆང་རིན་ཡང་མཉམ་དུ་སྤྲད་ན་ཅི་འདྲ། དུས་ཚོད་འགོར་དྲགས་ན་ངས་ཁྱོད་ཀྱིས་བརྗེད་པར་དོགས།”དབྱངས་ཅན་རྗེས་སུ་སླེབས་པའི་མི་དེ་གསུམ་པོའི་གམ་དུ་ལངས་ནས་དེ་ལྟར་ཟེར།

“ཕ་མ་བྱམས་བརྩེ་ཅན་གྱི་བུ་རེད།འདི་ལྟ་བུའི་སྤྱོད་ངན་གྱི་ལས་ཀ་བསྒྲུབ་ག་ལ་རུང་། དོམ་ལ་བཞག་ན་གཞལ་དགོས་པ་ཆོས་ཉིད་རེད། དབྱངས་ཅན། ཁྱོད་ཀྱིས་དངུལ་གྲངས་ཤོད་རོགས།”ལི་མོ་སྐྱ་མདོག་གོན་པའི་བུ་ཆུང་གིས་དེ་ལྟར་ཟེར།ཁོ་ལ་གདོང་རིང་བོ་ཞིག་ཡོད་ལ། གདོང་དུ་གྲུང་ཤ་དོད་པའི་མིག་ཟུང་ཞིག་ཡོད། མཁུར་འགྲམ་དུ་སྤུ་གྲིས་དྲད་དེ་རྨ་ཁ་ཆུང་ཆུང་མང་པོ་བཏོད་འདུག

“མང་པོ་མེད། སྒོར་ཉིས་བརྒྱ་དང་བཅུ་རེད།”དབྱངས་ཅན་གྱི་གདོང་དུ་སྣང་ཆུང་གི་ཉམས་ཤིག་མངོན་ཏེ་དེ་ལྟར་བཤད་བྱུང་།

“སྒོར་མོ་འདི་ཙམ་ལ་ད་དུང་དོམ་ཆད་ཟེར་རམ། སེམས་ཁམས་མི་བརླག་པའི་ཕྱིར་དུ་ངས་ཐེངས་རྗེས་མར་མཉམ་དུ་སྟེར།”  བུ་ཆུང་གིས་བརྒྱ་ཤོག་དམར་ལྡང་མ་ཞིག་ཕྱུང་སྟེ་དབྱངས་ཅན་གྱི་ལག་ཏུ་བཞག་འཕྲལ“འདི་ཚང་མས་ཆང་ཁུར་ཤོག”ཟེར།

“ཐེངས་རྗེས་མར་སྒོར་མོ་མེད་ཚེ་ད་ནི་ངས་དོམ་ལ་འཇོག་མི་སྲིད།”དབྱངས་ཅན་གྱིས་བརྒྱ་ཤོག་དམར་ལྡང་དེ་སྤར་ཉོབ་ཅིག་བྱས་ཏེ་བླངས། མོས་ཁ་ནས་དེ་ལྟར་བཤད་ནའང་གདོང་ལ་འཛུམ་གྱིས་ཁེངས་འདུག 

དབྱངས་ཅན་ཕྱིར་འཁོར་ཏེ་སྦུག་ཁང་ཏུ་འཛུལ་སོང་ནའང་།  བུ་ཆུང་གི་མིག་མདངས་དབྱངས་ཅན་གྱི་འཕོང་མགོར་ཅེར་འདུག་ལ།སྒོ་ཡོལ་གྱིས་དབྱངས་ཅན་ཡོངས་སུ་བསུབ་རྗེས། བུ་ཆུང་ད་གཟོད་ཡར་ལངས་ཤིང་དབྱངས་ཅན་གྱི་རྩམ་སྣོད་བཙལ་ཏེ་ཕོར་བའི་ནང་རྩམ་པ་ལྡུག་མགོ་བརྩམས།

ངས་ཐ་མག་བླངས་ཏེ་མི་རེར་གཏུལ་བསམ་དུས་མིག་དམར་གྱིས་ང་བཀག་བྱུང་། ཁོས“ཆང་ཁང་ནང་དུ་གོམས་སྲོལ་ཞིག་ཡོད་པ་ནི་ཐ་མག་རང་རང་གིས་འཐེན་ཞིང་། ཆང་ཕན་ཚུན་བླུགས་ཆོག”ཟེར། ངས་རང་གིས་ཐ་མག་རྐང་གཅིག་མེ་བསྒྲོན་ནས་འཐེན་པ་ལས་ཐབས་ཟད།

ཆང་མགྲོན་ཚོས་ཕི་ཅིན་གྱིས་ཁོ་ལེ་རྨི་ཡ་དབང་དུ་བསྡུས་པ་ནས། ཅིན་ཀྲེན་ཨེན་གྱིས་རང་གི་ཨ་ནེའི་སྐྱེས་པ་བསད་པ་སོགས་གླེང་ཞིང་། དེ་ནས་གླེང་མོའི་ཁ་ཕྱོགས་ཇོ་མོ་གླང་མ་རིག་གནས་དུས་ཆེན་སྟེང་དུ་བསྒྱུར་བྱུང་། གླེང་མཚམས་སུ་བུ་ཆུང་གིས་ཆང་ཕོར་བ་གང་འཐུང་ནས་རྫོགས་མཐར།  མཛུ་གུས་ཕོར་བའི་ནང་གི་རྩམ་པ་དཀྲུག་ནས་ཟ་ཞིང་། དེ་ནས་ཡར་ལངས་ཏེ་ཕོར་བའི་ནང་རྩམ་པ་ལྡུག་ཏུ་འགྲོ།

ང་རང་སྐྲ་ལོ་སེ་བོར་གྱུར་པའི་ཆང་མགྲོན་དེར་སྤྲོ་བ་ཆེན་པོ་སྐྱེས། ཁོ་ནི་ཆང་མགྲོན་དེ་དག་ཁྲོད་ཀུན་དང་མི་མཐུན་པ་ཞིག་སྟེ་སྨྲ་བའང་ཤིན་ཏུ་ཉུང་།

“གྲོད་པ་ནི་རང་གི་རེད། རྩམ་པ་ནི་དབྱངས་ཅན་གྱི་རེད། གྲོད་པ་བཀད་དུ་མ་འཇུག་ཨང་།”མིག་དམར་གྱིས་བུ་ཆུང་སོགས་ལ་དེ་ལྟར་ཀུ་རེ་བརྩེས།

བུ་ཆུང་སོགས་ཧ་ཧ་ཞེས་དགོད་ནའང་།རྩམ་པ་སྡུག་ལ་རན་དུས་མུ་མཐུད་དུ་རྩམ་པ་ལྡུག་པར་བྱེད།

ངག་རྒྱུན་ཁྲོད་ཀྱི་རྫ་ཆས་ཀྱི་དཀར་ཁུང་ཁར་ཁ་སྦུབས་སུ་ཉལ་ཏེ་གཞས་གཏོང་བའི་སྐྱེས་པ་དེ་ད་དུང་མངོན་མ་བྱུང་།  ངའི་སེམས་ཁོང་དུ་རེ་ལྟོས་ཤིག་གིས་ཀུན་ནས་ཁེངས།

གསེར་གྱི་ཁང་པ་ཡོད་ཀྱང་།།

འདོད་པའི་ལས་དེ་མི་འགྲུབ།།

         ཨ་མར་བྱམས་བརྩེ་དབེན་པས།།

         བུ་མོ་གནས་སུ་བརྫངས་སོང་།།

         གདུག་རྩུབ་ཆེ་བའི་ཨ་ཁུས།།

         བུ་མོ་ཆང་ལ་བརྗེས་སོང་།།

         བུ་མོའི་སེམས་ཀྱི་སྡུག་བསྔལ།།

 སུ་དང་གང་ལ་བཤད་ཨང་།།

       ……

ར་སྐོར་ནང་ནས་གླུ་སྐད་མཆེད་ཡོང་། ཡིན་ནའང་སྐད་ནི་དེ་འདྲའི་སྙན་མོ་ཞིག་མི་འདུག ཡུད་ཙམ་གྱིས་སྐྲ་ལོ་འཇིལ་ལེར་འཁྱིལ་བའི་ཕོ་གསར་ཞིག་ནང་དུ་སླེབས་བྱུང་། ཁོ་སྒོ་ཁར་འགྲེངས་ཏེ་ཆང་མགྲོན་དག་སུ་སུ་ཡིན་པ་ཞིབ་ཀྱིས་བལྟས་བྱུང་། དེ་ནས་ད་གཟོད་ཆ་སྒམ་གྱི་མདུན་ནས་རྐུབ་སྟེགས་ཤིག་བླངས་ཏེ་སྐྲ་ལོ་སེ་བོར་གྱུར་པའི་བགྲེས་པོ་དེའི་གམ་ཏུ་བསྡད་བྱུང་ལ། ཁ་གཏད་ཀྱི་མིག་དམར་ལ་མགོ་ལྡེམ་ནས་འཚམས་འདྲི་བྱས།

