ཀྲུང་གོ་བོད་ཀྱི་དྲ་བ།

གཡུ་གཞོང་ཁྲ་མོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ནམ་མཁའ་བཀྲ་ཤིས།   སྤེལ་དུས། : 2020-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1

ཞོགས་པ་རྫོང་གོག་གི་རྩེར་སོང་བ་ནས་ད་བར་དུ་གྲིབ་མ་ཙམ་ཡང་མེད་པས། ཨ་མ་ནོར་སྐྱིད་མཚོ་མོ་ལུས་ཡོངས་འདར་སིག་སིག་གིས་སྐད་ཆ་ཚིག་གཅིག་ཀྱང་ཤོད་མི་ཐུབ་པར་ལུས། གྲོང་པ་ཁྱིམ་མཚེས་དང་དཀར་ཉེ་ཚོ་རོགས་པར་ཡོང་སྟེ་རྒྱུན་པར་ཁོ་རང་འགྲོ་རྒྱུར་དགའ་བའི་ན་འདམ་ཁུལ་དང་། ཆུ་བོའི་རྒྱུག་ཁུལ། ད་དུང་ཉེ་ཆར་ཐེངས་འགར་སོང་བའི་རྫོང་གོག་གི་རྩེ་མོ་སོགས་ལ་འཚོལ་བར་སོང་མོད་རེ་འབྲས་ཟད། གྲོང་ཚོའི་གཡས་གཡོན་གང་སར་ཕ་སྐྱིད་ལུས་ཀྱི་འདར་སྐད་ལིང་ལིང་དང་འགག་སྐད་ཁྲོག་ཁྲོག་དེ་གྲགས།

གདོན་འདྲེས་ཁྲིད་པ་ཨེ་ཡིན།

སྔ་མོ་ནས་སྐད་ཆ་དེ་འདྲ་མ་ལབ།

དགོང་མོ་དེར། གྲོང་ཚོའི་ནང་འཇིགས་སྣང་གི་མཁའ་དབུགས་སྟུག་པོ་ཞིག་གིས་གང་ལ། མུན་ནག་ཁྲོད་ལག་སྒྲོན་དམར་ལེམ་ལེམ་བྱེད་པ་དག་ལམ་སང་མུན་པས་འཇིབ་འགྲོ།

ཁྱད་མཚར། འབྲུག་གིས་ཁྲིད་འདུག་པས་འཚོལ་བར་མ་འགྲོ། བསྒུགས་ན་རྟགས་ཡོང་། གཏོ་བཅོས་ཡུལ་ལྷ་གསོལ་མཆོད་ཅིག་ཐོངས།

སྐྱིད་ལུས་རླུང་འཚུབ་འཚུབ་བྱེད་ཅིང་། གདོང་མདོག་བ་ཕྱུགས་ཀྱི་གློ་བ་དང་མིག་རྩ་མཚམས་སྤྲིན་བཞིན་དམར་རྐྱང་ཆགས་པ་དེ་ཕུར་ཚུགས་ངང་ནོར་སྐྱིད་མཚོ་མོར་ལྟ་བཞིན། དོན་དག་ཅི་འདྲ་ཞིག་ལ་འཕྲད་རུང་མོ་རྒྱགས་པའི་ལས་ཐབས་རྡུགས་དེ་འདྲ་མ་བྱེད་ཅེས་སྨྲས།

ང་གཉིས་ན་སོ་ཆེར་ལོངས་པ་དང་གཞི་ནས་དཀོན་མཆོག་གིས་བུ་ཆུང་གཅིག་པུ་དེ་གནང་བས། གལ་སྲིད་རྐྱེན་ངན་དང་འཕྲད་ཡོད་ཚེ། ང་ནི……ང་ནི……ང་ནི……

ནོར་སྐྱིད་མཚོ་མོ་དངངས་སྐྲག་དང་རླུང་གིས་སྐད་ཆ་འཆད་མ་ཚར་གོང་དྲན་པ་འཐོར་ནས་ལུས་བདག་བཟུང་མེད་པར་ས་ལ་འགྱེལ།

ནོར་སྐྱིད་མཚོ་མོ། ནོར་སྐྱིད་མཚོ་མོ།

སྐྱིད་ལུས་ཀྱིས་ཁོ་མོ་པང་དུ་བཏབ་ནས་མལ་ཁྲིའི་སྟེང་གན་རྐྱལ་དུ་བསྙལ། རོགས་པར་ཡོང་བའི་དགའ་ལྡན་གྱིས་ལམ་སང་འབྲི་མར་མཛུབ་མགོ་ལས་ཆུང་ཙམ་ཞིག་བཞུས་ནས་རླུང་གསང་བཀག

ཅུང་ཙམ་ནས་མོ་དྲན་པ་སོས། མིག་གདངས་མ་ཐག་ནས་འཇིགས་མེད་རྒྱ་མཚོ། འཇིགས་མེད་རྒྱ་མཚོ་ཞེས་མགོ་ཕར་གཡུག་ཚུར་གཡུག་གིས་འབོད་པར་བྱེད།

ཉིན་གསུམ་སོང་རུང་བུ་ཆུང་འཇིགས་མེད་རྒྱ་མཚོ་ནི་འཇའ་ཡལ་བ་བཞིན་གྱུར་པས། རོགས་པ་ཚོས་ཉེན་རྟོག་པར་སྙན་སེང་ཞུས་ན་ཡག་ཅེས་གྲོས་མགོ་བཏོན།

གཟའ་འཁོར་གཅིག་རིང་། ཉེན་རྟོག་པས་འབྲེལ་ཡོད་ས་ཆ་ཡོད་ཚད་ལ་རྟོག་ཞིབ་བྱས་མོད་མཇུག་འབྲས་ཆུ་མཐོང་གྲམ་གསལ་ཞིག་མ་བྱུང་།

ཉིན་གཅིག ཉིན་གཉིས། ཉིན་གསུམ། གཟའ་འཁོར་གཅིག གཟའ་འཁོར་གཉིས། སློབ་མགོའང་ཚུགས་ཟིན།

སྐྱིད་ལུས་བཟའ་ཚོ་གཉིས་པོའི་སྙིང་ཁར་ཚེར་མ་གྲངས་མེད་དུས་གཅིག་ཏུ་བསྣུན་པ་ལྟར་བཟོད་དཀའི་སྡུག་བསྔལ་སྐྱེས་ལ། ལུང་པའི་ཁྱིམ་ཚང་གཞན་གྱི་བྱིས་པར་ཕྲག་དོག་ཀྱང་སྐྱེས་འོངས།

ལོ་ཟླ་ཆུ་བོ་བཞིན་བཞུད། སྡུག་བསྔལ་རི་རབ་ནས་རི་རབ་ཏུ་བརྩེགས། སྐྱིད་ལུས་ཀྱི་ཡ་ཁུང་དངུལ་མདོག་ཏུ་གྱུར་ལ་མིག་གཉིས་ཀོང་ཞིང་བརྡིབས། ནོར་སྐྱིད་མཚོ་མོའི་ལུས་ཟུངས་རྦད་དེ་ཤོར་ཞིང་། ཀྲོང་ཞིང་དགྱེ་བ་དེ་རྔ་དབྱུག་ལྟར་གུག་ནས་ངོ་ཤ་དྲེག་གིས་གཙེས།

