ཀྲུང་གོ་བོད་ཀྱི་དྲ་བ།

གཅིག་ལ་གཅིག་བརྟེན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : གཡུ་སྒྲོན།   སྤེལ་དུས། : 2020-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨ་ཁུ་ཚེ་ལོས་ཨ་ཁུ་སྨན་པ། ཨ་ཁུ་སྨན་པ་ཞེས་སྐད་ཅོར་རྒྱག་བཞིན་སྨན་ཁང་དུ་ཐོན་པ་ན་སྨན་པ་འཚབ་འཚུབ་ངང་ཡར་ལངས་ཏེ། ཨ་ཁུ་ཚེ་ལོ་ཅི་རེད་ཅེས་དྲིས། ཨ་ཁུ་ཚེ་ལོས་ངའི་ཚ་བོའི་གྲོད་པ་བཤལ་ནས་ཉིན་འགའ་ཤས་འགོར་སོང་ཞེས་བཤད། སྐབས་དེར་སྒོ་ཕྱི་ནས་གསར་བུ་ཞིག་གིས་སྨན་པ་སྨན་པ་ཟེར་བཞིན་རྒྱུག་མ་འདུར་གྱིས་སླེབས་ཡོང་ལ། ཕར་བལྟས་ན་འཚུབ་ཆ་ཆེན་པོ་ལངས་འདུག་པ་འདྲ། སྨན་པས།ཡ། མ་འཚུབ། ཅི་བྱུང་སོང་ཞེས་དྲིས་པ་ན། གསར་བུ་དེས་ངའི་བུ་ཆུང་གི་ཁོག་པ་གཟེར་ནས་ད་བར་དུ་མཚམས་འཇོག་པར་མི་བྱེད་ཅེས་བརྗོད་མ་ཐག ཐག་ཐག་ཐག ཐག་ཐག་ཐག་ཅེས་ཡང་སྒོ་བརྡུངས་བྱུང་།

སྨན་པ་ཅུང་ཡ་མཚན་པའི་ངང་ནས་ནང་དུ་ཤོག་ཅེས་བཤད་མ་ཐག ལོ་སུམ་ཅུ་ཡས་མས་ཀྱི་བུད་མེད་ཅིག་ནང་དུ་འཛུལ་ནས་ཡོང་། བུད་མེད་དེའི་མིག་ལ་མཆི་ཞགས་དང་འུ་ཐུག་ཐབས་ཟད་ཀྱི་རྣམ་འགྱུར་ཞིག་མངོན་བཞིན་སྨན་པའི་འགྲམ་ནས་ལངས་ཏེ། སྨན་པ་ལགས། ངའི་བུ་མོའི་ཕོ་ཁ་ན་ནས་ཟས་ཐུན་གཅིག་ཀྱང་ཟ་དཀའ་གི། ད་ཉིན་གཉིས་ལྷག་འགོར་སོང་ཞེས་བཤད།

སྨན་པས་འོ་ཡ་ཡ། གཅིག་གི་གྲོད་པ་བཤལ་གི། གཅིག་གི་ཁོག་པ་གཟེར་གི། གཅིག་གི་ཕོ་བ་ན་གི། རེད་རེད། ཅི་བྱུང་སོང་ནི་རེད་ཅེས་དྲིས་པ་ན། ཨ་ཁུ་ཚེ་ལོས་ཅི་བྱུང་སོང་བ་མི་ཤེས་མ་གཏོགས་ཞེས་ཚིག་རྔ་མིད་ཞོར་དུ་ལག་པ་གཡས་པ་རུམ་ལ་བཞག་ནས་བསྡད།

བུད་མེད་དེས་ཕལ་ཆེར་སྨན་དུག་ཡིན་ཁ་རེད། ངའི་བུ་མོའི་ཕོ་ཁ་ཐོག་མ་ནས་བཟང་རྒྱུ་མེད། ནམ་རྒྱུན་ཨ་ཕས་བསྡེབས་པའི་ལྷད་མེད་ཀྱི་རྩྭ་སྨན་དག་འཐུང་བ་ཡིན། འོན་ཀྱང་ཉིན་ཁ་ཤས་ཀྱི་སྔོན་ལ་སྨན་རྫས་རིལ་བུ་སྒོ་བསྟེན་ཁང་ནས་ཕོ་ཁའི་སྨན་ཞིག་བླངས་ཏེ་འཐུངས་པས་ཞེས་བཤད་མ་ཐག་འགྲམ་གྱི་གསར་བུ་དེ་ཡར་ལངས་ནས་ཅི་རེད་ཁྱོད་ཀྱིས་ངེད་སྨན་ཁང་གི་སྨན་རྫུན་མ་རེད་ཟེར་བ་ཡིན་ནམ་ཞེས་དྲིས། བུད་མེད་དེས་ཁ་མུར་མུར་དང་མིག་རིལ་རིལ་བྱེད་བཞིན་སྨན་པ་ལ་ཅེར་ནས་བསྡད།