“ཝེ། ཁྱོད་ཚོས་འཐུང་བཞིན་པ་ནི་ནས་ཆང་འགྱིག་ཟོ་འཐུང་ཐེངས་ག་ཚོད་ཡིན།”སྐྲ་ལོ་འཇིལ་ལེར་འཁྱིལ་བའི་ཕོ་གསར་གྱིས་དེ་ལྟར་དྲིས་བྱུང་།

“ངས་ཁྱོད་ལ་བཤད།ང་གཅིན་པ་ཐེངས་བཅུ་ལ་གཏོང་དུ་སོང་བས། དེར་སོམས་དང་ཁྱོད་ཀྱིས་ང་ཚོས་ནས་ཆང་ག་ཚོད་འཐུང་ཟིན་པ་ཤེས་ཐུབ།”སྐྱེས་པ་སྐམ་རིད་དེས་དེ་ལྟར་ལན་བཏབ་བྱུང་།

“ཨ་ཡོ། བོད་ཐུག་ལགས། ཁྱོད་ལ་སྐུ་དྲག་གི་ཐོབ་ཅིག་ཡོད་པ་དོན་མེད་རེད། སྐུ་དྲག་གི་མི་རྒྱུད་གཞན་དག་ལ་ལྟོས་དང་། གང་ཡང་ཁྱོད་ལས་ལྷག ཁོ་ཚོ་ཟ་ཁང་དུ་འཛུལ་ནས་སྒོར་བརྒྱ་ཕྲག་འགའི་ཆང་དཀར་འཐུང་གིན་འདུག ”སྐྲ་ལོ་འཇིལ་ལེར་འཁྱིལ་བའི་ཕོ་གསར་དེས་སྐྱེས་པ་སྐམ་རིད་དེ་ལ་དེ་ལྟར་སྙིང་འཕྱས་གཏོང་།

ངས་དེ་སྔ་མིག་དམར་གྱིས་ང་ལ་བཤད་པའི་སྐྱེས་པ་སྐམ་རིད་དེ་གཏམ་རྒྱུད་དྲན་བྱུང་། སྲོད་ཀྱི་མངར་ཇ་ཁང་དུ་སྐུ་དྲག་གི་རིགས་སུ་སྐྱེས་པའི་སྐྱེས་པ་སྐམ་རིད་དེ་དང་གྲོགས་པོ་ཞིག་གིས་དཀར་ཡོལ་གང་ལ་སྒོར་གསུམ་ལས་མི་དགོས་པའི་བོད་ཐུག་འཐུང་སྐབས། ཇ་ཁང་དུ་ཁོས་ངོ་ཤེས་པའི་མིག་ཞིག་སླེབས་ཤིང་། ཕན་ཚུན་འཚམས་འདྲི་བྱས་རྗེས། མི་དེ་ཁོའི་ཁ་གཏད་དུ་བསྡད་བྱུང་། ངོ་ཤེས་པའི་མི་དེས་སྐྱེས་པ་སྐམ་རིད་ཀྱིས་ཐུག་པ་དང་ཁུ་བ་མ་ལུས་འཐུང་ཡག་བྱས་པ་མཐོང་བས། ཀུ་རེའི་ཚུལ་དུ“ཁྱོད་ཀྱིས་ཉིན་ཁ་ཤས་ལ་ཟས་མ་ཟོས་སམ”ཞེས་བཤད་པར། སྐྱེས་པ་སྐམ་རིད་ཀྱིས་ཁ་ཕྱིས་བཞིན་ཧ་ཅང་གཟབ་ནན་སྒོས“ངས་སྔ་དྲོ་བོད་ཐུག་འཐུང་བ་ཡིན། དགོང་མོ་ཡང་བོད་ཐུག་འཐུང་བཞིན་ཡོད། ཁྱོད་ཀྱིས་ངས་ཉིན་ཁ་ཤས་ལ་ཟ་མ་མ་ཟོས་ཞེ་ན་ག་ལ་འགྲིག”ཟེར། “དེས་ན་ཁྱོད་ཀྱིས་ཚན་མ་རེ་རེར་བོད་ཐུག་འཐུང་བཞིན་ཡོད་དམ།”“ཁོ་ནི་སྐུ་དྲག་ཡིན་ནའང་། ངའི་འཚོ་བའི་ཆ་རྐྱེན་ཁོ་ལས་བཟང་། ཉིན་རེའི་སྔ་དྲོ་བོད་ཐུག་འཐུང་བ་ཡིན་ན། དགོང་མོར་སྒོང་ཐུག་འཐུང་བ་ཡིན།”སྐྱེས་པ་སྐམ་རིད་དང་མཉམ་དུ་བོད་ཐུག་འཐུང་བའི་མི་དེས་དེ་ལྟར་སྐད་ཆའི་བར་ལ་གསབ་པ་ན །ཇ་ཁང་ནང་གི་མི་རྣམས་ཀྱིས་གཏམ་དེ་ཐོས་འཕྲལ་དགོད་རྒྱུ་ལངས་ཏེ་ཧ་ཧ་ཞེས་བགད་བྱུང་། དེ་ནས་བཟུང་མི་རྣམས་ཀྱིས་སྐྱེས་པ་སྐམ་རིད་དེར“བོད་ཐུག”ཅེས་བོས་པ་རེད།

“ལྷག་པ། གནའ་མི་བོད་ཀྱི་གཏམ་དཔེ་ལ། ཉི་མ་འཛམ་བུ་གླིང་དུ་ཤར། སྤྲིན་ནག་བདག་གི་མགོ་ལ་འཁོར་ཟེར། ཁྱོད་ཀྱིས་ང་ལ་དེ་འདྲའི་དམའ་འབེབས་མ་བྱེད། དཀའ་ཁག་ནི་གནས་སྐབས་ཙམ་རེད། བདག་གི་རྩ་ལམ་དུ་རྒྱུ་བ་ནི་སྐུ་དྲག་གི་ཁྲག་རྒྱུན་ཡིན། གང་དུ་སོང་ཡང་ཀུན་གྱིས་ང་ལ་སྐུ་སྲས་ཞེས་འབོད་པ་མ་ཐོས་སམ”བོད་ཐུག་གིས་དེ་ལྟར་ལན་བཏབ་བྱུང་།

 ལྷག་པས་ད་དུང་ཁོར་རྩོད་པ་བྱེད་བསམ་དུས། དབྱངས་ཅན་གྱིས་རྒྱབ་ནས་ལག་པ་ཁོའི་ཕྲག་ཏུ་བཞག་པ་ན།   ཁོ་ཕྱིར་འཁོར་ནས་དབྱངས་ཅན་ལ་ལྟ་བཞིན་ཁ་ཟུར་འཛུམ་ནས་དུང་སོ་དཀར་པོ་ཕྱི་ལ་མངོན་བྱུང་།

“སྟོད་ཐུང་འདི་ངའི་གོས་གདང་སྟེང་བོར་ཟིན་པ་དེ་དང་གཅིག་པ་གཅིག་རྐྱང་ཡིན་པ་ཅི་རེད།”དབྱངས་ཅན་གྱིས་ལག་པས་སྟོད་ཐུང་གི་གོང་བར་རེག་བྱུང་།

ལྷག་པའི་གདོང་གློ་བུར་དུ་དམར་པོར་གྱུར་སོང་། འོན་ཀྱང་ཁོ་རྐུབས་སྟེགས་སྟེང་བརྟན་བཀྱིག་གེར་བསྡད་དེ“ངོ་མ་བུད་མེད་ཀྱི་བློ་ཁོག་ཟེར་བ་རེད་ཡ། སྟོད་ཐུང་ཚང་མར་ཁྱད་པར་ཆེན་པོ་ཡོད་པ་མ་རེད། དེ་དག་ཀུན་ཡང་རྒྱལ་ཁབ་ཀྱི་བཟོ་གྲྭའི་ནང་གཅིག་གྱུར་གྱིས་བཟོས་པ་རེད །ཁྱོད་ཀྱིས་ཚུགས་ཀ་དང་ཁ་མདོག་གཅིག་པ་ཡིན་པ་གཞིར་བཟུང་ནས་ཁྱོད་ཀྱི་ཡིན་ཟེར་ན་ག་ལ་འགྲིག གལ་ཏེ་ཁྱོད་ཀྱིས་བློར་འབབ་ན་ངས་ད་ཕུད་ནས་ཁྱོད་ལ་བྱིན་ཆོག”ཟེར།

“གཅེར་བུར་བུད་ནས་འདི་རུ་ཆང་འཐུང་ན་མིག་ལ་མི་མཛེས། ཁྱོད་ཀྱིས་སང་ཉིད་གཙང་མར་བཀྲུས་རྗེས་ང་ལ་བྱིན་ཆོག”དབྱངས་ཅན་གྱིས་དེ་ལྟར་ཟེར་བཞིན་ལྷག་པའི་ཕྲག་མགོར་ཤུགས་ཀྱིས་ཤ་གཅུ་ཞིག་བརྒྱབ་སོང་།