2

སྒེའུ་ཁུང་ཕྱེ་དང་ཡོད་ཚད་ཤེས་ངེས།

སྐད་ཆ་དེ་ཁོ་ན་བུ་ཆུང་འཇིགས་མེད་རྒྱ་མཚོའི་སེམས་ལ་བྲག་ཅ་བཞིན་འཁོར། ཡ་མཚན་གྱི་འཇིག་རྟེན་ལ་ཁོས་རེ་ཞིང་བསྒུགས་པས་གཉིད་ཡག་པོ་ཞིག་མ་ཁུགས། མཚན་གང་ཆར་པ་ཐག་ཐག་ཅེས་འབབ།

སྟོན་གཞུག་ཟིན་པ་མིན་ནམ། ལྟས་ཆར་འདིས་ལོ་ལེགས་མུག་ཟོས་རྒྱག་གིན་འདུག ཕ་སྐྱིད་ལུས་ཀྱིས་སྟོད་ཧྲེང་མར་མལ་ལས་ཡར་དགྱེ་དགྱེ་གནང་སྟེ་སྒེའུ་ཁུང་ཕྱི་རོལ་ཏུ་གཟིགས་ཀྱིན་སེམས་ཁྲལ་ངང་དེ་ལྟར་གསུངས།

ཨ་མ་ནོར་སྐྱིད་མཚོ་མོ་མལ་ལས་བཞེངས་ཏེ་ཐབ་ཀྱི་ཐལ་བ་འདོན་བཞིན་ཡོད་ཅིང་། གོ་ཟི་ལག་པའི་ཕུ་དུང་ཐོག་འགོས་ནས་ལྗང་མདོག་གི་འོག་འཇུག་དེ་ཐལ་སྐྱ་འཚུབ་བེར་བཏང་།

པཱ་ལགས། ང་རྫོང་རྩེར་ཐེངས་ཤིག་འགྲོ་དགོས་ཡོད།

ཟིམ་ཆར་ཡོངས་སུ་ཆད་མེད་རུང་བུ་ཆུང་འཇིགས་མེད་རྒྱ་མཚོས་ཁ་ཆད་མ་ཤོར་བའི་ཆེད་ཆུ་ལྷམ་དང་ཆར་ལྭ་ཆུང་ཆུང་ཞིག་གྱོན་ནས་དེ་ལྟར་ལབ།

དེ་རིང་བ་ཕྱུགས་འཚོ་རེས་ཡིན་པས་སོང་ན་མི་འགྲིག

ཉི་མ་ཐང་ལ་མ་བབ་གོང་སླེབས་ཡོང་།

…… ……

འཇིགས་མེད་རྒྱ་མཚོ་སྐས་རིང་ལས་བབས། རྡོ་སྐས་ལས་མཆོངས། འདམ་བག་གིས་འཚོས་པའི་སྲང་ལམ་དུ་འགྱིག་ལྷམ་གྱི་ཤུལ་རྗེས་ཆུང་ཆུང་རེ་རིམ་པར་དཔར། སྒོ་ཕྱུགས་ཀྱི་རྨིག་རྗེས་ནང་འཁྱིལ་བའི་ཆར་ཆུ་བརྫིས་པ་ལས་འཐོར་བའི་འདག་ཆུ་ལུས་ལ་འཐོར་རུང་སྣང་མེད་ངང་རྫོང་རྩེར་འགོ་སའི་འཕྲེད་ལམ་དུ་ཕྱོགས།

ཁྱོད་ཀྱིས་ཡིན་གཅིག་མིན་གཉིས་འགྱིག་ལྷམ་དང་འགྱིག་གི་ཆར་ལྭ་གྱོན་དགོས། རབ་ཡིན་ན་ཞྭ་མོའང་འགྱིག་ཞྭ་ཞིག་གྱོན་ན་ལེགས།

ཆར་འབབ་པའི་གནམ་གཤིས་མ་བསྟན་ན་ངས་དེ་དག་ཇི་ལྟར་བསྒྲུབ་བམ།

སེམས་ཁྲལ་མི་དགོས། ཐབས་ངས་འདོན་ཁྱོད་ཀྱིས་ལག་བསྟར་ཅིག

ལགས་སོ། ། ང་ནང་དུ་ཡུན་ཅི་ཙམ་འདུག་ཆོག་གམ།

སྔོན་ལ་ང་ཚོའི་བར་གྱི་གསང་བ་སྲུང་ཐུབ་པ་དགོས།

མནའ་བོར་རུང་ཆོག

འཇིགས་མེད་རྒྱ་མཚོས་དེ་ལྟར་བཤད་ཀྱིན་མཐེ་བོང་དང་མཛུབ་ཕྲུག་བརྐྱངས།

རྐེ་ཚེ་དང་སེ་བ། ཚར་པས་བཏུམས་པའི་འཕྲེད་ལམ་བརྒལ་དུས་སེ་ཚེར་རྣོན་པོ་དེ་དག་འཇབ་ནས་ཡོད་པའི་བདུད་འདྲེ་ཞིག་དང་འདྲ་བར་ཁོའི་ཆར་ལྭ་བརྟོལ་གྲབས་བྱེད་པས་ཁོ་གཟབ་ནན་ངང་འགྲོ་དགོས་བྱུང་།

ཁ་མིག་ཕུད་ལུས་པོ་ཡོངས་འགྱིག་གིས་བཏུམ་དགོས།

སྐད་ཆ་དེ་ཡང་བསྐྱར་ཁོའི་རྣ་ལམ་དུ་འཁོར་བས་ཁོས་གངས་རི་ཐོད་དཀར་ཕྱོགས་སུ་ལྟ་ཙམ་བྱས། བལ་དཀར་གྱིས་གཡོགས་འདྲའི་སྨུག་པས་གངས་རིའི་དབུ་རྩེ་མི་མཐོང་མོད་གངས་ཅུང་ཟད་ཅིག་སྐྱ་ཤག་གེར་མཆིས།

ང་ཚོ་ནི་གོ་ལ་གཞན་ནས་ལྟ་སྐོར་དུ་ཡོང་བ་ཡིན། ཡིན་རུང་འཕུར་གྲུའི་ནང་ནས་ཐོན་མི་ཆོག

ཅི་ལགས། ཁྱོད་ཚོས་ཀྱང་ང་ཚོའི་སྐད་ཆ་ཤོད་པ་མིན་ནམ།

ང་ཚོས་ཆེད་མངགས་ཞིབ་འཇུག་བྱས་ཏེ་སྦྱངས་པས་མ་གཏོགས་ཁྱེད་ཚོའི་སྐད་ཆ་རྗེས་ལུས་ལོ་མང་ཐེབས་འདུག

ང་ཚོས་རྒྱུན་དུ་བེད་སྤྱོད་ཀྱིན་ཡོད་ལ་ཁག་པོ་ཅི་ཡང་མི་འདུག

འཇིགས་མེད་རྒྱ་མཚོས་གཏམ་དེ་དྲན་པ་དང་རང་གི་ཁུག་མར་འཆག་ཙམ་འཆག་ཙམ་བྱས། ཁ་སང་ནས་གྲ་སྒྲིག་བྱས་པ་དེ་འཇམ་ཅག་གེར་ཡོད།