སྐབས་དེར་ཨ་ཁུ་ཚེ་ལོས་ཕྲེང་བ་ལག་མགོར་དཀྲི་བཞིན་ཅུང་ཐེ་ཚོམ་ངང་ཡར་ལངས་ཏེ། དེ་འདྲ་ཟེར་ན་ངའི་ཚ་བོས་ཀྱང་ཡར་སྔོན་ལ་དག་གཙང་ཟ་ཁང་ནང་ནས་ཟ་མ་ཟོས་པ་དེར་ཁག་བཞག་ནས་བཤལ་རྒྱུ་མཚམས་མ་བཞག་པ་ཞེས་བཤད་པ་ན། བུད་མེད་དེ་གློ་བུར་དུ་ཡར་ལངས་ཏེ་ངོ་མདངས་དམར་པོར་འགྱུར་བཞིན། ཨ་ཁུ་ཚེ་ལོ་ལ་ཡ་ཆུང་སེམས་ན་རྟ་མེད་ན། ཕུ་རུང་ནང་དུ་སྲབ་མ་འཛིན། ཁྱོད་ཀྱིས་དེ་ལྟར་ངེད་ཟ་ཁང་རེད་ཅེས་ཁྱོད་ལ་བདེན་དཔང་ཡོད་དམ་ཟེར་བ་ན། སྨན་པས་ད་ཆོག་གི་ཆོག་གི། ཁྱོད་གཉིས་མར་སྡོད། དོན་ཞི་བས་ཐག་གཅོད་པ་ལས། ཁྲོས་ཐོག་ནས་བཤད་དཀའ་ཟེར་བ་ན། བུད་མེད་དེ་ཅུང་དོགས་མི་བདེ་བའི་ངང་ནས་མགོ་བོ་མར་སྒུར་བཞིན་ལག་པ་གཡས་པས་ལག་པ་གཡོན་པའི་མཐེ་མོང་གི་སེན་མོ་བྲད་ནས་བསྡད།