“ཨ་ཚ་ཚ།”ལྷག་པ་ཟུག་གཟེར་གྱིས་མ་བཟོད་པར་རྐུབ་སྟེགས་སྟེང་ཡར་ལྡིང་ཞིང་ཁ་གཅུས་ཏེ“སྦྱིན་བདག་མས་ང་བློར་འབབ་ཀྱང་མངོན་སུམ་འཛེམ་མེད་དུ་འདི་ལྟར་བྱས་ན་ག་ལ་རུང་། ཚང་མས་ཤེས་ན་ཅི་ཟེར། སྟོད་ཐུང་འདི་ངས་སང་ཉིན་འཁྱེར་ཡོང་། ཁོ་ཚོས་བདེན་དཔང་བྱས་ཆོག”ཟེར།

“ངས་བལྟས་ན་སྟོད་ཐུང་འདི་སྦྱིན་བདག་མའི་ཁྱོ་གས་གྱོན་ན་འཚམ། ཁྱོད་ཀྱིས་ལུས་ལ་གྱོན་ཚེ་ཤིང་དུམ་ཞིག་གི་སྟེང་དུ་རས་ལེབ་ཅིག་གཡོགས་པ་དང་མཚུངས།”བོད་ཐུག་གིས་གོ་སྐབས་དེ་བཟུང་ནས་ལྷག་པར་ངོ་མཚང་འདྲི་བཞིན་འདུག

ལྷག་པས་སྒོར་དྲུག་བླངས་ཏེ་སྦྱིན་བདག་མར་ཆང་ཁྱེར་ཤོག་ཟེར། ཁོས་བོད་ཐུག་ལ་རྩོད་གླེང་མ་བྱས།

བུ་ཆུང་སོགས་ཀྱང་གྲོད་པ་འགྲངས་སོང་བས། རྩམ་སྣོད་ཀྱི་མདུན་དུ་སོང་ནས་རྩམ་པ་ལྡུག་མཚམས་བཞག་སྟེ།  བློ་སེམས་རྩེ་གཅིག་གིས་ནས་ཆང་འཐུང་བཞིན་འདུག

སྒྲོག་ཙེ་སྟེང་དུ་ཆང་ལྡུག་བྱེད་ཀྱི་འགྱིག་ཟོ་འགའ་བཞག་འདུག  ཆང་མགྲོན་ཚོས་དུས་ངེས་མེད་དུ་རང་རང་གི་འགྱིག་ཟོ་བཀྱགས་ནས་ཕན་ཚུན་ལ་ཆང་ལྡུག་པ་དང་། སྦྱིན་བདག་མ་བོས་ནས་ཆང་ཁ་སྣོན་བྱེད་དུ་འཇུག དཔལ་འབྱོར་གྱི་ཆ་རྐྱེན་མི་འདྲ་བའི་དབང་གིས། ཆང་མགྲོན་ཚོའི་ཁྲོད་དུ་ཁ་ཤས་ཀྱིས་སྒོར་འགའ་ཡི་ཐ་མག་འཐེན་པ་དང་། ལ་ཤས་ཀྱིས་སྒོར་བཅུ་ཕྲག་འགའ་ཡི་ཐ་མག་འཐེན། ཇག་པ་ཆང་ཁང་གི་མཐོངས་སུ་དུད་སྨུག་ལང་ལོང་དུ་འཁྱིལ་འདུག

ཆང་མགྲོན་རྣམས་ཆང་གིས་ཅུང་ཟད་བད་པས །སྔོན་ལ་སླེབས་པའི་མི་དེ་དག་ས་གདན་སྟེང་བསྡད་དེ་ཤོ་རྩེ་མགོ་བརྩམས། ཁོ་ཚོས་ཕན་ཚུན་རྒྱལ་ཕམ་གྱི་དབྱེ་བ་རྩོད་ཅིང་ཆང་གིས་ཆད་པ་གཅོད།  ཁ་ནས་མཚམས་མེད་པར་ཤོ་གཞས་གཏོང་སྟེ། “ཁ་ཆུ་ཞལ་ལ་འཁྱིལ་བ་དེ།། ཆང་གིས་བཟི་བའི་སྒྲུབ་བྱེད་ཡིན།།”“ཁ་ཆེམས་མེད་པར་འཆི་གྱུར་ན།། དགྲ་ཤ་བླངས་ཀྱང་ནོངས་པའི་རྒྱུ།།”“རུ་ཐོག་དགོན་པའི་གྲྭ་པ།།གྲྭ་པ་རྣ་ཅོག་འཐེར་འཐེར།།”“ལུས་དྲི་ཞིམ་པའི་བུ་མོ།། བུ་མོ་བསོད་ནམས་ནོར་འཛོམས།།”

ངས་མིག་དམར་གསང་སྤྱོད་ནང་འགྲོ་རོགས་སུ་ཁྲིད།

ང་ཚོ་ར་སྐོར་གྱི་ནུབ་མཐའི་གསང་སྤྱོད་ཁང་གི་འགྲམ་དུ་སླེབས་དུས། ངས“སྐྲ་ལོ་སེ་བོར་གྱུར་པའི་བགྲེས་པོ་དེ་ཧོར་ཁང་ཚང་གི་རྗེས་རབས་པ་ཡིན་ནམ”ཞེས་དྲིས།

མིག་དམར་ཧི་ཧི་ཞེས་བགད་བྱུང་ལ། ཁོའི་བཞིན་མདངས་ནི་སྔར་བས་ཀྱང་དམར་སྨུག་ཏུ་གྱུར་སོང་།  ཁོ་བགད་ཚར་རྗེས་མིག་ཟུར་གྱི་མཆི་མ་ཕྱིས་ནས་ང་ལ“ཁྱོད་ལ་ཁོའི་་མགོ་སྐོར་ཐེབས་སོང”ཞེས་ཡང་བསྐྱར་བགད་བྱུང་།

“ཁྱོད་ཀྱིས་ཁོ་རང་ཧོར་ཁང་ཚང་གི་རྗེས་རབས་པ་མ་རེད་ཟེར་བ་ཡིན་ནམ།”ངས་དེ་ལྟར་དྲིས།

“ཁོ་ནི་ལས་ཀ་ཅི་ཡང་མེད་པའི་ལྡོམ་པོ་ཞིག་རེད། ཧོར་ཁང་ཚང་དང་འབྲེལ་བ་ཏོག་ཙམ་ཡང་མེད། ཁོས་གཞས་དེ་ཙམ་ལས་དཀྲོལ་མི་ཤེས།  རྒྱུན་དུ་དེ་ཙམ་གྱིས་ཉམས་སྟོན་པ་རེད། ”མིག་དམར་གྱིས་དེ་ལྟར་བཤད་བྱུང་།

“དེས་ན་ཁོར་རྫིག་ཉམས་ཤིན་ཏུ་དོད།”ང་རང་མིག་དམར་གྱི་གཏམ་ལ་ཡིད་མ་ཆེས།

“འོ། དེས་ན་ངས་ཇི་ལྟར་མ་མཐོང་བ་ཡིན་ནམ། ཁོ་སྔོན་ཆད་ཤིང་རྟ་འདེད་མཁན་ཡིན། རྗེས་སུ་སྲིད་ཇུས་ཇེ་ལེགས་སུ་སོང་རྗེས་ལས་ཀ་ཅི་ཡང་མི་ལས་པར་ཁང་པ་གཞན་ལ་གླས་ནས་འཚོ་བ་རོལ་བ་རེད།”མིག་དམར་གྱི་གདོང་དུ་སྔར་བཞིན་ཁྲེལ་དགོད་ཀྱི་འཛུམ་ཞིག་ཤར་འདུག 

“དེས་ན་ཁོས་ང་ལ་ཧོར་ཁང་ཚང་གླེང་དོན་ཅི་ཡིན་ནམ།”ངས་ཨུ་ཚུགས་མཐར་སྐྱེལ་གྱིས་དེ་ལྟར་དྲིས།

“དེ་ནི་ཁྱོད་ལྷ་ས་པ་ཡིན་པའི་ང་རྒྱལ་གྱི་མགོ་གཅོག་བསམ་པ་རེད། འདི་རུ་བོད་ཐུག་ནི་ད་གཟོད་སྐུ་དྲག་གི་མི་རྒྱུད་ངོ་མ་ཡིན།”མིག་དམར་གྱིས་བཤད་མཚམས་བཞག་ནས་ཡུད་ཙམ་གྱིས“བོད་ཐུག་ལ་སྣང་ཆུང་མ་བྱེད། ཁོའི་ཤེས་རྒྱ་ཧ་ཅང་ཡངས”ཟེར།