རྫོང་རྩེར་སླེབས་དུས་སིར་སྒྲ་རྣར་གཟན་པ་ཞིག་གྲག་བཞིན་ཡོད། གཞི་སྔོན་མོ་དང་ཐོད་དཀར་པོ་ཡིན་པའི་འཕུར་གྲུ་སྒོར་སྒོར་དེ་ནི་རྒྱང་ནས་ལྟ་དུས་དུང་བན(铜盘)ཞིག་གི་ཆེ་ཆུང་ལས་མེད་མོད། འཁྲིས་སུ་སླེབས་དུས་དེ་ཉིད་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་མཆིས།

འགྱིག་ལྷམ་ལྗང་སེར་ཡུ་ཐུང་དང་ཆར་ལྭ་སྔོ་ནག་ཡུ་རིང་དེས་ཁོའི་གཟུགས་པོ་དེ་བས་ཇེ་ཆུང་དུ་བཏང་བས་ངོ་མ་ཚེ་ལོ་བཅུ་པ་ཞིག་ཨེ་ཡིན་སྙམ་པར་གྱུར་ཡོད།

འཕུར་གྲུའི་གཤམ་འོག་ནས་དུ་རླངས་ཆིལ་ཆིལ་དང་སྦྲགས་སྒོ་ཆུང་ཞིག་ཕྱེ་ཞིང་། ཐད་འཕུར་གནམ་གྲུ་སེར་སྨུག་ཆུང་ཆུང་ཞིག་གིས་སིང་སིང་ཞེས་སྒྲ་སྒྲོག་གིན་ཐོན་ཏེ་རྫོང་གོག་གི་ཡང་སྟེང་དང་གཡས་གཡོན་དུ་འཕུར་ལྡིང་གིས་བྱ་ར་བྱས་རྗེས་ཡར་འཛུལ་སོང་། དེ་མ་ཐག་ནང་ངོས་ནས་ཡར་ཤོག་ཅེས་བུ་ཆུང་ལ་སྐད་བཏང་།

ཕྱི་སྒོར་འཛུལ་མ་ཐག གློག་མི་ཞིག་གིས་ལག་ལ་ལྕགས་ལེབ་ཡུ་རིང་ཞིག་ཁྱེར་ནས་ཞིབ་བཤེར་བྱས་པ་དང་དེ་ནས་ཆུ་མདའ་ཞིག་གིས་འཇིགས་མེད་རྒྱ་མཚོའི་ལྷམ་དང་ལུས་པོའི་ངོས་ཡོད་ཚད་གཙང་ཁྲུས་བྱས་ཤིང་། ཐ་ན་རྡུལ་ཕྲ་རབ་ཙམ་ཡང་མི་འགོས་པ་ལྟར་བྱེད།

ངའི་གྱོན་པ་མི་གཙང་ངམ།

དགོངས་དག འཕུར་གྲུའི་གཏན་འབེབས་རེད། སའི་གོ་ལའི་ཐོག་གི་རྡུལ་ཕྲན་ཙམ་ཡང་མི་སླེབས་པ་བྱེད་དགོས།

ཅི་ཡིན།

ངས་ཀྱང་མི་ཤེས། ང་ནི་གློག་གི་མི་ཞིག་ཡིན་པས་ཁོང་ཚོས་བཀོད་པ་བཏང་བའི་དོན་རྣམས་ཆག་མེད་དུ་བསྒྲུབ་རྒྱུ་དེ་ཡིན།

འཇིགས་མེད་རྒྱ་མཚོ་ཡ་མཚན་དང་དོགས་པ་ཅིག་ཅར་སྐྱེས། བར་སྒོའི་སྒོ་ཐོད་དུ་སྤྱི་ལོ3020ལོའི་ཟླ9པ་ཞེས་དམར་ལམ་མེར་གསལ་ཡོད་ཅིང་བར་ཁྱམས་སུ་གློག་བརྡ་དམར་ཆེམ་ཆེམ་དང་སེར་འཚུབ་འཚུབ་བྱེད་ས་ཞིག་བརྒྱུད་རྗེས་ནང་ངོས་ཀྱི་ཁང་པར་འབྱོར། དེ་ཉིད་ལུག་རྫིའི་འབུབས་ཁོག་གི་ཆེ་ཆུང་ཙམ་ལས་མེད་ལ་ནང་དུ་སྒྲིག་ཆས་དམིགས་བསལ་གང་ཡང་མེད།

བུ་ཆུང་། ཁྱེར་ཨེ་ཡོད།

གློ་བུར་མདུན་ངོས་ཀྱི་ཤེལ་ངོས་ཞིག་ནས་མིག་སྤུ་ཤིན་ཏུ་རིང་ཐོག་མིག་ཤེལ་རྫ་མདོག་གྱོན་པའི་མི་གཟུགས་ཐུང་ཞིག་ཐོན་ཡོང་ཞིང་ལག་ཏུ་ཁ་པར་ཆུང་ཆུང་ཞིག་ཁྱེར་འདུག ཁོས་དེ་མནན་ཙམ་བྱས་མ་ཐག་འཇིགས་མེད་རྒྱ་མཚོའི་ལུས་པོ་ལམ་སང་ཡར་ཐེག་ཡོང་བའི་ཚོར་བ་དྲག་པོ་ཞིག་གིས་ཁྱབ་ཅིང་། དེ་མ་ཐག་འབོལ་སོབ་སོབ་ཀྱི་སྣང་བ་ཞིག་བྱུང་། འཇིགས་མེད་རྒྱ་མཚོས་རྣམ་རིག་བསྒྲིམས་ནས་ཞིབ་ལྟ་བྱེད་དུས་དེ་ནི་གཞན་གང་ཡང་མིན་པར་རང་ཉིད་རྐུབ་སྟེགས་འབོལ་པོ་ཞིག་གི་ཐོག་བསྡད་ཡོད་ལ། མདུན་ཅོག་རང་འགྲིག་ཅིག་གི་ཐོག་ཕོར་བ་ཟུར་གསུམ་ཞིག་བཞག་པ་མཐོང་བས་ཧ་ལས་ཧང་སངས། ཁོས་རང་གི་ཁུག་མར་རེག་ཙམ་བྱས་པས་ཅ་ལག་ལ་འགྱུར་བ་ཅི་ཡང་བྱུང་མེད།

ཁྱེར་ཡོད། འཇིགས་མེད་རྒྱ་མཚོ་འཇིགས་སྣང་ཅུང་ཟད་སྐྱེས་ནས་ལག་པ་འདར་སིག་སིག་ངང་རས་ཁུག་ནག་པོ་དེ་བཏོན། དེ་ནི་ཁྱིམ་གྱི་ཇ་ཁུག་ཡིན་ཞིང་ཁོས་སྣོད་སྟོང་འོས་འཚམས་ཤིག་རྙེད་མེད།

བུ་རང་དངངས་སྐྲག་མ་བྱེད་ལ་ཞེད་སྣང་ཡང་སྐྱེ་དགོས་མེད། ང་ཚོ་ཡང་སྔོན་ཆད་སའི་གོ་ལ་འདྲ་བའི་ལུང་ཆུང་ཡིད་དུ་འོང་བ་ཞིག་ཏུ་འཚོས་མྱོང་།