སྨན་པས་གསར་བུ་ལ་འོ་ན་ཁྱོད་ཀྱི་བུ་ཆུང་གིས་ཅི་ཞིག་ཟོས་པ་ཡིན་ནམ་ཞེས་དྲིས་པ་ན། གསར་བུ་དེས་སྨན་པ་ལ་བཤད་རྒྱུར་ལྷད་མེད་སིལ་ཏོག་ཚོང་ཁང་ནས་སིལ་ཏོག་ཟོས་པས་ཡིན་ཁོ་ཐག་རེད། དེ་མ་གཏོགས་ཞེས་བཤད་རྔ་མ་རྫོགས་པར་རྒད་པོ་ཚེ་ལོས་སྔོན་ཏག་ཏག་གི་རྩོད་པའི་ཁར་ཡང་བསྐྱར་རང་ཉིད་ཀྱི་སིལ་ཏོག་ཁང་ལ་སྐྱོན་ཡོད་པ་གླེང་མ་ཐག་ཞེ་སྤོ་གཏིང་ནས་ལངས་ཏེ། ང་བྲག་དམར་པོ་བརྒལ་གྱིན་བརྒལ་གྱིན་ཡོང་། ཁྱོད་འདྲ་བ་འགྲན་གི་འགྲན་གི་ཡོང་བ་ཡིན། ད་གསར་བུ་ཁྱོད་ཁ་ཁ་རོག་གེར་སྡོད་དང་ཁ་མཆུ་མེད། མགོ་ལག་པས་སྐྱོར་དང་རྒྱག་ནི་མེད་ཟེར་བ་ན། གསར་བུ་དེས་ཡང་ཐོད་པ་ནས་རྩ་མདུད་རྒྱག་བཞིན་ཁོང་ཁྲོ་གཏིང་ནས་ལངས་ཏེ། ཁྱོད་དགོང་ཨ་སྔོན་མ་དགའ་ཐེད་སོང་རུང་། འབྲུག་ཕོ་ཆུང་ལྷུང་ནས་ཤི་སོང་རུང་། ངས་བཤད་རྒྱུ་ཡིན། རང་ཁ་རང་ལ་ཐོགས་ཡོད། སིལ་ཏོག་ནགས་ལ་ཐོགས་ཡོད། དེའི་མི་ཚད་ངའི་བུ་ཆུང་གི་ཁོག་པ་གཟེར་ནས་སྨན་པར་བསྟེན་པའི་སྒོར་མོ་ཡོད་ཚད་ཀྱི་སྐྱིན་ཚབ་ཁྱོད་ཀྱིས་སྤྲད་དགོས་ཞེས་བཤད་པ་ན། ཨ་ཁུ་ཚེ་ལོས་རང་ཁ་གསེར་གྱི་སྒོ་མོ། རང་སྲོག་གཅོད་ཀི་སྟ་རེ་ཟེར་བ་རེད། གསར་བུ་ད་ཁྱོད་ཀྱིས་ང་འདུག་གི་མ་བཅུག་ནི་རེད་ཟེར་བཞིན་རུམ་ནས་ལྕགས་སྐོར་བླངས་ཏེ་གསར་བུ་དེའི་ཕྱོགས་སུ་བརྒྱུགས་པ་ན། སྨན་པས་སྐད་མཐོན་པོས་ད་ཆོག་གི། ཁྱོད་ལ་རང་གི་ཚ་བོའི་མི་ཚད་ད་དུང་ནད་པ་ཞིག་དགོས་འདོད་པ་མིན་ན་མ་ཟེར་བཞིན་ཡུད་ཙམ་ཞིག་ལ་ལག་པ་གཉིས་ཀྱིས་མགོ་བོ་བསྐྱོར་ནས་བསྡད།