“ངོ་མ་ཇག་པ་ཆང་ཁང་རང་རེད། ནང་དུ་མི་སྣ་ཚོགས་ཤིག་བསྐུངས་འདུག”ངས་མིག་དམར་ལ་དེ་ལྟར་བཤད།

“འདི་རུ་ཆང་འཐུང་དུ་ཡོང་མཁན་ཁྲོད་རྐུན་མ་དང་མགར་བ། ལས་བྱེད་པ། ཞིང་པ། ཁ་ལོ་པ་སོགས་རྣམ་པ་སྣ་ཚོགས་ཡོད་པ་རེད།”

ངས་ཁོའི་གཏམ་ལ་ལན་མ་བསློགས་པར་མདུན་དུ་ཕྱིན།

“ཁྱོད་ཀྱིས་ཞིབ་ཏུ་མཉམ་ཞོག་དང་། ཁོས་ཆང་འཐུང་དུས་སྒོར་མོ་ཧ་ལམ་མི་བཀོལ།”མིག་དམར་གྱིས་ང་ལ་གསལ་འདེབས་བྱེད།

ཁོས་ང་ལ་མཉམ་ཞོག་ཟེར་བ་ནི་སྐྲ་ལོ་སེ་བོར་གྱུར་པའི་བགྲེས་པོ་དེ་ཡིན་པ་ངས་ཤེས།

ང་ཚོས་འོད་ཆེམ་ཆེམ་གྱི་ཉི་འོད་གྱོན་ནས་ར་སྐོར་བརྒྱུད་ཅིང་ཁང་པ་དཀྱིལ་མའི་ནང་འཛུལ། སྐབས་དེར། ཕྱི་དྲོའི་ཆུ་ཚོད་ལྔ་པ་ཡས་མས་སུ་སླེབས་འདུག  ལྷོ་རུ་ཕྱོགས་པའི་སྒེའུ་ཁུང་ལས་ད་དུང་ཉི་འོད་འཕྲོས་ཡོང་བས། ཁང་པའི་ནང་དུ་གསལ་ལམ་མེར་བྱེད། དབྱངས་ཅན་ཡང་སྒྲོག་ཙེ་ཡི་ཕར་སྣེ་རུ་བསྡད་དེ་ཆང་འཐུང་གི་དཔུང་སྡེར་ཞུགས།

ཆང་མགྲོན་ཚོས་ཚ་ཚ་འུར་འུར་གྱི་གནས་སྐོར་ལས་རིགས་དང་། གནས་སྐོར་གྱིས་མི་རྣམས་ལ་ཁེ་ཕན་ཆེན་པོ་ཁྱེར་ཡོང་བའི་་མཚུངས་སུ་མི་སེམས་ཉམས་རྒུད་དུ་གྱུར་པ་གླེང་ལ། གླེང་ཚར་རྗེས་དངན་པ་རེ་འཐེན་བཞིན་ཆང་ཕོར་བཏེགས་ནས་ཕན་ཚུན་གཏོད་པར་བྱེད། སྐྲ་ལོ་སེ་བོར་གྱུར་པའི་བགྲེས་པོ་དེས་སྐབས་མང་ཤས་སུ་གཏམ་གཅིག་ཀྱང་མི་སྨྲ་བར་སྡོད་ཅིང་། ཁོའི་མི་སྨྲ་མི་དགོད་པའི་བརྟུལ་ཞུགས་དེས་བདག་གི་སེམས་སུ་ཁོ་ནི་ཕལ་བ་ཞིག་མིན་སྣང་སྐྱེས་སུ་འཇུག

དེ་ནས་ཡང་ཆད་མ་མཐུད་དུ་མི་དྲུག་བདུན་ཞིག་སླེབས་བྱུང་།དཀྱིལ་ཁང་དེར་ཕལ་ཆེར་མི་ཡིས་བཀང་བར་གྱུར།

ས་གདན་སྟེང་ཤོ་རྩེ་བའི་མི་དེ་ཚོས་རེས་བསྐོར་ནས་ཤིང་ཕོར་དམར་སྨུག་དེ་ཕར་གཡུག་ཚུར་གཡུག་བྱེད། ཤིང་ཕོར་ནང་དུ་ཤོ་རྡེའུ་གཡུགས་པའི་སྒྲ་ཁྲོག་ཁྲོག་ཏུ་གྲགས། ཆང་མགྲོན་གཞན་རྣམས་སྒྲོག་ཙེ་ཡི་མཐའ་རུ་བསྡད་དེ་གླེང་མོ་སྣ་ཚོགས་ཅི་འདོད་དུ་བྱེད། སྐྲ་ལོ་སེ་བོར་གྱུར་པའི་བགྲེས་པོ་དེས་མ་ནེ་ལ་རེག་བཞིན་ཁུ་སིམ་མེར་ཁོ་ཚོའི་ལབ་གླེང་ལ་མཉན་འདུག  མཚམས་མཚམས་སུ་དངུལ་གྱི་ཅ་ནེ་ཐོགས་ཏེ་ཆང་གཙང་བཞེས་བྱེད་པ་དང་། དེ་ནས་གཞན་གྱིས་ཆང་ལྡུག་པར་བསྒུགས་འདུག དབྱངས་ཅན་གྱི་གདོང་དུ་དམར་ཤ་རྒྱས་ཤིང་།མིག་ནང་དུ་འོད་མདངས་ཀྲིག་ཀྲིག་འཚེར།  མོའི་མཁྲིག་མར་བསྐོན་པའི་གསེར་གྱི་གདུ་བུ་ཕར་འགྲིལ་ཚུར་འགྲིལ་བྱེད།

“བོད་ཀྱི་སྐར་རྩིས་ནི་ཧ་ཅང་གཟུ་མོ་ཡིན། སྔོན་གྱི་ཁྲི་ཚང་ས་ཡོམ་ཡང་ལོ་སྔོན་མའི་ནང་རྩིས་བརྒྱབ་ནས་ལོ་ཐོའི་ནང་བཀོད་ཡོད་ཅིང་།  དེར་ས་ཡོམ་བྱུང་སའི་ཡུལ་ཕྱོགས་ཧ་ལམ་གཏན་ཁེལ་བྱས་ཡོད་འདུག  དེའི་རྗེས་ཀྱི་ཉི་འཛིན་ཡང་རྩིས་བརྒྱབ་སྟེ་སྐར་ཆ་གཅིག་ཀྱང་ཡོལ་མེད།”བོད་ཐུག་གིས་དེ་ལྟར་བཤད་བཞིན་མཛུ་གུས་ཕོར་བའི་ནང་ལྷུང་བའི་སྐྱག་སྦྲང་དེ་ཕྱིར་བཏོན་ནས་སེམས་ཆུང་ངང་སྒྲོག་ཙེའི་སྟེང་བཞག

“སྐྱག་སྦྲང་ཡང་ཤ་རེད། ཆང་དང་མཉམ་དུ་གྲོད་པའི་ནང་འཐུང་ན་མི་ཆོག་གམ།”བུ་ཆུང་གིས་དེ་ལྟར་བཤད།

“ཁྱོད་ཀྱིས་ཁ་མ་གསབ། བོད་ཐུག་ལ་མུ་མཐུད་དུ་བཤད་ཀི་ཆུགས”དབྱངས་ཅན་གྱིས་སུན་སྣང་དང་བཅས་བུ་ཆུང་གི་སྐད་ཆ་བཤད་མཚམས་བཅད།