ཕ་མ་བུ་ཕྲུག་དང་བདེ་སྐྱིད་ལྡན་པའི་འཚོ་བ། སྔོ་ལྗང་གི་ཞིང་ཐང་དང་འབྲུ་དྲུག་ནས་ཀྱིས་སྙེ་རླབས་ཚགས་ཚགས་ཏུ་གཡོ་བ། ཕུ་ལ་གངས་རི་དང་སྤང་ལ་དཀར་ནག་ནོར་ལུག་གིས་གང་ཡོད།

འཇིགས་མེད་རྒྱ་མཚོས་དགོད་ཙམ་བྱས་པ་དང་དེ་འདྲ་ང་ཚོ་དང་གཅིག་པ་རེད། ང་ཚོར་ཡང་ཕུ་ལ་གངས་རི་ནགས་རི། སྤང་ལ་ནོར་ལུག་གིས་ཕྲ་བཏབ་པ། མདའ་ལ་མུ་མེད་ཞིང་ཐང་དུ་ལོ་ལྟར་འབྲུ་དྲུག་གི་ལོ་འདབ་རྒྱས་ཤིང་འབྲས་བུས་དུད།

ཅ་ལག་ཁྱེར་ཡོད་ཚེ་ད་ཐོན་ཅིག

ལུས་ཡོངས་སུ་ལྕགས་ཀྱི་གོ་ཁྲབ་དང་ལག་པར་དངུལ་མདོག་གི་ཤུབས། མགོ་སྟེང་དུ་ཞྭ་མོ་འོད་འཁྱུག་འཁྱུག་གྱོན་པའི་གཞོན་པ་སྟོབས་ཆེན་ཞིག་འཇིགས་མེད་རྒྱ་མཚོའི་གམ་དུ་གློ་བུར་ཐོན་པ་དང་ཡིད་མ་ཆེས་པའི་ངང་དེ་ལྟར་སྨྲས།

ཡིན་རུང་ང་ལའང་རེ་བ་ཞིག་ཡོད། ཁྱེད་ཚོས་མ་འོངས་ལོ་བརྒྱའི་འཕེལ་འགྱུར་སྔོན་དཔག་ཐུབ་པ་མིན་ནམ།

ཐུབ། སྔོན་ལ་ཅ་ལག་དེ་ཁྱེར་ཤོག བར་ཁྱམས་ཀྱི་གློག་ཀླད་དང་འོད་ལྗང་དམར་འཁྱུག་པའི་ཡོ་ཆས་མང་པོའི་རྒྱབ་ནས་དེ་སྐད་གྲགས། དོན་དུ་དེ་ཉིད་བུད་མེད་ཡིན་ངེས་བསམ་པ་དེ་འཇིགས་མེད་རྒྱ་མཚོའི་རྣ་ལ་ཕྲ་ལ་མཉེན་ཆ་ལྡན་པའི་སྐད་ཐོས་པ་དེས་རེད་མ་གཏོགས། ལུས་ཀྱི་བྱད་གཟུགས་ཐོག་ནས་གོང་གི་མི་གཉིས་པོ་དང་ཁྱད་པར་ཅི་ཡང་མེད་པར་ལྕགས་མདོག་ཁོ་ནར་དབང་།

འཇིགས་མེད་རྒྱ་མཚོས་ལག་ཁུག་མར་བཅུག་པ་དང་ནག་དྲེག་གིས་འཚོས་པའི་སྣོད་ཁུག་ཆུང་ཆུང་དེར་འགྱོག་ཙམ་བྱས། སྐབས་དེར་ཁོའི་སེམས་སུ་ཁོང་ཚོས་ཅ་ལག་འདི་འདྲར་མཐོང་ཆེན་བྱེད་དོན་ཅི་ཡིན་ནམ་སྙམ།

ཁུག་མ་མདུན་གྱི་གཞོན་པ་གཟུགས་རིང་དེར་སྤྲད་པས། མི་དེས་རིན་ཆེན་ནོར་བུ་ཞིག་ལག་ཏུ་སླེབས་པ་ལྟར་གཟབ་ནན་གྱིས་ལེན་དུས་ལག་པ་འདར་སིག་སིག་ངང་དེ་ཉིད་གཟུགས་སྟོབས་ཆུང་ལ་སྟོད་ཅུང་སྒུར་བའི་མི་དེར་སྤྲད།

ཐུགས་རྗེ་ཆེ། ནོར་བུ་འདི་དག་མ་མཐོང་བར་ལོ་ངོ་བརྒྱ་ཕྲག་ཁ་ཤས་འགོར་སོང་། འདི་དག་ཆེད་དུ་ང་ཚོས་འཕུར་གྲུ་འདིའི་འཁོར་ལམ་ལོ་བཅུ་གཉིས་རེར་ཐེངས་རེ་སའི་གོ་ལ་དང་ཐག་ཉེར་འཁོར་སྐབས་དང་བསྟུན་ནས་རེག་ཐབས་བྱས་མོད་སྟོང་ལོག་གྲངས་མེད་སོང་། ཡིན་ནའང་ང་ཚོས་ཡི་ཐང་ཆད་མེད་ལ་ལྷག་བསམ་ཅན་གྱི་བུ་ཆུང་ཁྱོད་ལ་ཐུག་ནས་རོགས་པ་བྱས་བྱུང་བས་དངོས་གནས་བཀའ་དྲིན་ཆེ་ཞེས་བཤད་རྗེས་ཤེལ་གྱི་ཕོར་བ་ཞིག་གི་ནང་དུ་བཅུག དེ་ནས་མགོ་ཐོག་གཏུག་ཙམ་གཏུག་ཙམ་བྱེད།

དེ་འདྲ་གསུངས་དགོས་མེད། ལག་ཞོར་ཙམ་རེད།

གཟུགས་ཆུང་ལ་སྟོད་སྒུར་བ་དེའི་མགྲིན་པར་ཨོག་མདུད་ཐེབས་ནས་ཤོད་མ་ཐུབ་པས། གཟུགས་སྟོབས་ཆེ་བའི་གཞོན་པ་དེས་གཟུགས་ཆུང་དེའི་སྟོད་ལ་འཆག་ཙམ་འཆག་ཙམ་བྱས་ཐོག འཇིགས་མེད་རྒྱ་མཚོར་གཏད་ནས་ལག་པའི་ཐལ་མོ་སྦྱོར་བཟོ་བསྟན།

ང་ཚོས་འདི་དག་ལོངས་སྤྱོད་མ་ཐུབ་པར་ལོ་ངོ་སྟོང་ཕྲག་འདས་ཟིན། མ་གཞི་ང་ཚོར་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཡོད་མོད། ཚེ་རིང་གི་སྡུག་བསྔལ་ནི་ལྷ་ལས་ཀྱང་ལྕི་ཨང་།