བུད་མེད་དེས་གསར་བུ་དེ་ལ་ཁྱོད་ཀྱིས་སྨན་གྱི་ནང་ལ་ཅི་ཞིག་བཏབ་སོང་། ངའི་བུ་མོའི་ཁོག་པ་མ་དྲག་ན་ངས་ཁྱོད་གཏུགས་རྒྱུ་ཡིན་ཞེས་བཤད། ཨ་ཁུ་ཚེ་ལོ་ཡང་གློ་བུར་དུ་གཉིད་ལས་སད་པ་བཞིན། རེད། ཟ་ཁང་དེ་ཁྱེད་ཚང་གི་རེད། ངའི་ཚ་བོའི་ཁོག་པ་ཟེར་སྐབས་བུད་མེད་དེས་ཁ་ཕྲོགས་ནས། ཅི་རེད་ཁྱོད་ཀྱིས་ཡང་གཏུགས་ན་འདོད་དམ། བྱ་རྒོད་པོ་ལ་ཅི་ཞིག་ཚང་བ། ང་བྱིའུ་བྱ་མ་ལ་ཡང་དེ་བཞིན་ཚང་། ཟ་ཁང་ཆེན་པོ་ཚོས་ཟ་མ་ཇི་ལྟར་བསྐོལ་ན་ངས་ཀྱང་དེ་ལྟར་སྐོལ་བཞིན་ཡོད། ཁྱོད་རང་ལ་ནུས་པ་ཡོད་ན་གཏུགས་པར་སོང་། ཟ་ཁང་ཚང་མ་གཏུགས་པར་སོང་། ངས་ཁྱོད་ཀྱིས་གཏམ་བཟང་ལ་བསྒུགས་ནས་འདུག་ཟེར། སྨན་པས་རེད་རེད་རྩོད་པ་མ་རྒྱག སྔོན་ལ་ནད་ཐག་གཅོད་བྱེད། དེ་ནས་ད་འབྱུང་རྐྱེན་དང་གྱོད་ཀྱི་གཞི་མ་བཙལ་ཟེར་བཞིན། ཨ་ཁུ་ཚེ་ལོ་དོན་ངོ་མར་ཁྱོད་ཀྱི་སིལ་ཏོག་ནང་རྫས་བཏབ་ཡོད་དམ་ཞེས་དྲིས་པ་ན། ཚེ་ལོ་ཅུང་འཚུབ་པ་དང་བཅས་བཤད་རྒྱུར། དུས་རྒྱུན་དང་འདྲ་བར་རྫས་ཅུང་ཙམ་མ་གཏོགས་བསྲེས་མེད་ཟེར་བཞིན་ཕྲེང་བ་དེ་ཕྲེང་ཐག་ནས་ཕར་འདེད་ཚུར་འདེད་བྱེད་བཞིན་བསྡད། སྨན་པས་འོ་རེད་རེད། གསར་བུ་ཁྱོད་ཀྱི་སྒོ་བསྟེན་ཁང་ཟེར་བ་ན། གསར་བུ་དེ་ཅུང་དོགས་མི་བདེ་བའི་ངང་ནས། སྨན་ཚང་མ་རྒྱུན་ལྡན་ལྟར་ཡིན། རེད་དེ་ངེད་ཚང་གི་ཡང་དེ་ལ་བརྟེན་ནས་ཁ་གསོ་ཐབས་དང་རྒྱབ་དྲོ་ཐབས་བྱེད་ཀྱིན་ཡོད་པས། རྫས་ཅུང་ཙམ་ཡང་མ་བསྲེས་པར་ནད་པ་ཚང་མ་ནད་ལས་ཐར་ན་ངེད་སྒོ་བསྟེན་ཁང་ཟེར་དུས། བུད་མེད་དེས་ཅི་རེད། གྱོང་གུད་ཐེབས་རྒྱུ་རེད་འདོད་དམ། དེས་ན་བྱིན་རྟེན་སྒོ་བསྟེན་ཁང་ཟེར་བ་ལས་རྫུན་རྟེན་སྒོ་བསྟེན་ཁང་ཟེར་ན་དོན་དང་མི་མཐུན་ནམ་ཟེར་བཞིན་ཧ་ཅང་མི་དགའ་བའི་རྣམ་འགྱུར་སྟོན་བཞིན་གསར་བུ་དེ་ལ་བལྟས་ནས་བསྡད། སྨན་པས་བུད་མེད་དེ་ལ་ཟུར་མིག་གིས་ལྟ་ཞོར་དུ། དེ་ལ་ཁྱོད་ཀྱི་ཟ་ཁང་ཅི་འདྲ་ཡིན་ཞེས་དྲིས་པ་ན། བུད་མེད་དེས་གཅིག་འདྲ་རེད། གལ་ཏེ་སྙིགས་སྣུམ་སོགས་མ་བཀོལ་ན་མ་རྩ་མི་ལོན་ལ། བྲོ་བ་ཡང་དེ་འདྲ་མི་ལྡན་པས་ཟེར་བ་ན་ཨ་ཁུ་ཚེ་ལོས་དེའི་རྐྱེན་གྱིས་ད་ཁྱོད་ཀྱིས་ངའི་ཚ་བོ་ལ་སྙིགས་རོ་བླུད་པ་ཡིན་ནམ་ཞེས་ལྡོག་འདྲི་བྱེད་སྐབས། བུད་མེད་དེས་ཡང་ཕྱིར་ཨ་ཁུ་ཚེ་ལོ་ལ། ཁྱོད་ཚང་གི་གཡག་གི་ཆུ་འཐུང་འདོད་པ་མ་གཏོགས་ངས་མགོ་ནས་མནན་ནས་འཐུང་དུ་བཅུག་པ་མིན། སྙིགས་རོ་ཟེར་ནས་ཞེས་ཚིག་རྔ་བསྐྱར་བཟློས་ཤིག་བྱེད་བཞིན་བསྡད།

སྨན་པས་ཤུ་རེ་ཁོ་ད་ཁྱོད་ཚོས་འདི་ཅི་ཞིག་རེད་ཡ་ཟེར་བཞིན་ཞེ་རྨོངས་ནས་བསྡད་པ་ན། ཁོ་ཚོས་མ་གྲོས་རང་མཐུན་ངང་དེ་འདྲ་ཡིན་པ་ཡིད་ལ་ཡང་མ་ཤར་ཟེར།