“ལོ་བརྒྱད་ཀྱི་ཡར་སྔོན་དུ།ང་ཚོའི་ཁྲོམ་གྱི་འབྲོང་པ་ཚང་གི་ཕ་རྒན་གཤེགས་སོང་། ཉིན་མོ་དེ་ནི་ཏག་ཏག་བོད་ལོའི་ཚེས་ཉེར་དགུའི་ཉིན་ཏེ་གཟའ་ཉི་མ་ཡིན།ཚང་མས་གཏམ་ངན་གོ་རྗེས་འབྲོང་པ་ཚང་དུ་བརྒྱུགས་ཏེ་འདས་མཆོད་སྒྲུབ་རོགས་བྱས། ཀུན་གྱི་བློ་ཡུལ་ལས་འདས་པ་ཞིག་ལ།ཉིན་དེའི་ཕྱི་དྲོར་ཁྱིམ་མཚེས་སྐལ་བཟང་ཚང་གི་ཨ་མ་ཡང་གློ་བུར་དུ་འདས་སོང་། དེར་མཐུད་ནས་ཉིན་གཉིས་པའི་ཞོགས་པར།ཧོར་གདོང་གི་ཆུང་མ་ཡང་ཅི་ཡིན་ཆ་མ་འཚལ་བར་ཤི་སོང་བས།ཁྲོམ་ཧྲིལ་བོའི་མི་རྣམས་ཤིན་ཏུ་སྐྲག་པར་གྱུར། མི་ཚང་མས་གྲོས་བྱས་ཏེ་སྒོར་མོ་བསྡུ་རུབ་བརྒྱབ་ནས་སྐར་རྩིས་ཞིབ་འཇུག་སའོ་རུ་རྩིས་རྒྱག་ཏུ་ཕྱིན། རྩིས་བརྒྱབ་པའི་མཇུག་འབྲས་ནི་ད་རུང་མི་ཤི་རྒྱུ་རེད་ཟེར།རྒྱུ་མཚན་ནི་འབྲོང་པ་ཚང་གི་ཕ་རྒན་གཤེགས་དུས་ཚེས་ཉེར་དགུ་ཡིན་པས།ཁོས་མི་དགུ་ཁྲིད་ཚེ་ད་གཟོད་མཚམས་འཇོག་ངེས་ཟེར། རྐྱེན་ངན་བར་ཆད་དེ་བཟློག་པར་ཐབས་ཤེས་ཉག་གཅིག་ཡོད་པ་ན་དགེ་འདུན་པ་གདན་དྲངས་ནས་རིམ་གྲོ་བསྒྲུབ་རྒྱུ་དེ་ཡིན། མི་རྣམས་དགོན་པར་ཕྱིན་ནས་དགེ་འདུན་པ་གདན་དྲངས།ཁོ་ཚོས་བར་ཆད་སེལ་བའི་ཆོས་བཏོན་པ་མ་ཟད།ད་དུང་རྩམ་པའི་མི་དགུ་བཟོས་ནས་ཁྲོམ་རྔའི་ས་སྟོང་དུ་དོང་ཟབ་མོ་བརྐོས་ཏེ་རིམ་པ་བཞིན་བཅུག་པ་རེད། དེར་མཐུད་ནས་ཁོ་ཚོས་རྔ་བརྡུངས་ཤིང་དྲིལ་བུ་དཀྲོལ་བཞིན་ཆོས་བཏོན་ནས་ནམ་ཕྱེད་བར་དུ་སླེབས །བཅའ་བ་རིམ་དྲོ་བསྒྲུབས་ཚར་བ་ནས་མི་གཅིག་ཀྱང་མ་ཤི”བོད་ཐུག་དེ་ལྟར་བཤད།

ཆང་མགྲོན་རྣམས་ཀྱིས་མགོ་བོ་གཡུག་ཅིང་དངན་པ་འཐེན་ཞོར་ཕོར་བའི་ནང་གི་ཆང་གཙང་བཞེས་བྱེད་ལ། གུད་དུ་ཤོ་རྩེ་བའི་མི་ཚོས་རྡེའུ་གྲངས་བརྩད་ནས་འུར་རྒྱག་ཅིང་མཆིས། 

སྐྲ་ལོ་སེ་བོར་གྱུར་པའི་བགྲེས་པོ་དེ་རྐུབ་སྟེགས་སྟེང་ཡར་ལངས་ཤིང་ནང་སྒོར་ཕྱོགས་ཏེ་ཕྱིན་སོང་།ཁོའི་གཟུགས་པོ་ནི་ཤིན་ཏུ་དྲང་མོ་ཞིག་རེད།

 “ངས་ཨ་མ་ཡང་དེ་བཞིན་ཡིན།”མིག་དམར་གྱིས་དེ་ལྟར་བཤད་རྗེས་མཚམས་བཞག་པ་ན།མི་རྣམས་ཀྱིས་མགོ་བོ་དགྱེ་སྟེ་མིག་མདངས་ཁོའི་གདོང་དུ་ཕྱོགས། ཁོས་ད་གཟོད་དལ་ལྷོད་ལྷོད་ངང“གཞུང་ལས་སུ་ཞུགས་རྗེས། ངས་མོ་གྲོང་གསེབ་ནས་གྲོང་ཁྱེར་དུ་ཁྲིད་ཡོང་བ་ཡིན།ཡིན་ནའང་ལས་ཁུངས་ཀྱིས་ང་ནང་ལོགས་ཀྱི་སློབ་ཆེན་ཞིག་ཏུ་ལོ་གསུམ་ལ་སློབ་སྦྱོང་བྱེད་པར་མངགས་པས།  དེའི་རིང་དུ་ངའི་ཆུང་མས་མོར་འདུག་རོགས་བྱས། སློབ་སྦྱོང་གི་དུས་ཚོད་རྫོགས་ཏེ་ཕྱིར་ལོག་ནས་ལོ་འགའ་མ་འགོར་བར།ངའི་ཨ་མ་ཚེ་ལས་འདས་སོང་། ངས་མི་ཞིག་བཙལ་ཏེ་ལྷ་སའི་བོད་སྨན་ཁང་གི་སྐར་རྩིས་སྡེ་ཁག་ཏུ་རྩིས་བརྒྱབ་པ་ན།ངའི་ཨ་མའི་རྣམ་ཤེས་ནུབ་ཕྱོགས་རྒྱལ་ཁབ་ཅིག་ཏུ་འཕོ་རྒྱུ་རེད་ཟེར། ས་དེའི་རྩིག་བཟོའི་ཁ་དོག་དང་རྒྱབ་རི་སོགས་གསལ་བོ་ཞིག་བཤད་པ་མ་ཟད།  ད་དུང་མོ་ཚེ་ལས་འདས་ཁར་གཡུ་ཆུང་རས་ཁུག་གང་ལ་ཞེ་ཐོགས་རབས་བཤད། དང་ཐོག་ང་དེ་ལ་གཏན་ནས་ཡིད་མ་ཆེས། སེམས་ལ་གྲོང་གསེབ་ཀྱི་རྨོ་མོ་ཞིག་ལ་གཡུ་ཁུག་མ་གང་གང་དུ་ཡོད་སྙམ། འོན་ཀྱང་།རྗེས་ཕྱོགས་སུ་རྐྱེན་ངན་བར་ཆད་མི་འབྱུང་བའི་ཆེད་དུ།ངས་ཨ་མའི་གྱོན་པ་འཇུག་པའི་སྒམ་ཕྱི་སློག་ནང་སློག་བྱས་པ་ན་ཅི་ཡང་མི་འདུག  དེ་ནས་མོའི་མལ་ཁྲིའི་སྟེང་དུ་སློག་དུས་གདན་འོག་ཏུ་དངོས་གནས་རས་ཁུག་ཆུང་ངུ་ཞིག་སྦས་ཡོད་ཅིང་།  དེའི་ནང་དུ་གཡུ་ཆུང་བཅུ་ཕྲག་ལྷག་འདུག  དེ་ནས་བཟུང་ང་སྐར་རྩིས་ལ་སེམས་གཏིང་ནས་དད་པ་སྐྱེས་བྱུང་།ཨ་མ་ཚེ་ལས་འདས་ཁར་གཡུ་ཆུང་རས་ཁུག་གང་བོ་དེར་ཞེ་ཆགས་ཡོད་ན།  ངས་དེ་བསྐྱུར་ཚེ་ཚེ་འདས་ཀྱི་སེམས་ལ་འཛིན་ངེས་པས།དེ་དགོན་པར་འབུལ་ནས་མོར་དགེ་རྩ་རེ་བསྒྲུབས་ཚེ་ལེགས་པར་བསམས་ཤིང་། ངས་གཡུ་ཆུང་དེ་རྣམས་དགོན་པ་ཆུང་ཆུང་ཞིག་ལ་འབུལ་བ་ཡིན ”ཟེར།

ཡང་མི་ཞིག་ཡར་ལངས་ཏེ་གསང་སྤྱོད་དུ་ཕྱིན་སོང་།

བོད་ཐུག་གིས་སྒོར་བཅུ་བླངས་ཏེ་དབྱངས་ཅན་ལ་ཆང་ཁ་སྣོན་བྱེད་དུ་བཅུག་པ་ན།  བུ་ཆུང་གིས་ལག་པ་བསྲིངས་ནས་བཀག་བྱུང་། ཁོས་ཚང་མར་ཁོས་ཉོས་པའི་ཆང་འཐུང་རོགས་ཞེས་སེམས་བསམ་པས་རེ་བ་བཏོན་པས། དབྱངས་ཅན་གྱིས་བོད་ཐུག་བཀག་ནས་བུ་ཆུང་གིས་ཉོས་པའི་ཆང་འཐུང་ཟེར།

ཉི་མ་ནུབ་རིར་ཡོལ་ཟིན། ཁང་པའི་ནང་དུ་སྨག་འཐིབས་མགོ་བརྩམས། སྐབས་དེར་ཆང་གི་བཟི་ཤུགས་ཀྱང་ལུས་ཡོངས་སུ་ཁྱབ་སྟེ་མགོ་འཐོམ་པའི་ཚོར་བ་སྐྱེས་ཡོང་།

ཁང་པའི་ནང་གི་གློག་གློ་བུར་དུ་གསལ་བ་ན། ཆང་མགྲོན་རྣམས་ཀྱི་ངོ་གདོང་ཡང་བསྐྱར་གསལ་ལེར་མངོན་བྱུང་།