སྐབས་དེར་ང་ཚོས་ཁྱིམ་གྱི་ནོམ་པ་ཡོད་ཚད་བཏང་ནས་འཕུར་གྲུ་འདི་ཉོས་པ་ཡིན་ལ་གོ་ལ་གཞན་ཞིག་འཚོལ་བར་སོང་མོད་ད་བར་ལོ་ངོ་བརྒྱ་ཕྲག་འདས་རུང་མ་རྙེད། ང་ཚོ་གསུམ་ནི་ཁྱིམ་ཚང་གཅིག་གི་ཡིན། བུ་རང་གིས་ལྟོས་དང་། ང་ཚོ་ད་དུང་ཡང་གོ་ལ་ནས་ཁ་བྲལ་དུས་ཀྱི་ན་སོ་ལྟར་བསྡད་ཡོད། ངའི་མ་འདས་མོ་དེས་འཕུར་གྲུ་ཉོ་བའི་ཐད་མོས་མཐུན་རྩ་ནས་མ་གནང་ཞིང་། ཕ་ས་གཡུ་གཞོང་ཁྲ་མོ་དེ་སྐྱ་མོ་མྱ་ངམ་ཐང་དུ་གྱུར་རུང་མི་འགྲོ་ཐག་ཆོད་ཡིན་གསུངས། འོན་ཀྱང་ལུང་པའི་མི་ཚོས་ཐབས་བརྒྱ་ཇུས་སྟོང་གིས་འཕུར་གྲུ་འདི་རེག་ཐབས་ཀྱིས་བྲལ་རེ་བྱེད་པས། ངས་ཁོང་གི་བཀའ་ལ་མ་ཉན་པར་འཕུར་གྲུ་འདི་ཉོས་པ་ཡིན། ཡུལ་མི་ཕལ་ཆེར་འཕུར་གྲུར་བསྡད་དེ་བྲལ་དུས་ཁོང་གི་སྙིང་མགོ་རྟིང་ལོག་པ་དང་ནད་ཀྱིས་མནར་ནས་དབུགས་རྔ་བསྡུས་གནང་སོང་།

མི་གཟུགས་རིང་དེས་ཡང་མིག་ལ་མཆི་ཞག་འཁོར་འཁོར་བྱས་པ་དང་སེམས་སྡུག་གི་མཚོ་མོ་ལུད་ཡོང་བར་རང་དབང་མ་བྱུང་བ་འདྲ་སྟེ། ཡུད་ཙམ་མ་སོང་གོང་ཁོའི་མིག་མཐའ་ནས་མིག་ཆུ་སྔོན་པོ་རྐང་གཉིས་ནར་མར་ལུད་ཡོང་།

དེ་དུས་ངས་ཨ་མ་ལགས་ཀྱི་ཞལ་ལ་མཉན་ཏེ་འཕུར་གྲུ་འདི་མ་ཉོས་ཚེ། འཇིག་རྟེན་ཆོས་ཉིད་ལས་འདས་པའི་མི་ཚེ་སྐྱོ་པོ་འདི་འདྲ་སྐྱེལ་དགོས་མེད་ལ། སྔ་ས་ནས་ལུས་བརྗེས་ཏེ་སྐྱེ་གནས་གསར་པ་ཞིག་བླངས་ཡོད་ངེས། མ་མཐར་རང་གི་སྐྱེ་ས་འཚར་སའི་ལུང་པ་ནས་བྲལ་མེད། ད་ནི་ཕར་རིའི་ལྕི་བའང་མེད་ལ་ཚུར་རིའི་སླེ་བོའང་མེད་པ་ཆགས་སོང་།

ལུང་པའི་མི་གཞན་གང་དུ་སོང་ངམ། འཇིགས་མེད་རྒྱ་མཚོས་ཡ་མཚན་ངང་དེ་ལྟར་དྲིས།

ཁོང་ཚོའང་འཕུར་གྲུ་འདི་འདྲ་རེའི་ནང་ཡོད། ང་ཚོ་སྐབས་རེར་ཐུག་ཐུབ་མོད་ཁ་པར་མ་གཏོགས་གདོང་ཐུག་གིས་སྐད་ཆ་བཤད་ཐབས་མེད། འོན་ཀྱང་ཚང་མའི་གནས་བབ་གཅིག་འདྲ་རེད།

འཇིགས་མེད་རྒྱ་མཚོའི་སྣ་ལ་ཟུག་ངུ་ལངས།

གཡུ་ལྷ་སྒྲོལ་མ། མགྱོགས་པོ་བུ་ཆུང་ལ་མགྲོན་ཞིག་བྱོས་དང་། གཞོན་པ་སྟོབས་ཆེན་དེས་གློག་ཀླད་ཀྱི་རྒྱབ་ཏུ་ཡོད་པའི་བུད་མེད་དེར་གཏད་ནས་བཤད་པས། དེས་ལམ་སང་སྒོ་ཆུང་ཞིག་ནས་སྡེར་མ་ཞིག་ཁྱེར་ཡོང་།

སྡེར་མའི་ནང་ལྕགས་མདོག་གྲུ་བཞི་བསྣོལ་མར་གཏུབ་པ་རླངས་པ་ཐོལ་ཐོལ་བྱེད་པ་འགའ་དང་། འཁྲིས་སུ་འགྱིག་ཕོར་ཟུར་གསུམ་ཞིག་གི་ནང་དུ་དངུལ་མདོག་གི་གཤེར་ཁུ་རླངས་པ་ཐུལ་ཐུལ་ཕྱེད་ཀ་བླུགས་ནས་ཁྱེར་ཡོད།

གཡུ་ལྷ་སྒྲོལ་མ་ནི་ངའི་བཟའ་ཟླ་རེད། ཁོང་ངའི་པཱ་ལགས་རེད། ངའི་མིང་ལ་ཟླ་བཟང་དགྲ་འདུལ་ཟེར།

བུ་རང་གིས་རོ་མྱོང་དང་། གཞོན་པ་སྟོབས་ཆེན་དེས་འཇིགས་མེད་རྒྱ་མཚོར་འཛུམ་དམུལ་དམུལ་བྱས།

འཇིགས་མེད་རྒྱ་མཚོས་རླངས་པ་ཆིལ་ཆིལ་དེ་ཏིལ་ཙམ་ཟོས་པ་དང་གཤེར་ཁུ་ཁམ་གང་བཏུངས་པས་དེ་གཉིས་ལ་བྲོ་བ་ཅི་ཡང་མེད་ལ་ཟོས་རྗེས་སུ་དམིགས་བསལ་གྱི་ཚོར་བ་མི་བདེ་བའང་མ་བྱུང་།

མཇུག་མཐར་རེ་བ་བཞིན་འཇིགས་མེད་རྒྱ་མཚོ་བརྙན་ཤེལ་ཆེན་པོ་དེའི་མདུན་དུ་ལངས།

ཁོའི་མིག་མཐའ་མཆི་མས་གང་། ཅི་འདྲའི་དྭངས་ཤིང་གཙང་བའི་མིག་ཆུ་ཞིག་རེད་ཨང་། བྲལ་ཁ་མར་ཁོང་ཚོ་གསུམ་པོས་དེ་ལྟར་ཡིད་སྨོན་གྱིས་བཤད།