སྨན་པས། འཇིག་རྟེན་ཆུང་ཆུང་རེད། ལས་དབང་འདི། ལས་དབང་འདི་ཟེར་བཞིན། བསམ་ནག་མི་ལ་བྱས་ན། རྒྱུ་འབྲས་རང་ལ་འཁོར་ནི་རེད་ཡ་ཟེར་བཞིན་ཡིད་ཆད་པའི་མིག་མདངས་ཀྱིས་ཁོ་ཚོར་ཅེར་ནས་བསྡད།

ཨ་ཁུ་ཚེ་ལོས་ད་ང་རྒས་སོང་། ཚོང་འདི་ལ་བརྟེན་ནས་ཁང་པ་ཞིག་ཉོ་ཐབས་བྱེད་དགོས་པས་དེ་ལྟར་མི་བྱེད་ཐབས་མེད་ཟེར།

གསར་བུ་དེས་ང་ལ་སྒོ་བསྟེན་ཁང་འདི་ལས་གཞན་པའི་འཚོ་རྟེན་མེད། དེ་བས་ཟེར་བཞིན་ཞེ་ཧ་ཅང་སྡུག་པའི་ངང་ནས་བསྡད།

བུད་མེད་དེས་ངེད་མ་སྨད་གཉིས་ཀྱིས་འདི་འདྲའི་ཐབས་ལ་བརྟེན་ནས་སྒོར་མོ་རེ་མ་བཙལ་ན། རྗེས་ཕྱོགས་ཀྱི་འཚོ་བ་དང་བུ་མོའི་སློབ་རིན་ཇི་ལྟར་བཙལ་ཟེར།

སྨན་པས་བཟུང་ན་ལག་པ་ཚ། བཏང་ན་རྫ་མ་ཆག་ཟེར་བ་དེ་ཁྱོད་ཚོ་རེད། ཡ་ད་གཏུགས་པར་སོང་ཡ། ཁྲིམས་ཁང་དུ་ཁྱོད་ཚོར་དགོས་པའི་སྨན་ཡོད་ནི་རེད་ཅེས་བཤད་པ་ན་ཁོ་ཚོས་ཕན་ཚུན་ལ་ལྟ་བཞིན་འདུག་པ་ལས་འགྲོ་ཟེར་མཁན་གཅིག་ཀྱང་མེད།

སེམས་པ་བཟང་ན་ས་དང་ལམ་ཡང་བཟང་། །

བསམ་པ་ངན་ན་ས་དང་ལམ་ཡང་ངན། །

ཐམས་ཅད་བསམ་པ་དག་ལ་རག་ལས་པས། །

རྟག་ཏུ་བསམ་པ་བཟང་ལ་འབད་པ་གྱིས། །

ད་དུང་ང་ཚོ་ཚང་མ་གཅིག་ལ་གཅིག་བརྟེན་ཡིན། ང་དང་བྲལ་བའི་ཁྱོད་མེད་ལ། ཁྱོད་དང་བྲལ་བའི་ང་ཡང་མེད། དེ་བས་ང་ཚོས་ངེས་པར་དུ་རང་གི་ཆེད་དུ། ཁྱིམ་མིའི་དོན་དུ། མདོར་ན་སེམས་ཀྱི་བདེ་བ་དེའི་སླད་དུ་གཞན་ཕན་ལྷག་བསམ་དྲོན་མོ་རིང་དུ་བསྐྱང་དགོས་ཡ་ཟེར་བཞིན་ནད་པའི་ཐོ་འགོད་བྱེད་སའི་སྨན་ཐོ་ཆུང་ཆུང་དེའི་སྟེང་འཁྱུག་བྲིས་ཀྱིས་སྨན་སྣ་ཁ་གསུམ་ཙམ་བྲིས་ནས་སོ་སོར་བྱིན་པ་ན། ཁོ་ཚོས་སེམས་ཀྱི་འདྲི་རྟགས་ཏེ་མིག་ལ་བཅོལ་ནས། མིག་གིས་ཡང་ཁ་ལ་བཅོལ་ནས་མཉམ་དུ་སྨན་པ་ལགས་སྨན་འདིར་རྫས་བསྲེས་ཡོད་དམ་མེད་ཅེས་དྲིས་པ་ན།

སྨན་པས་སྒེའུ་ཁུང་ཕྱི་རོལ་ཏུ་ལྟ་ཞོར་ཤུགས་རིང་ཞིག་འཐེན་ནས་བསྡད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།