“ཁྱོད་ཀྱིས་གློག་བཀར་ནས་ཅི་བྱེད།ད་དུང་གློག་བཀར་བའི་དུས་ཚོད་སླེབས་མི་འདུག”དབྱངས་ཅན་གྱིས་མིག་ཟ་ཟི་ཞིག་གདངས་ཏེ་སྡིགས་མོ་བཏང་བྱུང་།

 སྐྱེས་པ་ཞིག་གྱང་གི་གྲུ་ཟུར་དུ་བསྣར་ཞིང་འཚེར་དོགས་དང་བཅས་དབྱངས་ཅན་ལ་ཅེར་འདུག

“པ་སངས།ཁྱོད་ཀྱི་ཆུང་མའི་ཁ་ལ་ཉན་མི་དགོས། ཚུར་ཤོག་དང་ང་ཚོ་དང་མཉམ་དུ་ཆང་འཐུང་།”སྐྲ་ལོ་སེ་བོར་གྱུར་པའི་བགྲེས་པོ་དེས་དེ་སྐད་ཟེར། 

པ་སངས་ནི་མིག་དམར་བཞིན་སྟོབས་དང་ལྡན་མོད། ཁོའི་གཟུགས་བོངས་མིག་དམར་ལས་ཅུང་ཟད་ཆུང་། ཁོའི་གདོང་དུ་ཆེས་བརྗེད་པར་དཀའ་བ་ནི་མིག་ཟུང་ཆེ་ཞིང་སྒོར་བ་དེ་རེད།  མིག་ནང་དུ་གུས་ཆུང་དང་ངོ་ཚ་ཞིག་བསྐུངས་འདུག

“པ་སངས། ཁྱོད་ཐབ་ཚང་དུ་ཕྱིན་ལ་སླ་ངའི་ནང་གི་འབྲས་ལྡུར་དེ་བསྲོ་རོགས།འཐུང་ཚར་རྗེས་འདིར་ཤོག”དབྱངས་ཅན་གྱིས་བཀའ་ཕབ་བྱུང་།

པ་སངས་ཀྱིས་ལན་ཅི་ཡང་མ་བཏབ། དེ་མ་ཉིད་དུ་ལུས་པོ་སྒོ་ཁ་ནས་ཡལ་སོང་།

ཆང་མགྲོན་རྣམས་ཀྱིས་གཞས་གཏོང་ཞིང་ཆང་འགྱོག་གིན་འདུག

གླུ་སྐད་ཀྱི་གདངས་དབྱངས་ཁྲོད་ང་རང་སྦྱིན་བདག་མའི་ཁྱོ་གར་ཁོ་ཆད་སོང་། ཁོ་ནི་སྐར་ཁུང་ཁ་རུ་ཁ་སྦུབས་སུ་ཉལ་བའི་མི་དེ་དང་ཡེ་མི་མཚུངས།

ཆང་སྐོར་འགའ་འཐུང་རྗེས། བོད་ཐུག་གིས་མི་ལ་ཤིང་ལེབ་ཅིག་འཁྱེར་ཡོང་དུ་བཅུག་ཅིང་ །ཁོ་རང་པ་སངས་ཀྱི་ལག་པར་ཁེན་ནས་དེའི་སྟེང་དུ་ལངས། ཁོ་ཚོ་རྐང་བྲོ་ལྡིང་མགོ་བརྩམས།ཀོ་ལྷམ་གྱིས་མཐིལ་ཤིང་གི་ངོས་སུ་རྡེབ་པའི་ཐག་སྒྲའི་ཁྲོད། ཁོ་ཚོས་ལག་པ་ཕར་གཡུག་ཚུར་གཡུག་བྱེད་ཅིང་མཆིས། སྐབས་དེར་དབྱངས་ཅན་གྱི་ཁྱོ་ག་བྲོ་ལྡིང་བར་སེམས་ཞུགས་ཏེ་སྔོན་གྱི་དོགས་འཚེར་དག་གར་སོང་ཆ་མེད་དུ་གྱུར། ཆང་མགྲོན་སྐོར་ཞིག་ཁོ་ཚོའི་ཞབས་བྲོས་ཡིད་སེམས་ཕྲོགས་པས། ཁོ་ཚོའང་གཞོགས་ཤིག་ཏུ་ཞབས་བྲོ་འཁྲབ་མགོ་བརྩམས།

ང་རང་མགོ་ཡུ་འཁོར་བཞིན་དོ་ནུབ་ཇག་པ་ཆང་ཁང་དུ་དོན་དག་ཅི་ཞིག་འབྱུང་སྲིད་དམ་སྙམ་བྱུང་། ཆང་མགྲོན་རྣམས་ལ་བལྟས་ཚེ་ཚང་མ་ཡིད་རབ་ཏུ་མྱོས་འདུག  ཡང་ཆང་མགྲོན་འགའ་ཞིག་རང་རང་ས་ནས་བུད་སོང་བས།ཁོ་ཚོའི་ཕོར་བ་སྒྲོག་ཙེ་སྟེང་དུ་སྟོང་བར་བསྐྱུར་འདུག

མིག་དམར་གྱིས་སྒོར་མོ་བཅུ་ཕྱུངས་ཏེ་དབྱངས་ཅན་ལ་ཆང་ཁ་སྣོན་བྱེད་པར་བསྐུལ་བ་ན། དབྱངས་ཅན་གྱིས་འགྱིག་ཟོ་ཁུར་ནས་སྦུག་ཁང་དུ་ཆང་ལྡུག་ཏུ་ཕྱིན།

ཕལ་ཆེར་བྲོ་འཁྲབ་ནས་ཐང་ཆད་པ་འདྲ། མི་རྣམས་རང་རང་གི་འདུག་སྟེགས་སྟེང་བསྡད་བྱུང་བས། ཇག་པ་ཆང་ཁང་གི་འུར་ཟིང་གློ་བུར་དུ་འཇགས་སོང་།

 དབྱངས་ཅན་གྱིས་ཆང་འགྱིག་ཟོ་གང་བོ་དེ་ཁུར་ནས་ཀུན་དགའ་ར་བའི་མདུན་དུ་བརྒྱུད་སྐབས་གློ་བུར་གོམ་པ་སྤོ་མཚམས་ཆད། མོའི་མིག་ཟུང་ཀུན་དགའ་ར་བར་ཅེར་ནས་ཡུད་ཙམ་ལ་ཧད་རྗེས། “པ་སངས།ཁྱོད་ཀྱིས་ངའི་མཆོད་ཆང་འབུལ་བའི་དངུལ་གྱི་ཅ་ནེ་དེ་བདག་བྱས་སོང་ངམ”ཟེར།

“ངས་ལག་པས་རེག་ཙམ་ཡང་མ་བྱས།”པ་སངས་ཀྱིས་བཤད་ཞོར་དུ་ཡར་ལངས་བྱུང་།

“ངས་ཆང་བླུགས་ནས་ཀུན་དགའ་ར་བའི་མདུན་དུ་བཤམས་ཡོད།”དབྱངས་ཅན་གྱིས་གཉོམ་དུང་ངེར་དེ་ལྟར་བཤད།

“གཞན་གྱིས་བརྐུས་སོང་ངམ།”སྐྲ་ལོ་སེ་བོར་གྱུར་བའི་བགྲེས་པོ་དེས་ཁ་གྲགས་བྱུང་།

“ཁྱོད་ཀྱིས་ཆང་བླུགས་ནས་ཀུན་དགའ་ར་བའི་མདུན་དུ་བཞག་ཡོད་པ་ཐག་གིས་ཆོད་དམ།”པ་སངས་ཀྱིས་སེམས་ཆུང་ངང་དབྱངས་ཅན་ལ་དྲིས།

“དེ་ཐག་གིས་གཅོད་དགོས་སམ།ང་རང་གིས་བསྒྲུབས་པའི་ལས་ཀ་ངས་བརྗེད་སྲིད་དམ། ”དབྱངས་ཅན་གྱི་སྐད་མགོ་ཤིན་ཏུ་མཐོ།

སྔོན་ལ་ངས་ཀྱང་ཀུན་དགའ་ར་བའི་མདུན་གྱི་དངུལ་གྱི་ཅ་ནེ་དེ་མཐོང་བྱུང་།  ད་ནི་དེ་རུ་ཅི་ཡང་བཞག་མི་འདུག  དེ་འུར་ཟིང་གི་གླགས་དང་བསྟུན་ནས་སུ་ཞིག་གིས་ཁྱེར་སོང་བ་གདོན་མི་ཟ།

“དེ་ནི་ངེད་ཚང་གི་མི་རབས་འགའ་ལ་བརྒྱུད་ཡོང་བའི་གཡང་དངོས་ཡིན་ཡ།”དབྱངས་ཅན་བཟི་ཁ་ལས་ཧ་ལམ་དྭངས་སོང་བ་འདྲ།  མོས་ཁེར་ལབ་རྒྱག་པ་ལྟར་དེ་ལྟར་བཤད་འོངས།