ང་ཚོའི་བར་གྱི་གསང་བ་སུ་ལའང་མ་ཤོད་རོགས།

ང་ལ་ཡིད་ཆེས་གནང་དང་།

བུ་རང་གི་མིང་ལ་ཅི་ཟེར།

འཇིགས་མེད་རྒྱ་མཚོ།

ང་ཚོས་ནམ་ཡང་བརྗེད་མི་སྲིད།

ཁོ་འཕུར་གྲུའི་སྒོ་ཆུང་ནས་མར་བབས་ཏེ་རྐང་པ་ས་ཐོག་ཏུ་བཙུགས་མ་ཐག་འབོལ་སོབ་སོབ་ཀྱི་ཚོར་བ་ཞིག་བྱུང་བས། ས་གཞི་ནི་ཅི་འདྲའི་རླབས་ཆེན་དང་ཁོག་ཡངས་ཤིག་རེད་ཨང་སྙམ།

འཕུར་གྲུ་རིམ་གྱིས་གནམ་ལ་འཕགས་ཤིང་། སིང་སིང་ཞེས་པའི་སྐད་སྒྲ་ཇེ་ཆུང་དུ་སོང་བ་དང་ལུས་བོངས་ཀྱང་ཇེ་ཆུང་ལ་གྱུར།

འཇིགས་མེད་རྒྱ་མཚོས་མིག་ཟུང་དགུང་ལ་ཕྱོགས་པས་ཉི་འོད་མ་བཟོད་པར་མིག་ཆུ་ལུ་ལུར་ཤོར། ཁོས་རྫོང་གོག་གི་རྩེ་ནས་ལྟ་དུས་གྲོང་ཚོ་ཡོངས་ཁུ་སིམ་མེ་ཡིན་ལ་དཔྱིད་ཀྱི་བུ་མོས་ས་གཞིར་སྣུམ་མདངས་སྦྱིན། ཁོས་རང་གི་ཁུག་མ་ལས་ཁམ་མདོག་གི་ཟས་དེ་བཏོན་ནས་ལྟ་དུས་མ་གཞི་དེ་ནི་ལྕགས་རྡོག་ཅིག་ཡིན་འདུག

4

ཤི་འདྲེ་སླེབས་འདུག

གྲོང་ཚོའི་སྲང་ལམ་དུ་དེ་ལྟར་འབོད་མཁན་ནི་ཉི་མ་དབང་འདུས་ཡིན་ཞིང་། ཁོས་འཇིགས་མེད་རྒྱ་མཚོ་མཐོང་མ་ཐག་སྐྲག་དངངས་ཀྱིས་ཁྱར་ཁྱོར་ངང་སོང་བས་ལག་གཡས་པར་འཁར་རྒྱུག་ཅིག་ཁྱེར་བ་དེའང་རང་དབང་མེད་པར་ལག་ནས་ཤོར།

འཇིགས་མེད་རྒྱ་མཚོས་རྒྱབ་ལ་ལྟ་ཙམ་བྱེད་དགོས་བྱུང་ཞིང་། སེམས་སུ་འཇིགས་དངངས་ཅིག་ཅར་ལངས་ནས་རྒྱུག་མ་འདུར་གྱིས་སྲང་ལམ་གསེང་དུ་སོང་། ཉི་མ་དབང་འདུས་ཀྱི་རིང་དྲགས་པའི་གོས་ཐུང་སྣེ་མོ་དེ་ལྷམ་རྩེར་བསྐོན་ནས་ས་ལ་འདྲུད་པའི་ཤུལ་ཁ་ཤུར་རེར་བཏོད་ཡོད་ཅིང་། ཚོས་ལོག་པའི་སྟོད་ཐུང་སྔོ་སྐྱ་དེ་ཉི་འོད་འོག་སྐྱ་ཁྱུག་ཁྱུག་བྱེད།

ཤི་འདྲེ་སླེབས་འདུག

སྐད་སྒྲ་སླར་ཡང་གྲགས། སྲང་ལམ་དུ་ཁ་ཕྱོགས་པའི་ཁྱིམ་ཚང་སོ་སོའི་སྒེའུ་ཁུང་ནས་མགོ་བོ་ནག་རྡོག་འགས་ཕྱིར་སྐེ་རྨྱང་ཙམ་བྱེད་པ་དང་། དེ་ནས་ཧང་སངས་པའི་མིག་ཟུང་རེ་སྟོན་གྱིན་ལམ་སང་ཕྱིར་བསྡུས་ནས་སྒོ་དང་སྒེའུ་ཁུང་རྣམས་གཏན་པས། སྲང་ལམ་དུ་ཨིར་སྒྲ་གཅིག་འཇགས་གཉིས་ལངས་ཀྱིས་ཁྱབ།

མདུན་ངོས་ཤོལ་ལྕང་གི་སྡོང་པོ་དེ་ད་ཆ་སྡོང་རྒན་ཞིག་ཏུ་གྱུར་པ་དང་ལོ་མ་སྔོ་སིང་ངེར་འབུས་ཡོད་ཅིང་། རླུང་གི་གཡུག་ཕྱོགས་དང་བསྟུན་ནས་ཧྲག་ཧྲག་ཅེས་སྐད་གྲགས། འཇིགས་མེད་རྒྱ་མཚོས་རང་ཁྱིམ་གསར་དུ་བརྒྱབ་པ་མཐོང་ཞིང་། སྔོན་ཆད་ས་ཕག་གི་ཁང་པ་གཅིག་ཐོག་དེ་ད་ཆ་ཉིས་ཐོག་ཁྲ་མས་གང་བ་ཞིག་ཏུ་གྱུར་ལ། རྒྱལ་སྒོའི་ཐོག་བཙུགས་པའི་གཡག་གི་མགོ་རུས་དེ་ཁ་ཆར་བུ་ཡུག་དང་ཚ་ཟེར་རླུང་འཚུབ་ཀྱིས་བརྡུངས་ཏེ་སྐྱ་ཐག་གེར་གྱུར་པ་མཐོང་།

ཉིན་གཅིག་ནང་འགྱུར་ལྡོག་དེ་འདྲ་ཇི་ལྟར་བྱུང་བ་ཡིན་ནམ། ཉི་མ་དབང་འདུས་ནི་མགོ་བོ་སྐྱ་ཕྱེད་སྔོ་ཕྱེད་དུ་གྱུར་ཅིང་ལག་ལ་སྦ་འཁར་ཐོགས་པའི་རྒད་པོ་ཞིག་ཏུ་གྱུར་ཡོད་ལ། སྔོན་ཆད་ཀྱི་ཐོག་དཔངས་དམའ་བའི་ཤིང་སྒོ་ཅན་རྣམས་ཨར་འདམ་དང་རྣོ་ལྕགས་ལས་གྲུབ་པའི་ཉིས་ཐོག་ཤེལ་ཁྲ་ཅན་དུ་གྱུར་ཡོད་པས། འཇིགས་མེད་རྒྱ་མཚོ་ཡ་མཚན་ཅིག་ཅར་དུ་སྐྱེས།

ཕ་སྐྱིད་ལུས་ལགས་ཀྱིས་རང་ཉིད་སློབ་གྲྭར་འགྲོ་ཉིན་བཙུགས་གནང་བའི་ཤོལ་པོ་དེ་སྡོང་རྒན་ལ་གྱུར་ཡོད་པ་མཐོང་དུས་ཁོ་རང་དེ་བས་ཡ་མཚན་དང་དངངས་སྐྲག་ཅིག་ཅར་སྐྱེས།