ཆང་མགྲོན་རྣམས་སྒྲོག་ཙེ་རིང་བོའི་མཐའ་རུ་རུབ་འདུག་བྱས་ཏེ་ཁ་ནས་དངུལ་གྱི་ཅ་ནེ་རྐུ་མཁན་དེར་དམོད་ཀྱིན། དངུལ་གྱི་ཅ་ནེ་རྐུ་མཁན་སུ་ཡིན་པ་ཚོད་དཔག་བྱེད་ཅིང་མཆིས། རིག་འདེད་ལན་གྲངས་དུ་མར་བྱས་རྗེས།ཆང་མགྲོན་རྣམས་ལ་གཅིག་མཐུན་གྱི་བསམ་ཚུལ་ཞིག་བྱུང་བ་ནི།  ཆེས་དོགས་པ་ཟ་ཡུལ་དེ་བུ་ཆུང་སོགས་ཡིན།

       ད་ཐེངས་ཀྱི་ཆང་འདི་འཐུང་བར་གློ་བུར་དུ་བྲོ་བ་མེད་པར་གྱུར།  སུ་ལའང་མུ་མཐུད་དུ་འཐུང་བའི་བསམ་པ་མེད་སོང་།

      “ཆང་འཐུང་མཁན་ཀུན་གཙང་མ་ཡིན་པ་དང་།སྤྱོད་ངན་དེའི་རིགས་འགོག་པའི་ཆེད་དུ། ཁྱོད་ཀྱིས110ལ་ཁ་པར་བཏང་ན་འགྲིག ཁོ་ཚོ་བོས་ནས་དོན་དག་གསལ་བོར་ཞིབ་བཤེར་བྱེད་དུ་ཆུགས།”བོད་ཐུག་གིས་ཕུ་རུང་ཡར་རྫེ་བཞིན་དབྱངས་ཅན་ལ་དེ་ལྟར་བཤད།

ཆང་མགྲོན་གཞན་རྣམས་ཀྱིས་ཀྱང་དེར་འཐད་པའི་བརྡ་བསྟན་ཞིང་།  དབྱངས་ཅན་ལ་མགྱོགས་པོར་ཁ་པར་གཏོང་བར་བསྐུལ།

དབྱངས་ཅན་གྱིས་རང་གི་གདོང་ལ་ཅེར་བའི་མིག་ཟུང་དེ་དག་ལ་བལྟས་ནས་གློ་བུར་དུ་ཐེ་ཚོམ་གྱི་རྒྱ་རུ་ཚུད།  མོས་མགོ་བོ་ཕྱིར་འཁོར་བར་པ་སངས་ཀྱི་ཕུ་རུང་ནས་བཟུང་ཞིང་།རྒྱབ་ང་ཚོར་ཕྱོགས་ཏེ་སྐད་ཆུང་ངུའི་ཅི་ཞིག་བཤད་སོང་།

སྐྲ་ལོ་སེ་བོར་གྱུར་པའི་བགྲེས་པོ་དེས་ཁུག་མའི་ནང་ནས་ལག་ཁྱེར་ཁ་པར་བཏོན་ནས་དབྱངས་ཅན་ལ་བྱིན།  མོས་ཁ་པར་མི་ལེན་པར་ལག་པ་ཕྱིར་བརྐུམས་བྱུང་།

      སྐྲ་ལོ་སེ་བོར་གྱུར་པའི་བགྲེས་པོ་དེས་ལག་ཁྱེར་ཁ་པར་གྱི་ཁ་ལེབ་ཕྱེས་ཤིང་།མཛུ་གུ་སྦོམ་པོ་དེས་སྟེང་དུ་ལན་འགའ་མནན་རྗེས།ལག་ཁྱེར་ཁ་པར་ཡང་བསྐྱར་དབྱངས་ཅན་གྱི་ལག་ཏུ་བཞག 

སྐར་མ་བཅུ་མ་འགོར་བར།ཉེན་རྟོག་པའི་མོ་ཊས་ཉེན་བརྡ་གཏོང་བཞིན་སྒོ་ཆེན་ཁར་འབྱོར།

ཉེན་རྟོག་པ་ལོ་གཞོན་གཉིས་པ་སངས་ཀྱི་ཕྱི་ཕྱིར་འབྲངས་ནས་ཆང་ཁང་ནང་དུ་སླེབས།ཁོ་གཉིས་ཀྱིས་མིག་མདངས་ཀུན་དང་མི་མཐུན་པ་ཞིག་བསྣམས་ནས་ང་ཚོ་ཆང་མགྲོན་རྣམས་ལ་བལྟས་བྱུང་།

ཆང་མགྲོན་རྣམས་ཕར་བསྣུར་ནས་ཉེན་རྟོག་པ་གཉིས་ཀར་འདུག་སྟེགས་ཕུད།

“ཆང་ཁང་གི་སྦྱིན་བདག་སུ་ཡིན།”གདོང་ཅུང་ཟད་སྒོར་བའི་ཉེན་རྟོག་པ་དེས་དྲིས་བྱུང་།

“ང་ནི་ཆང་ཁང་གི་སྦྱིན་བདག་ཡིན།”དབྱངས་ཅན་མདུན་དུ་གོམ་པ་འགའ་སྤོས་ཏེ་བཤད།

“འདི་འདྲའི་འཕྱི་པོར་ང་ཚོ་བོས་ནས་འདིར་དངོས་པོ་རྩ་ཆེན་ཅི་ཞིག་བོར་སོང་།”

“ཁྱིམ་རྒྱུད་ཅ་ནེ་ཞིག་བོར་སོང་།”པ་སངས་ཀྱི་སྐད་ཆ་གསབ་ཏེ་བཤད།

ཉེན་རྟོག་པ་གདོང་སྒོར་མོ་དེས་ཁོར་མིག་འཇུར་འཇུར་གྱིས་ལན་གཅིག་བལྟས་རྗེས།དབྱངས་ཅན་ལ་ཕྱོགས་ཏེ“ཆང་ཁང་འདིའི་མིང་ལ་ཅི་ཟེར”ཞེས་དྲིས་བྱུང་།

      “ཇག་པ་ཆང་ཁང་།”

      “ཅི་ཟེར།”ཉེན་རྟོག་པ་གདོང་སྒོར་མོ་དེས་སྐེ་བསྲིངས་ནས་སྐད་ཆེན་པོས་དྲིས་བྱུང་།

“ཁོ་ཚོས་གང་བྱུང་དུ་ལབ་པ་རེད། ཆང་ཁང་གི་མིང་ལ་སྤྲོ་སྐྱིད་ཆང་ཁང་ཟེར།”དབྱངས་ཅན་གྱིས་མགྱོགས་པོར་ལན་བཏབ་བྱུང་།

ཉེན་རྟོག་པ་གདོང་སྒོར་མོ་དེས་ཉེན་དོན་ཐོ་འགོད་བྱེད་སའི་ཤོག་བུའི་སྟེང་དུས་ཚོད་དང་བྱུང་རིམ་སོགས་གསལ་བོར་བྲིས་བྱུང་།

“ཁྱོད་ཚོས་དོགས་པ་ཟ་བའི་མི་དེ་དག་གི་མིང་ལ་ཅི་ཟེར།གང་དུ་བསྡད་ཡོད།”ཉེན་རྟོག་པ་གདོང་སྒོར་མོ་དེས་དྲིས་བྱུང་།

“ངས་ཁོ་ཚོ་གང་དུ་བསྡད་ཡོད་པ་མི་ཤེས།མིང་ལ་ཅི་ཟེར་བ་ཡང་མི་ཤེས།”དབྱངས་ཅན་གྱིས་ལག་ཟུང་མདུན་དུ་བསྣོལ་ནས་བཤད།

“ཁྱོད་ཚོས་ཤེས་སམ།”ཉེན་རྟོག་པས་ང་ཚོ་ཆང་མགྲོན་རྣམས་ལ་དྲིས་འོངས།

ཆང་མགྲོན་ཚོས་དབྱངས་ཅན་གྱིས་མིག་བརྡ་བསྟན་པར་བལྟས་ནས་མགོ་ཡང་ཡང་གཡུག་པར་བྱེད།

“ཁྱོད་ནི་སྦྱིན་བདག་རེད།དུས་རྒྱུན་ཁོ་ཚོས་ཕན་ཚུན་གྱི་མིང་ལ་ཅི་འབོད་པ་ཤེས་ཁོ་ཐག་ཡིན།”ཉེན་རྟོག་པ་གདོང་སྒོར་མོ་དེས་དབྱངས་ཅན་ལ་ཕྱོགས་ནས་དེ་སྐད་ཟེར།

“ཁོ་ཚོས་ཕན་ཚུན་ལ་འབོད་དུས་རྟ་ཐོག་བ་མ་དང་། རྫ་མ། སྐྱོགས་མགོ། ཁེམ་བུ། ཁོ་ཚག……”