རྒྱང་རིང་གི་གངས་རི་ཐོད་དཀར་རྒྱང་ཐག་ཇེ་རིང་དུ་གྱུར་པ་ལྟར་ཡོད་ཅིང་། མུ་མཐའ་མེད་པའི་ཞིང་ཐང་ཐོག་འགྱིག་ཤོག་གིས་བཏུམས་པའི་དྲོད་ཁང་ནར་མོ་སྟར་སྒྲིག་ཏུ་བརྒྱབ་ཡོད།

སྐབས་དེར་གྲོང་ཚོའི་སྣེ་མོ་ནས་བུད་མེད་གཉིས་ཀྱིས་གླེང་མོལ་བྱེད་ཀྱིན་ཚུར་ཡོང་བཞིན་ཡོད་ཅིང་། མིག་ངོ་ཆོད་མཚམས་ནས་འཇིགས་མེད་རྒྱ་མཚོ་མཐོང་བས་མ་གྲོས་གཅིག་མཐུན་ངང་དཔེ་བསགས་སོང་། ཤི་འདྲེ་ཞེས་ཕྱུ་པའི་སྒབ་གཞུག་ཡར་བསློགས་ཏེ་གསེག་ལམ་ཞིག་ནས་གྲོང་ཚོའི་རྒྱབ་ཏུ་བྲོས།

ང་དང་མཉམ་དུ་ཤི་འདྲེ་ཞིག་ཡོད་དམ་སྙམ་ནས་རང་གི་ལུས་དང་གྲིབ་མར་ལྟ་ཡག་བྱེད་དུས་ཅི་ཡང་མེད་པས་ཁོ་ཡང་དངངས་སྐྲག་སྐྱེས།

ཁོ་ཁྱིམ་གྱི་སྒོ་ཁར་སོང་ནས་སྒོ་རྡུང་མིན་ལ་ཐེ་ཚོམ་སྐྱེས། ཡུད་ཙམ་སོང་རྗེས་དཔའ་བསྐྱེད་ནས་བརྡུངས་པས་སྒོ་ཕྱེ་མཁན་ནི་ངོ་མི་ཤེས་པའི་བུད་མེད་ཅིག་ཡིན། ཁོ་རང་མཐོང་མ་ཐག་ཨ་མིད་ཅེས་དངངས་སྐད་ཤོར་ཞིང་སྒོ་ཤུགས་ཀྱིས་ཁྲོག་སྒྲ་དང་བཅས་གཏན། དེ་མ་ཐག་ཤི་འདྲེ་སླེབས་འདུག་ཅེས་པའི་འདར་སྐད་ཅིག་དང་བསྟུན་གོམ་ལག་བྲེལ་པོས་ནང་སྒོར་འཛུལ་བའི་སྒྲ་དྲག་པོ་ཞིག་ཐོས།

དགོང་མོ་དེར། ཁོ་གྲོང་སྣེའི་ཁང་གོག་ཅིག་ཡོད་པ་དེའི་ནང་བསྡད། སྲོད་ཚུགས་པ་དང་སྨག་ནག་པའི་མཚན་མོའི་ཡོལ་བས་ཁོ་རང་ཡང་དངངས་འདར་ཤོར། ཁོ་ག་ལེར་ཡར་ལངས་པ་དང་ལོང་ལ་འབྱར་བའི་ཕོ་བའི་སྐད་སྒྲར་མ་བཟོད་པར་ཁུག་མ་ལས་ལྕགས་རྡོག་དེ་བཏོན་ནས་ཟ་ཁུལ་བྱས་པས། ངོ་མ་སོ་ཐེབས་ཏེ་ཁམ་གང་སླེབས་ཤིང་། དེ་ཉིད་འབོལ་སོབ་སོབ་ངང་ཡས་སོ་དང་མས་སོའི་དབར་གཞིབ་མགོ་ཚུགས་ལ། སྐྱུར་ལྷང་ལྷང་གི་བྲོ་བ་ཞིག་ལྕེའི་རེག་བྱས་ཚོར། དེ་མ་ཐག་འཇིགས་མེད་རྒྱ་མཚོའི་ལུས་ཡོངས་ཡར་བཀྱགས་ཡོང་བའི་ཚོར་སྣང་ཞིག་བྱུང་ཞིང་། མདུན་དུ་གོམ་པ་སྤོ་དུས་སྨི་ལྔ་དྲུག་ཙམ་གྱི་སར་གོམ་གང་གིས་གཞལ་འགྲོ་ལ། དེའུ་འབུར་དང་གྱང་ཐོར་འཛེགས་དུས་ཀྱང་འཁེན་ཐོགས་ཅི་ཡང་མེད།

ཁོས་ཡ་མཚན་ངང་ཁྱིམ་ཚང་ཞིག་གི་ཐོག་ཁར་འཛེགས་ནས་དུ་ཁུང་ལས་ཁོང་ཚོའི་གཏམ་གླེང་ལ་ཉན་གྱིན་བསྡད།

ཕྲུ་གུ་དེ་གྲོངས་ནས་ལོ་སུམ་ཅུ་ལྷག་སོང་བ་མིན་ནམ། དེ་རིང་ངས་དངོས་སུ་མཐོང་བྱུང་། ཐ་ན་གྱོན་གོས་ཀྱང་བརླག་སྐབས་དང་གཅིག་རྐྱང་རེད།

གར་སོང་ཆ་མེད་གྱུར་ནས་ལོ་དེ་དག་སོང་བས་སྐྱེ་གནས་འཕོས་ཚར་ངེས།

དངོས་གནས་མཐོང་བྱུང་། སྔོན་ཆད་ཁོང་ཚོའི་ཁྱིམ་ཚང་ཡོད་ས་དེར་སླེབས་འདུག

ཆག་སྒོ་གཡོས་པ་རེད།

ངས་དངོས་གནས་མཐོང་བྱུང་། སྐུ་མཁྱེན། དེ་ལས་སྒྲོལ་མ་ཚར་རེ་ཐོན་དང་།

སྐད་ཆ་དེ་དག་གོ་བ་དང་། འཇིགས་མེད་རྒྱ་མཚོའི་མིག་མཐའ་མཆི་མས་བརླན་ཞིང་། ཕ་མ་གཉིས་ཀྱི་བཞིན་རས་མིག་མདུན་དུ་འཁོར་ལ་འཕུར་གྲུ་དེ་ལའང་ཁོང་ཁྲོ་ལངས།

གལ་ཏེ་འཕུར་གྲུ་དེར་ཐུག་མེད་ཚེ། ཁོ་ཕ་མ་གཉིས་དང་མཉམ་དུ་བསྡད་ཆོག་ལ། ཞབས་ཕྱིའང་གང་ཐུབ་ཞུས་ཆོག ཡིན་རུང་ད་ནི་ཡོད་ཚད་ཚར་ཟིན། ཁོས་སླར་ཡང་འཕུར་གྲུའི་ནང་གི་བཟའ་མི་གསུམ་པོའི་ངོ་གདོང་དང་འཁོས་ཀ་དྲན་དུས་དེ་འདྲའི་སྐྱོ་སྡུག་གི་འཚོ་བ་ཞིག་སྐྱེལ་མི་དགོས་པས་སེམས་ལ་དགའ་བ་ཏིལ་ཙམ་སྐྱེས།