“སྐྱག་རྫུན། དེ་དག་ནི་ཟས་གཡོ་སྤྱད་ཀྱི་ཡོ་ཆས་རེད།མིའི་མིང་ག་ལ་ཡིན།”ཉེན་རྟོག་པ་གདོང་སྒོར་མོ་དེས་སྐད་ཆེན་པོས་སྨྲས་བྱུང་།

“ཁྱོད་ཀྱིས་ཁོ་ཚོས་དངོས་མིང་མི་བཤད་ཚེ།ཉེས་དོན་འདི་གཏན་ནས་རྩད་ཆོད་མི་སྲིད།”ཉེན་རྟོག་པ་གཞན་དེས་ཁོང་ཁྲོ་དང་བཅས་བཤད།

དབྱངས་ཅན་གྱིས་མིག་ཟིམ་ཙམ་བྱས་ཤིང་སྐད་གདངས་གཉོམ་པོས“ངས་འདི་དག་ལས་མི་ཤེས། ཉེས་དོན་རྩད་མི་ཆོད་ཚེ་བསྐྱུར་ཞོག”ཟེར།

“ཁྱོད་ཀྱིས་འདི་ནི་ང་ཚོས་དུས་ཚོད་ཆུད་ཟོས་སུ་གཏོང་བ་འབའ་ཞིག་རེད།”ཉེན་རྟོག་པ་གདོང་སྒོར་མོ་དེས་སྨྱུ་གུའི་ཁ་བརྒྱབ་ཅིང་ཟིན་ཐོའི་དེབ་མཆན་འོག་ལ་བཅུག་སྟེ་ཡར་ལངས་བྱུང་།

ཉེན་རྟོག་པ་གཉིས་ཀས་ངོ་ཚ་ཁོང་ཁྲོ་རུ་བསྒྱུར་ཏེ་ནང་སྒོའི་ཕྱོགས་སུ་གོམ་པ་རིང་ལེན་གྱིས་ཕྱིན་སོང་།

རྣ་ལ་གཟན་པའི་ཉེན་བརྡ་ནི་སྒོ་ཆེན་ཕྱོགས་སུ་ཁྱིའི་ཟུག་སྐད་དང་བསྡོངས་ནས་གྲགས་འོངས་ཤིང་།ཡུད་ཙམ་གྱིས་སྐད་སྒྲ་དེ་དག་ཇག་པ་ཆང་ཁང་དང་རིང་ནས་རིང་དུ་གྱུར་ཅིང་།མཇུག་མཐར་ཁུ་སིམ་གྱི་ཀློང་དུ་བོར།

“ཁྱོད་ཀྱིས་ཁོ་ཚོར་བུ་ཆུང་གི་མིང་མི་བཤད་དོན་ཅི་ཡིན།”ལྷག་པས་དྲིས་བྱུང་།

“དེ་འཚོ་བར་དཀའ་ཁག་བྱུང་བའི་མི་ཞིག་གིས་བརྐུས་པ་ཁག་ཐེག་ཡིན།དེ་ལྟར་མིན་ཚེ་ཁོས་ཀྱང་ཀུན་དགའ་ར་བའི་མདུན་ནས་ཅ་ནེ་དེ་འཁྱེར་མི་སྲིད།”དབྱངས་ཅན་གྱིས་དེ་ལྟར་ལབ་ཅིང་མོའི་ཉམས་འགྱུར་ལྷོད་ལ་བབས་བྱུང་།

“ཁྱོད་ཀྱིས་སྤྲང་བོ་ཞིག་ལ་སྦྱིན་པ་བཏང་བར་བརྩི་རོགས།”མིག་དམར་གྱིས་དབྱངས་ཅན་ལ་སེམས་གསོ་བྱས།

དབྱངས་ཅན་དགོད་ཙམ་བྱེད།

ཆང་མགྲོན་རྣམས་ཁུ་སིམ་མེར་བསྡད་བྱུང་།ཆང་ཁང་གི་གློག་སྒྲོན་འོག་ཏུ་སྐྱག་སྦྲང་འགའ་ཝང་སྒྲ་དང་བཅས་འཕུར།

“ཁྱིམ་གྱི་གཡང་རྫས་འབོར་མི་རུང་།སང་ཉིན་བུ་ཆུང་གི་མིང་ཉེན་རྟོག་པར་ཤོད་རོགས།”སྐྲ་ལོ་སེ་བོར་གྱུར་པའི་བགྲེས་པོ་དེས་ག་ལེར་དེ་ལྟར་ལབ་བྱུང་།

“འདི་རུ་ཆང་འཐུང་དུ་ཡོང་མཁན་རྣམས་ནི་ང་ཚོར་འཚོ་བའི་ཐོན་ཁུངས་འདོན་སྤྲོད་བྱེད་དུ་ཡོང་བ་རེད།ངས་དངུལ་གྱི་ཅ་ནེ་ཞིག་གི་ཆེད་དུ་དྲིན་ཆེ་བའི་མི་སྤྱི་བདེ་ལ་འཛིན་དུ་བཅུག་ན་ག་ལ་འགྲིག”དབྱངས་ཅན་གྱིས་སྐད་འདར་འདར་ངང་དེ་ལྟར་བཤད་རྗེས།མདུན་གྱི་ཆང་ཕོར་བཀྱགས་ནས་འཐུང་ཡག་བྱས་སོང་།

གློག་སྒྲོན་གྱི་འོག་ཏུ། དབྱངས་ཅན་གྱི་གདོང་དུ་ཐང་ཆད་པའི་ཉམས་ཤིག་ཤར་འདུག

པ་སངས་ཀྱིས་དབྱངས་ཅན་གྱི་ཕོར་བའི་ནང་དུ་ཆང་གང་བླུགས།ཆང་མགྲོན་རྣམས་ཀྱི་མིག་མདངས་དབྱངས་ཅན་གྱི་གདོང་ལ་ཅིག་ཅར་དུ་ཕྱོགས་ཡོང་། དེ་ནི་མོའི་སེམས་པ་གསལ་བོར་རྟོགས་འདོད་པ་དང་ཀུན་ནས་མཚུངས།

“ངའི་ཆང་ཁང་ནང་སུ་ཞིག་གི་དངོས་རྫས་བོར་མ་མྱོང་ངམ།མི་ཚང་མར་ཕལ་ཆེར་དེ་ལྟ་བུའི་བརྒྱུད་རིམ་ཡོད་སྲིད། ད་ལྟ་ངའི་མགོར་བབས་པ་ཡང་རྒྱུན་ལྡན་རེད། སེམས་ཀྱི་ཁོང་ཁྲོ་ཞི་སླད།ངས་ལྔ་ལམ་དུ་བརྫང་རྒྱུའི་རྐུན་མ་ཁྱོད།བརྐུས་བྱས་ན་ངར་བ་ལ་ཨང་ཞེས་སྡིགས་དམོད་ཅིག་བྱས་པས་ཆོག”དབྱངས་ཅན་གྱིས་དེ་ལྟར་བཤད་འཕྲལ་ཡང་བསྐྱར་ཕོར་བ་བཀྱགས་ནས་གཙང་བཞེས་ག་ནང་སོང་།

ཆང་མགྲོན་རྣམས་ཧི་ཧི་ཞེས་བགད་བྱུང་ལ།དགོད་སྒྲ་དེས་ཁང་པའི་ནང་གི་ཁ་དབུགས་ལྗིད་མོ་དེ་གཏོར་སོང་། ཆང་མགྲོན་རྣམས་ཀྱིས་ལག་པ་བསྲིངས་ནས་རང་རང་གི་འགྱིག་ཟོ་བཟུང་སྟེ་དབྱངས་ཅན་ལ་ཆང་ལྡུག་པར་བྱེད།

སྐྲ་ལོ་སེ་བོར་གྱུར་པའི་བགྲེས་པོ་དེ་ཡར་ལངས་ཤིང་སྒྲ་སྙན་པང་ཡོང་སྟེ་དཀྲོལ་མགོ་བརྩམས།

དངུལ་ལོས་འཐག་པའི་མགོ་རས།།

མཇལ་རྒྱུ་ཡོད་པའི་ལོངས་སྤྱོད།།

མེ་ཏོག་དྲུབ་པའི་རོལ་མོ།།

གསན་རྒྱུ་ཡོད་པའི་ལོངས་སྤྱོད།།

……

རོལ་དབྱངས་སྒྲོན་ངོགས་སུ་བཞུར་ཞིང་།ཆང་ཕོར་ནང་གི་ཆང་ལྗིད་ཏིག་གེར་ཆང་མགྲོན་ཚོའི་གྲོད་པའི་ནང་བཞུར་སོང་། སྔོན་ཏག་ཏག་བྱུང་བའི་དོན་དག་ཡོད་ཚད་ད་ལྟ་ཇག་པ་ཆང་ཁང་དང་འབྲེལ་བ་ཡེ་མེད་པ་དང་མཚུངས་སོ།།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།