5

གྱང་གོག་གི་རྩིག་ཁུག་ཏུ་འཇིགས་མེད་རྒྱ་མཚོ་གཉིད་སིལ་སིལ་ལས་སད། ཁོས་རྩབ་ཧྲལ་དུ་གྱུར་པའི་གོས་ཐུང་གི་ཁུག་མ་ནས་ཆེ་ཆུང་མཐེ་བོང་ཙམ་ལྷག་པའི་ལྕགས་ཀྱི་ཟས་རྡོག་དེ་ཕྱིར་བཏོན་པ་དང་། དེ་གཉིས་དུམ་བུ་གཉིས་ལ་བགོས་ནས་དུམ་བུ་གཅིག་ཁ་ལ་བཅུག

གངས་རི་ཐོད་དཀར་མའི་དབུ་རྩེར་སྤྲིན་པའི་དབུ་ཞྭ་བཞེས་ཡོད་ལ། མུ་མེད་ཞིང་ཐང་དུ་ནས་ཞིང་གི་མགོ་བོ་དུད་དུད་བྱེད། ཞིང་ཐང་དབུས་སུ་དྭངས་ཁྲུམ་ཁྲུམ་གྱི་ཆུ་བོ་ཞིག་དལ་གྱིས་འབབ་ཅིང་། ཆུ་བོའི་འགྲམ་ངོགས་སུ་ལྭ་བ་ཕུད་དེ་ཆུ་རྩེད་ལ་རོལ་བའི་བྱིས་པ་གཅེར་བུ་འགའ་མཐོང་། འཇིགས་མེད་རྒྱ་མཚོས་འཕུར་གྲུར་མ་འཛུལ་གོང་གི་ཉིན་མོ་ཞིག་ཡིད་ལ་དྲན།

ཁོའི་སེམས་སུ་གྲོང་ཚོའི་སུམ་མདོར་འགྲོ་བསམ་པ་དང་གོམ་གང་གཞལ་མ་ཐག་ཏུ་སྲང་མདོར་འབྱོར། མཚན་གང་སྦི་རག་ལ་མགོ་འཁོར་བའི་གཞོན་པ་འགའ་སྐྲོ་ཀྱིད་ནད་མ་ཁང་ཞེས་སྒོ་བྱང་བཀལ་བའི་ཁང་པ་ཞིག་ནས་ཁྱོར་སིག་སིག་ངང་ཐོན་པ་དང་། སྒོ་ཁར་གྲལ་བསྒྲིགས་ནས་བཞག་པའི་མན་པའོ་རླངས་འཁོར་ཆུང་བ་རེ་རེའི་ནང་འཛུལ་རྗེས་ཨར་འདམ་གཞུང་ལམ་ཐོག་བང་མགྱོགས་ཤོས་ཀྱིས་སོང་། གཞུག་ཏུ་ཡོད་པའི་གཞོན་པ་ཞིག་གིས་ང་ཚོས་ཤི་འདྲེ་བྱིས་པ་དེ་ཐོང་ཤའོ(通宵)བསྒུགས་རུང་ཡོང་མཁན་མི་འདུག གལ་ཏེ་བྱིས་པ་དེས་གནོད་ཟེར་ན་ངས་སྐེ་མེད་པར་གོམ་པ་དགུ་རྒྱག་རྒྱུ་མའེ་ཝེན་ཐི(没问题)ཟེར་བཞིན་སྦག་སྦག་ཅིག་ལ་བཞོན་པ་དང་། མན་པའོ་རླངས་འཁོར་སོང་ཤུལ་གྱི་ཐལ་རྡུལ་ཁྲོད་འུར་སྒྲ་དང་བཅས་བཞུད་པས། འཇིགས་མེད་རྒྱ་མཚོ་ཁོང་དགོད་ཤོར་ནས་སྐབས་ཤིག་རིང་ལུས།

དུད་པ་གཏོང་མཁན་གྱི་སྒོ་མི་རེ་ཧྲུའུ་ཚལ(蔬菜)འདེབས་པར་ཤོག་ཅིག ཉིན་གླ་སྒོར་བརྒྱ་ཡིན་འདུག ཉི་མ་རི་རྩེར་ཤར་དུས་ལཱ་པཱ(喇叭)ནས་ཚོན་ཀྲང་གི་འགག་སྐད་ཁྲོག་ཁྲོག་ངང་དེ་ལྟར་བརྡ་ཐོ་བཏང་།

ཡུད་ཙམ་དུ་གྲོང་ཚོའི་སྲང་མདོར་མན་པའོ་རླངས་འཁོར་དང་འཁོར་གསུམ་སྦག་སྦག་གི་འུར་སྒྲས་ཁེངས་ལ། མི་ཚོས་ཉོབ་མདངས་ངང་རེ་འགས་སྦྱག་མ་དང་རེ་འགས་འཇོར་རེ་འདྲུད་མ་བཀྱག་གིས་འཛོམས།

རྩམ་པ་རྒྱ་མ་རེར་ཟླ་གོང་མ་ལས་ཡང་སྒོར་གཉིས་འཕར་འདུག

དེ་ལས་འབྲས་བཟས་པས་དགའ་ཡོང་།

རྩམ་པ་རང་ཡོང་། ཤི་འདྲེ་དེ་ཐག་མ་ཆོད་ན་ང་ཚོའི་གྲོང་ཚོར་བྱུར་གྱི་སྣ་དྲངས་ཡོང་།

མི་ཚོས་དེ་ལྟར་གཏམ་གླེང་བྱེད་ཀྱིན་ཡོད་ལ། འཇིགས་མེད་རྒྱ་མཚོ་ཁོང་ཚོའི་འགྲམ་དུ་སོང་རུང་ཁོང་ཚོས་མིག་གིས་མཐོང་མི་ཐུབ། ལག་པས་ཁོང་ཚོར་ཐུག་དུས་ཐོགས་རེག་ཅི་ཡང་མེད་པའི་ངང་ཁོང་ཚོའི་ཁོག་ནང་འཛུལ་ཐུབ།

སྐབས་དེར། བུད་མེད་ཅིག་གིས་ཧོབ་སྟེ་འཇིགས་མེད་རྒྱ་མཚོ་ཡོད་སའི་ཕྱོགས་སུ་བལྟས་ནས། ཤི་འདྲེ་འདུག་ཅེས་ཟེར་བས་དེར་འདུས་པའི་མི་ཚང་མ་ཧང་སངས་ཏེ། མ་གྲོས་གཅིག་མཐུན་ངང་གང་ན་འདུག འདྲེ་མཐོང་བ་ཨེ་རེད་ཅེས་ཟེར།

འཇིགས་མེད་རྒྱ་མཚོས་གང་མགྱོགས་གོམ་གང་སྤོས་པས་གངས་རི་ཐོད་དཀར་མའི་དབུ་རྩེར་སླེབས། ཕ་ཡུལ་ལག་མཐིལ་དུ་བཞག་པ་ལྟར་སྣང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།